2015/03/21

ཨ་མའི་བུ་མོ།

༼ལྕགས་སྒོང་རྡོ་སྒོང་།༽
༡ བལ་ཡུལ་བཙུན་དགོན།

ལོ་ཤས་སྔོན་བལ་ཡུལ་ཡང་ལེ་ཤོད་དུ་ཕྱི་རྒྱལ་སྦྱིན་བདག་གིས་བཞེངས་པའི་བཙུན་དགོན་ཞིག་ཏུ་ཚོགས་གྲོལ་ནས་བཙུན་མ་རྣམས་གླིང་ཀ་དང་སྒོ་ཁེབ་འོག་སོགས་སུ་སོ་སོའི་མཐུན་ཕྱོགས་གཉིས་གསུམ་རེ་འཛོམས་ནས་སྐད་ཆ་བཤད་པ་དང་རྩེ་མོ་རྩེ་བ་སོགས་བྱེད་བཞིན་མཆིས། དགོན་འདབས་གྱི་ལྗོན་ཤིང་ཆེན་པོ་དེའི་བསིལ་གྲིབ་འོག་ཏུ་ཇོ་རྒན་མ་ཚོན་པོ་ཞིག་གིས་རང་གི་དགེ་ཕྲུག་བཙུན་ཆུང་མ་ཡིད་དུ་འོང་བ་དེར་དགའ་འཛུམ་དམུལ་དམུལ་ངང་ཅི་ཞིག་བཤད་མི་ཚར་བར་བསྡད་འདུག ཚོགས་ཁང་ནང་ད་རུང་གསོལ་ཁ་ཞིག་འཚོགས་རྒྱུ་ཡོད་
པས་བོང་རིང་ལ་ཤ་སྐམ་པའི་བཙུན་མ་དར་མ་ཞིག་གིས་གསོལ་ཁའི་མཆོད་རྫས་འགའ་སྒྲིག་གཤོམ་བྱེད་ཀྱིན་པ་དེའི་མིང་ལ་ལྷ་མོ་ཟེར་ཞིང་ལོ་ཤས་སྔོན་བོད་ནས་གསར་དུ་འབྱོར་བ་ཞིག་རེད། གློ་བུར་དུ་མོའི་དྲན་ངོ་ན་ཁ་སང་ཕ་ཡུལ་ནས་འབྱོར་བའི་ཁ་པར་ནང་གི་སྐད་ཆ་དེ་དག་བསྐྱར་ཟློས་བྱས་བྱུང་། “ཝེའ། ཧ་ལོ། ཧཱུཾ་ནག་་ཚང་གི་ལྷ་མོ་ཡིན་ནམ། ཡིན། འོའའ་་་་ཁྱེད་ཚང་གི་ཨ་མའི་་་་་་་ཏུའུ་ཏུའུ་" མཚམས་དེར་ཁ་པར་ཆད་ནས་བསྐྱར་དུ་མཐུད་ཐུབ་མེད་པས་ལྷ་མོ་ལ་བཟོད་མི་ཤེས་པའི་སེམས་ཁུར་ཞིག་བྱུང་བ་གཏན་འཁེལ་རེད། མོ་སྔ་དགོང་མཚན་མོ་གཉིད་ཡག་པོ་མ་ཁུག་པ་འདྲ་བས་མིག་ཀྱང་དམར་པོ་ཆགས་འདུག སྐབས་དེར་མོས་“ངའི་ཨ་མ། དོན་ངོ་མར་ཨ་མ་ལ་ཅི་ཞིག་བྱུང་བ་ཡིན་ནམ། ཨ་པ་ཡོད་རྒྱུ་ན།” ཟེར་ནས་་གོ་ལ་མི་གོ་ལའི་ཆིག་ལབ་ཤབ་ཤུབ་འགའ་བརྒྱབ་པ་དང་ལག་རོགས་བཙུན་ཆུང་མ་དེས་ “ག་རེ་དགེན་ལགས།” ཟེར་བར་མོ་དོགས་ཅུང་མ་བདེ་བ་འདྲ་བས་ “ངས་ག་རེ་བྱས་སོང་། ཕར་ལས་ཀ་གྱིས།” ཟེར་ནས་སྐད་ཆ་ལས་གཡོལ། འོན་ཀྱང་བཙུན་ཆུང་མ་དེས་ “མ་རེད་དགེན་ལགས། ངས་ཟེར་ན། དགེན་ལགས་རང་གི་ནང་ལ་” མཚམས་དེར་ལྷ་མོས་ “མཆོད་གཤོམ་ཁྱོད་རང་གིས་སྒྲིག་གཞག་རོགས་གྱིས་དང་། ང་ལ་ལས་ཀ་ཞིག་ཡོད།” ཟེར་ནས་སྒོ་ཕྱིར་ཐོན་སོང་བས་སྐད་ཆ་བཤད་རྒྱུའི་སེམས་འདུན་མེད་པ་འདྲ། ཆུ་ཚོད་ཕྱེད་ཀྱི་རྗེས་སུ་ཚོགས་པ་འགོ་བཙུགས་ནས་འུར་དིར་དིར་འདུག་ཀྱང་བཙུན་མ་ལྷ་མོ་ཚོགས་གྲལ་དུ་མི་འདུག གང་དུ་སོང་བ་ཡིན་ནམ།
༢ ཤེས་རབ་དང་གླེང་མོལ།
ཉིན་ཤས་རྗེས་ངའི་གྲོགས་པོ་ཤེབ་རབ་ཁྲོམ་དུ་ཐུག་ནས་ངེད་གཉིས་ཇ་ཁང་དུ་ཕྱིན་དུས། ཁོས་ཇ་འཐུང་གིན་གློ་བུར་དུ་ “ཕ་མ་དེ་འདྲ་ཡིན་ན། ང་འདྲ་པོ་ཡིན་ན། མིག་མི་དགོས་ལྟག་ཁུང་གིས་ལྟ་ས་མ་རེད།” ཟེར་བའི་འགོ་མཇུག་མེད་པའི་སྐད་ཆ་ཞིག་གཡུགས་བྱུང་། ངས་ “ག་རེ་ཟེར། སུའི་ཕ་མ་” ཟེར་དྲིས་པར་ཁོས་ “འུམ། ཧཱུཾ་ནག་ལྷ་མོ་ཟེར་ཡིན།” ཟེར་བཞིན་སྲང་ལམ་མར་བལྟས་འདུག ངས་ “མོ་ཅི་རེད།” ལབ་ཞོར་ཁྲོམ་ལམ་དུ་མར་བལྟས་པས་ཧཱུཾ་ནག་ལྷ་མོ་སྲང་ལམ་ནས་བཙུན་མ་གཞན་ཞིག་དང་མཉམ་དུ་འགྲོ་བཞིན་འདུག ཁོས་ “ཁ་སང་མོ་ཨ་སུ་རའི་བྲག་ཕུག་ཏུ་བླ་རྒན་ཆོས་དར་སར་མོ་འདེབས་བློ་འདྲི་བྱ་བར་སླེབས་སོང་། ངས་སྐད་ཆ་ཉན་མེད། གང་ལྟར་མོ་རང་གི་ཨ་མའི་སྐོར་རེད།” ཟེར། མ་གཞི་ང་ཚོ་ཆུང་ནས་མཉམ་སུ་འཚར་ལོང་བྱུང་བ་རེད། ངས་ “ཁོ་རེ། མོ་ཆུང་ཆུང་ཡིན་དུས་ལྷམ་རྡོག་འགོ་མཁྲང་བ་ཞིག་གོན་པ་མཐོང་མ་མྱོང་གདའ།” ཟེེར་བར་ཁོས་ “ད་རུང་དབྱར་ཁ་ད་རྐང་རྗེན་མ་རང་ཡིན་དར། མ་གཞི་མི་མང་པོ་ཞིག་དེ་དུས་དེ་འདྲ་རེད། ཡིན་ནའང་ཁོང་ཚང་གི་བོ་གྲགས་མ་(ཁྱིམ་ཚང་གི་གཅེས་བཀུར་བྱེད་སའི་བུ་མོ་) ལ་དབྱར་ཁ་རྒྱ་ལྷམ་མགོ་ཁྲ་དང་དགུན་ཁ་བོད་ལྷམ་གསར་པ་བརྗེ་ནས་གོན་རྒྱུ་ཡོད་དར་” ཟེར། ངས་ “དེ་ཚོ་ད་ག་སེ་རེད། མོ་ལོ་བདུན་བརྒྱད་ཀྱི་སྐབས་ཤིག་ལ་ནོར་རྫིར་མངགས་ནས་ཁོང་ཚོའི་འབྲི་རྒན་མ་རྦབ་ལ་ཤོར། ཨ་མ་དང་བོ་གྲགས་གཉིས་ཀྱིས་རུབ་བརྒྱབ་ནས་འབྲིང་ལྕག་གིས་བརྡུངས་ཡག་བརྡུངས་ཏེ་ཁྱིམ་ནས་ཕུད། དེ་དུས་དགུན་ཁ་ཡིན་པ་འདྲ། མཚན་མོ་དེར་མོ་ཁྱི་ཚང་ནང་དུ་ཉལ་ནས་རྐང་ལག་ཕྱིད་སོང་ཡང་། ཕ་མ་དང་བོ་གྲགས་མ་དགོངས་པ་མ་དྭངས་ནས་ཁྱིམ་དུ་ཡོང་མ་བཅུག་པས་ཨ་ཞང་ཚང་གིས་ཞག་ཤས་ཉར་དགོས་བྱུང་རེད་ཟེར་གི་འདུག་ག ངས་དེ་ཚོ་གསལ་པོ་དྲན་གི་མི་འདུག” ཟེར་བཤད། ཁོང་“རེད་རེད། ངས་ཀྱང་གོ་མྱོང་། ཡིན་ནའང་ངས་གསལ་པོ་དྲན་པ་དེ་མོའི་ཕ་མས་རྒྱུན་དུ་གཟའ་རྒྱག་རྒྱུ་མ། གྲིབ་ཕོག་རྒྱུ་མ། ཁ་ཆེམས་ཞོག་རྫོས། ཁོག་པ་སྐྱོམས། ཚེ་ལ་ཁའི་ཉི་མ། ནད་ངན་གྱིས་ཤི་རྒྱུ་མ་སོགས་བོས་པ་དེ་དག་ངའི་རྣ་ལམ་ད་དུང་འཁོར་ཡོང་གི་འདུག ཕ་མ་དེ་ཚོ་ངོ་མ་མ་རབས་རེད་ཡ། དེ་ཚོ་བཤད་ན་སུས་ཡིད་ཆེས་རྒྱུ་རེད་ཨ། དེས་ཅི་ཚད། རྗེས་སུ་མོ་རང་གེར་ཆགས་བཙུན་དགོན་དུ་ཇོ་མོ་བྱེད་སྐབས་ཕ་མ་དང་བོ་གྲགས་མས་རྒྱགས་ཆས་ཀ་མ་བསྐུར་ནས་མོས་ངུ་མཆི་མས་ལམ་གཏོད་ནས་ལོག་འགྲོ་བ་རྒྱུན་ལྡན་ཡིན་པ་མི་ཚང་མས་ཤེས་གསལ་རེད་པ།” ཟེར། ངས་“རེད་རེད། མ་གཞི་མོ་གཅིག་པོ་ག་ལ་ཡིན། མོའི་མིང་པོ་གསུམ་ཡང་མོ་དང་གཅིག་པ་གཅིག་རྐྱང་ཡིན་རེད་པ། ཁོང་ཚོ་ལོ་ངོ་བཅུ་ཙམ་ནས་ཁྱིམ་དུ་གནས་མ་ཆགས་པར་གྲོང་ཚོ་གཞན་དུ་གཡོག་ལ་འགྲོ་དགོས་ཁེལ་སོང་བ།” ཟེར་བཤད་པར་ཁོས་བཞད་གད་དང་བཅས “ཁོང་ཚོ་ལ་གཅིན་འཛར་སྤུན་གསུམ་ཟེར་རེད་པ།” ཟེར། ངས་“དེ་ལ་ཅི་དགོད་ཡ་འདུག ཁོང་ཚོ་སྙིང་རྗེ།” ཟེར་བར་ཁོང་མུ་མཐུད་དེ་ “ཁོང་ཚོ་ཆུང་དུས་བོ་གྲགས་མ་དང་ཨ་མས་གཅེས་སྐྱོང་གནང་དྲགས་ནས་ཚང་མ་གྲང་གཞི་ནད་པ་ཆགས་ནས་གཅིན་ཚོགས་གི་ཡོད་མ་རེད། ཨཧའའ། རེད་དེ་དེང་སང་ཁོང་སྤུན་གསུམ་ཡང་ཁྱིམ་གཞིས་བཟུང་ཚར་ཡོད་པ།” ཟེར། ངས་ “ཡིན་པ་ཡོད།” ཟེར་ལན་བཏབ། ཁོས་ཡིད་མ་ཆེས་པའི་ཉམས་འགྱུར་ཞིག་བསྟན་ཏེ་ “དུད་ཚང་ཁ་ཤས་ལ་བཟའ་ལྷད་(ཁྱིམ་ཚང་ནང་གི་རྩི་ཐང་མེད་པའི་མི་) རེ་རེ་ཙམ་ཡོད་རྒྱུ་རེད་དེ་མིང་སྲིང་བཞི་ཐམ་པ་བཟའ་ལྷད་ཡོད་པ་ཁོང་ཚང་གཅིག་པོ་ཡིན་རྒྱུ་རེད་གདའ། དཀོན་མཆོག་གསུམ།” ཟེེར། ངས་ “དངོས་གནས་འདྲ་པོ་རེད་” ཅེས་ལན་བཏབ། ཁོས་སླར་ཡང་ “འོ་རེད་བླ་རྒན་གྱིས་གསུངས་ལུགས་ལ་བལྟས་ན་མོ་ཕ་ཡུལ་དུ་ལོག་འགྲོ་གི་ཡོད་ས་རེད།” ཟེར། ངས་ “ཨ་ལེ། ད་ཡིན་ན་བཤད་ཤེས་ས་མ་རེད། གཅིག་བྱས་ན་དྲིན་ཅན་ཕ་མ་རེད། གཅིག་བྱས་ན་སྡུག་སྦྱོང་མནར་གཅོད་གཏོང་མཁན་ངོ་མ་རེད། ང་ཚོས་ཐག་ཆོད་ས་མ་རེད། ཧེ་ཧེ། དེ་ལས་ང་གཉིས་ལོག་འགྲོ། ང་ལ་ལས་ཀ་ཡོད།” ཅེས་བཤད་དེ་རང་གནས་སུ་ལོགས་ཕྱིན་པ་ཡིན།

༣ ལྷ་མོ་ཕ་ཡུལ་དུ་འབྱོར་བ།
གོ་ཐོས་ལྟར་ན་ཟླ་བ་ཁ་ཤས་ཤིག་གི་རྗེས་སུ་ལྷ་མོ་བོད་དུ་འབྱོར་སྐབས་ཨ་མའི་རྐང་པ་གཉིས་ཆ་ཞ་རེངས་སུ་གྱུར་ནས་ཉལ་སར་ལྷུང་ཡང་མོའི་འཁྲིས་སུ་བུ་ཚ་རྒྱུད་སུ་ཡང་ལྷག་མེད། བོ་གྲགས་མ་ནི་གྲོང་ཚོ་གཞན་དུ་གནས་ལ་སོང་རྗེས་བཟའ་འཐོར་བྱུང་སྟེ་མོ་ཧྲང་གིས་འཚོ་བ་སྐྱེལ་བཞིན་ཡོད་པ་ལས་ཨ་མར་སེམས་ཁུར་མེད་པ་འདྲ། མིང་པོ་གསུམ་ནི་ཆུང་དུས་ཕ་མས་བྱམས་སྐྱོང་ཐོབ་པ་ཕར་ཞོག་བཀྲེས་ལྟོགས་ཀྱིས་འཚོ་བ་བསྐྱལ་དགོས་བྱུང་བའི་སྡུག་ཡུས་ཀྱིས་ཨ་མར་ལྟ་རྟོག་བྱེད་དུ་མ་འོངས། སྐབས་དེ་ལྟ་བུ་ཞིག་ལ་ཨ་མ་ལ་མཚོན་ན་ལྷ་མོ་ནང་དུ་ལོག་ཡོང་བ་ནི་དུས་ཐོག་ཏུ་བབས་པའི་ཆར་པ་དང་གཉིས་སུ་མཆིས་ཀྱང་ཡིད་ཕངས་བ་ཞིག་ལ་ལྷ་མོས་ད་རུང་ཨ་མའི་མིག་ཟུང་ལས་ཞེ་འགྱོད་ཀྱི་མིག་མདངས་སམ། དགའ་སྤྲོའི་འཛུམ་ཞལ་ཞིག་རྩ་ནས་ཐོབ་མ་མྱོང་། མཚམས་རེ་བོ་གྲགས་མའི་གནས་ཚུལ་ཐར་ཐོར་རེ་གླེང་འོང་།
འོན་ཀྱང་ལྷ་མོས་འདས་སོང་སྡུག་གི་ལོ་རྒྱུས་དང་ད་ལྟའི་ཨ་མའི་རྣམ་འགྱུར་ཡོད་ཚད་ལ་སེམས་འཛིན་མ་བྱས་པར་ཨ་མར་ནད་གཡོག་དང་བྱམས་སྐྱོང་བྱེད་ཀྱིན་འདུག་ཟེར། ཅི་འདྲའི་བུ་མོ་ཁོག་ཡང་དང་ཁྲེལ་གཞུང་ལྡན་པ་ཞིག་དང་འགན་ཁུར་ཁྱོག་པོ་ཞིག་རེད། ཀློག་མཁན་ལགས། གནའ་གཏམ་ཞིག་ཏུ་ “བྱ་གོ་བོས་སྒོ་ང་ཁ་ཤས་ལ་གསེར་སྒོང་དངུལ་སྒོང་ཟེར་ནས་བྲང་འོག་ཏུ་རུམ། སྒོ་ང་ཁ་ཤས་ལ་ལྕགས་སྒོང་རྡོ་སྒོང་ཟེར་ནས་མཇུག་མའི་འོག་རུམ་ཡང་། མཇུག་འབྲས་སུ་གསེར་སྒོང་དངུལ་སྒོང་དྲོད་ཆེ་དྲགས་པས་རུལ་ཞིང་ལྕགས་སྒོང་རྡོ་སྒོང་ལ་དྲོད་ཏག་ཏག་བྱུང་ནས་སྒོ་ང་སྨིན་ནས་བྱ་ཕྲུག་འབྱུང་།” ཟེར་བའི་ཁ་དཔེ་དེ་དོན་ལ་གནས་པ་ཞིག་རེད་ཨང་། ༼དངོས་བྱུང་།༽
༢༠༡༥-༣-༢༠ ལ་ཁྱུང་གིས་བྲིས།

2015/03/12

ནམ་ཡང་གསོན་ཐུབ་པའི་མེ་ཏོག

࿑ སིང་གྷ་པུར་གྱི་ཨ་མ་ཞིག་གི་སྐད་ཆ། “ང་རང་ཉིད་ཀྱི་བུ་དང་མ་ཐུག་ནས་མི་ལོ་བཅུ་ཕྲག་ལྷག་ཕྱིན་སོང་། ད་ཆ་བུ་གང་དུ་ཡོད་མིན་དང་བདེ་མིན་སོགས་ཀྱི་གནས་ཚུལ་གང་ཡང་གོ་རྒྱུ་མི་འདུག ད་ཚོད་ཕལ་ཆེར་ག་ཤེད་ཅིག་ཏུ་བུ་ཕྲུག་གསོ་སྐྱོང་བྱེད་ཀྱིན་བསྡད་ཡོད་རྒྱུ་རེད། ང་རང་ནི་ད་ལྟ་བཟོ་ལས་ཁང་ནས་ལས་མཚམས་བཞག་སྟེ་རྒན་གསོ་ཁང་དུ་སྡོད་ཀྱིན་ཡོད་ལ་ཞོར་དུ་ལས་ཀ་ཙག་ཙིག་གཉེར་བཞིན་ཡོད།” ཅེས་པའི་སྐད་ཆ་དེ་དག་རྒྱ་ཡུལ་མྱུལ་བའི་གྲྭ་པ་ཞིག་གི་རྣ་ལམ་དུ་སོན་པ་དང་གྲྭ་པ་དེས་གནམ་ས་གོ་ལྡོག་པ་ལྟ་བུའི་ཧ་ལས་པའི་རྣམ་འགྱུར་ཞིག་སྟོན་བཞིན། “ ཨ་མ་མ། དཀོན་མཆོག་གིས་གཟིགས། དེང་སང་དུས་ངན་ལ་ཕ་མའི་བཀའ་དྲིན་མི་ཤེས་མཁན་གྱི་བུ་རྒྱུད་དེ་འདྲ།” ཅེས་པ་ལ་སོགས་པས་སྡིག་སྨོད་ཀྱི་མེ་ཞིག་སྤར་འགོ་བརྩམས། འོན་ཀྱང་ཨ་མ་ནི་དེ་ལས་

གཡོ་ཟོལ་མེད་པའི་ཉེས་ཆད།

རྒྱ་ཡུལ་དུ་ཆོས་ཚོགས་བཙུགས་ཏེ་འགྲོ་དོན་རྒྱ་ཆེར་སྤེལ་མཁན་བླ་མ་ཉི་ཤར་འབྲུག་གྲགས་རིན་པོ་ལགས་ཀྱིས་རྒྱུན་པར་ཆོས་ཕྱོགས་དང་འབྲེལ་བའི་ལས་གཞི་སྣ་ཚོགས་ཤིག་བསྒྲུབ་ཆེད་ཉིན་མོ་མི་དང་མཚན་མོ་འདྲེ་གནང་སྟེ་འགྲོ་དོན་ལ་འཐུས་ཤོར་བཏང་མ་མྱོང་ཟེར། 
སྐབས་ཞིག་ཁོང་གིས་རྒྱ་རིགས་སློབ་མ་ཚོ་བསྡུས་ཏེ་སྐུ་གསུང་ཐུགས་རྟེན་བཞེངས་བའི་ཕན་ཡོན་མངར་མོ་ཞིག་ཁྱབ་བསྒྲགས་གནང་བ་དང་། དད་པ་དང་འདོད་པ་དབྱེར་མི་ཕྱེད་པའི་མ་སྲུ་གཙོ་བོར་གྱུར་པའི་སློབ་མའི་ཚོགས་ཀྱིས་གུ་རུ་མཚན་བརྒྱད་དང་། མར་མི་དྭགས་གསུམ། རྗེ་ཡབ་སྲས་གསུམ་སོགས་རིས་མེད་ཐང་ག་མང་པོ་བཞེངས་རྒྱུར་ཁས་བླངས། དེང་སང་སྤྱི་ཆོགས་ནང་རིས་མེད་བྲིན་ཆེ་བས་ལོས་ཡིན། བླ་མས་དེ་འཕྲལ་ཉིད་དུ་ཕ་ཡུལ་ནས་རི་མོ་འཁྱར་འཁྱོར་འབྲི་ཤེས་མཁན་ཁག་གཅིག་རྒྱ་ཡུལ་ན་བཀུག་སྟེ་རི་མོ་འབྲི་རུ་བཅུག