2015/05/13

སྐུལ་བྱང་།

གངས་ཇོ་གླང་མ།

རིག་འཛིན་ཁྱུང་།
ཨ་ཅེ་ཚེ་རིང་མཆེད་ལྔ་ཚེ་རིང་ལོ་བརྒྱ་རྣམ་པ། །
མགོ་སྤྲུག་ལུས་སྤྲུག་གནང་ཡ་ད་ནི་ཉུང་ཙམ་ཡིན་གདའ། །
བལ་པོའི་ཡུལ་ཁམས་རྡབ་ཚོད་གསིག་ཚོད་རེད་ཐལ། །
ད་ནི་བྱ་རུང་ཁ་ཤོས་ཁ་དེ་ཤོར་གྲབས་བྱས་སོང་། །

སྟག་མོ་ལུས་སྦྱིན་ལུས་ཡང་འགྱེལ་ཤོམ་འགྲིལ་ཤོམ་བྱས་སོང་།
འཕགས་པ་ཤིང་ཀུན་དེ་ཡང་ཤི་ལ་ཁད་ཅིག་བྱས་སོང་། །
ད་ཚོད་འདི་ཙམ་ཞིག་གིས་འགྲིག་རྒྱུ་བྱ་ན་ཨེ་རེད། །
ཁྱོད་ཀྱི་མགོ་ལ་ཞོན་པའི་མགོ་སེར་ཨེས་ཝར་རེ་སུ། །
འཇིག་རྟེན་གཞན་དུ་ཕྱིན་ནས་ད་ཞག་འདི་ན་མི་གདའ །
ཁོག་ལ་གདུག་འདྲེ་ཞུཌ་འདྲའི་གདུག་རྩུབ་འདི་སོ་ཅི་རེད། །
ཨ་ཙི་བླ་མ་དཀོན་ཅོག་སྲུང་མ་སྟོབས་ཅན་དེ་ཚོ། །
མི་ལའི་ཨ་ཅེ་འདི་ལ་ཁ་ཏ་བསླབ་བྱ་གྱིས་དང་། །
ས་གསིག་རྡོ་གསིག་བྱུང་དུས་སངས་རྒྱས་དེ་ཚོ་མི་གདའ། །
ས་ཐོབ་སེམས་དཔའ་ཆོས་སྲུང་སྟོབས་ཅན་དེ་ཚོ་ཨ་ཁ། །
དགོས་པའི་དུས་ལ་མེད་པ་ཚྭ་དང་ཚོང་ལ་སོང་ངམ། །
བ་ལང་བམ་རོ་བརྩེགས་པའི་ཤ་ཁྲག་མཆོད་པའི་བདག་མོ། །
མ་ཧཱ་ཀ་ལི་ནག་མོ་རང་གི་ཕོར་ཁ་སྲུངས་དང་། །
དྷ་སིང་ཀ་ལའི་གནས་སུ་ཁྲག་གི་རྒྱ་མཚོ་བསྐྱིལ་ཏེ། །
ཧུབ་ཀྱམ་བྱ་འདོད་ཡོད་ན་དེ་རིང་སྡོང་གྲོགས་གྱིས་དང་། །
ཁ་སང་ཁྲག་གིས་བཟི་སྟེ་དེ་རིང་གཉིད་སོང་མ་གསུང། །

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག