2015/03/12

ནམ་ཡང་གསོན་ཐུབ་པའི་མེ་ཏོག

࿑ སིང་གྷ་པུར་གྱི་ཨ་མ་ཞིག་གི་སྐད་ཆ། “ང་རང་ཉིད་ཀྱི་བུ་དང་མ་ཐུག་ནས་མི་ལོ་བཅུ་ཕྲག་ལྷག་ཕྱིན་སོང་། ད་ཆ་བུ་གང་དུ་ཡོད་མིན་དང་བདེ་མིན་སོགས་ཀྱི་གནས་ཚུལ་གང་ཡང་གོ་རྒྱུ་མི་འདུག ད་ཚོད་ཕལ་ཆེར་ག་ཤེད་ཅིག་ཏུ་བུ་ཕྲུག་གསོ་སྐྱོང་བྱེད་ཀྱིན་བསྡད་ཡོད་རྒྱུ་རེད། ང་རང་ནི་ད་ལྟ་བཟོ་ལས་ཁང་ནས་ལས་མཚམས་བཞག་སྟེ་རྒན་གསོ་ཁང་དུ་སྡོད་ཀྱིན་ཡོད་ལ་ཞོར་དུ་ལས་ཀ་ཙག་ཙིག་གཉེར་བཞིན་ཡོད།” ཅེས་པའི་སྐད་ཆ་དེ་དག་རྒྱ་ཡུལ་མྱུལ་བའི་གྲྭ་པ་ཞིག་གི་རྣ་ལམ་དུ་སོན་པ་དང་གྲྭ་པ་དེས་གནམ་ས་གོ་ལྡོག་པ་ལྟ་བུའི་ཧ་ལས་པའི་རྣམ་འགྱུར་ཞིག་སྟོན་བཞིན། “ ཨ་མ་མ། དཀོན་མཆོག་གིས་གཟིགས། དེང་སང་དུས་ངན་ལ་ཕ་མའི་བཀའ་དྲིན་མི་ཤེས་མཁན་གྱི་བུ་རྒྱུད་དེ་འདྲ།” ཅེས་པ་ལ་སོགས་པས་སྡིག་སྨོད་ཀྱི་མེ་ཞིག་སྤར་འགོ་བརྩམས། འོན་ཀྱང་ཨ་མ་ནི་དེ་ལས་
ལྡོག་སྟེ་ལྷོད་ཅིང་འཇམ་པའི་ཉམས་ཞིག་མངོན་བཞིན་ “གལ་ཡོད་མ་རེད། གཏམ་དཔེ་ལ། ཕར་སོང་མེད་ན་ཚུར་བྱུང་མེད་ཟེར་སྲོལ་ཡོད་རེད། ངས་ཀྱང་རང་ཉིད་ཀྱི་ཕ་རྒན་པོ་གང་དུ་བཞུགས་མིན་དང་ཐ་ན་འདས་གསོན་གང་བྱུང་ད་ལྟ་ཤེས་ཀྱིན་མེད།” ཅེས་བཤད་དེ་བློ་རྒྱ་ཡངས་བའི་ཟོལ་ཞིག་བསྟན་ནས་གྲྭ་པའི་མེ་ལ་འབུད་ཤིང་ཁ་སྣོན་གྱི་བསོད་སྙོམས་གཏན་ནས་ཕུལ་མེད། བྱུང་རབས་འདི་དག་དོན་དངོས་ཡིན་པར་ཡང་སྲིད། འོན་ཏེ་དོན་ངོ་མར་ཨ་མ་འདིས་བུ་ལ་ཇུས་གཏོགས་བྱེད་འདོད་མེད་པ་ཡིན་ནམ་ཡང་ན་“ཤ་ལ་བརྒྱབ་ན་རུས་ལ་གཟེར།” ཞེས་པ་ལྟར་ཤ་ཆད་ཀྱི་བུ་ཕྲུག་ཇི་ལྟར་ངན་ཡང་གཞན་གྱིས་གཤེ་བ་ལ་མ་བཟོད་པར་སྐད་ཆ་སྟབས་བདེ་ཞིག་གིས་གནས་སྐབས་ཀྱི་གཏམ་ཉོག་སྒོ་བརྒྱབ་པ་ཡིན་ནམ། ལྷག་པར་དུ་ “ཕལ་ཆེར་ག་ཤེད་ཅིག་ཏུ་བུ་ཕྲུག་གསོ་སྐྱོང་བྱེད་ཀྱིན་བསྡད་ཡོད་རྒྱུ་རེད།” ཅེས་པ་འདིར་ཉན་ན་རྒྱ་རིགས་ཚོས་ཁྱིམ་ཚང་སྐྱོང་བཞིན་བུ་ཕྲུག་གསོ་བ་ནི་མི་ཚེའི་དོན་སྙིང་ཞིག་ཏུ་བརྩི་བ་ཡིན་པས། དོན་ངོ་མར་ཨ་མ་འདིས་རང་གི་བུ་ལ་རེ་བ་དང་སྨོན་ལམ་བརྒྱབ་པ་ཡིན་ཆོག་གམ། དེས་ན་ཨ་མའི་བརྩེ་བ་ཞེས་པ་དེ་ནི་ཡུལ་ཤར་ནུབ་ཀྱི་ཆོད་པའི་སད་སེར་དང་། ལོ་ཟླ་གྲངས་ཀྱིས་བརྒྱངས་པའི་ཐན་པ། དྲིན་ལོག་འཇལ་གྱི་བུ་ཡུག་ཇི་ཙམ་ཆེ་ཡང་། ནམ་ཡང་གསོན་ཞིང་འཚོ་ཐུབ་པའི་མཛེས་སྡུག་གི་མེ་ཏོག་ཅིག་ཡིན་ནམ།🌺
               རིག་འཛིན་ཁྱུང་གིས་བྲིས།

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག