2016/07/01

གྲོགས་པོ།

ལོ་ཤས་སྔོན་ངས་གྲོགས་པོར་བརྩི་བའི་མི་ཞིག་གི་ཟེར་ན། “ཁྱེད་ཀྱི་སྔོན་མའི་གྲོགས་པོ་ལ་དེང་སང་ཁྱེད་རང་མཁོ་དགོས་མེད་པས་ནམ་ཡང་འབྲེལ་འདྲིས་མ་བྱས་ན་བཟང་” ཟེར་བཤད་བྱུང་ལ་ངས་ཀྱང་བདེན་པ་ལྟ་བུར་སྣང་སྟེ། ལོ་གསུམ་རིང་ཁ་པར་མ་བཏང་ལ་སྐད་ཆ་ཡང་མ་དྲིས། 

དེ་ཡང་ལོས་ཡིན་ཏེ་འཇིག་རྟེན་འདིར་མི་དང་མིའི་བར་གྱི་འབྲེལ་འདྲིས་ཕལ་མོ་ཆེ་ནི། དོན་ངོ་མར་ཉོ་ཚོང་ཞིག་དང་འདྲ་བས་ཁྱོད་ལ་ཉོ་ཚོང་གང་རུང་གི་རིན་ཐང་ངམ་ཉོ་ཚོང་བྱ་བའི་གོ་སྐབས་མེད་ན་འབྲེལ་འདྲིས་བྱ་བའི་དགོས་པ་མེད་ལ། ད་རུང་ཨུ་ཚུགས་ཀྱིས་འབྲེལ་འདྲིས་བྱས་ན་ཕ་རོལ་པོ་ལ་དངོས་པོ་ཞིག་རིན་མེད་དུ་སྤྲོད་རོགས་ཞེས་རེ་འདུན་བྱས་པ་དང་སྒོ་ཀུན་མཚུངས། ངས་ཀྱང་གནས་ལུགས་དེའི་དབང་གིས་སེམས་ཐག་བཅད་པས་གནས་སྐབས་རིང་གྲོགས་པོ་དེ་གཏིང་བརྗེད་སོང་བ་ལྟ་བུར་གྱུར། 
འོན་ཏེ་ཉིན་ཞིག་ལ་ཕ་ཡུལ་ནས་མི་ཞིག་གི་སྐད་འཕྲིན་ནང་“ཁྱིམ་ཚང་ག་གེ་མོ་ཚང་གི་མི་ཆེ་གེ་མོ་ཞིག་མེད་སོང་བས་བསྔོ་རྟེན་འབུལ་རོགས་གྱིས། དངུལ་འདི་ནས་ཁྱེད་ཀྱི་ཁྱིམ་དུ་སྤྲད་ཆོག་”ཟེར་བའི་སྒྲ་ཞིག་བཞག་འདུག ངས་སྒྲ་དེ་ཉན་མ་ཚར་གོང་ནས་ལུས་སེམས་ཡོངས་རྫོགས་སྦྲིད་ཅིང་ཁོག་ཁྲག་སྟོད་དུ་འཚངས། མིག་གཉིས་ཀྱང་རབ་མ་རིབ་ཏུ་གྱུར་ནས་དལ་ཅིག་རིང་ལྷག་སོང་། ཅུང་ལྷོད་ལ་བབས་པ་དང་ངས་ཕ་ཡུལ་གྱི་མི་གཞན་དང་འབྲེལ་བ་བྱས་ཏེ་སྐད་ཆ་དྲིས་པས་ཁྱིམ་ཚང་དང་མི་གཉིས་ཀ་སྟབས་ཁེལ་ནས་མིང་འདྲ་པོ་བྱུང་བ་ལས། དོན་དངོས་གཞན་ཞིག་ཡིན་པ་ཤེས་རྟོགས་བྱུང་། སྐབས་དེར་ངའི་སེམས་སུ་ཡིད་ཚིམ་པ་ཟེར་ནའང་འདྲ། བརྗོད་མི་ཤེས་པའི་ཚོར་བ་ཟབ་མོ་ཞིག་ཞོགས་པའི་ཉི་འོད་བཞིན་དུ་འཚེར་བྱུང་། གལ་ཏེ་ང་བྱིས་དུས་ཡིན་ན་ས་མཆོང་གནམ་ལྡིང་དང་དགའ་འབོད་ག་ཞ་བྱ་ངེས་རེད། 
ལྷན་རྒྱས། ད་ནི་ང་རང་རང་ཉིད་ལ་ཡིད་ཆེས་རྩ་ནས་མེད་ཅིང་གཏན་ཚིག་ལ་གཏན་ནས་རིན་ཐང་མེད་པར་གྱུར་སོང་།

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག