2017/07/04

ཁྱོད་རང་མི་དྲང་མོ་ཞིག་ཡིན་དགོས།

ཁྱུང་ཡོན་ནི་བདག་གི་གཅུང་པོ་ཡིན། སྤྱི་ལོ་1995 ལོར་ངག་དབང་ངེད་སྤུན་གཉིས་ཁྱིམ་ནས་འོངས་དུས་ཁོ་ནི་ལོ་ངོ་བདུན་བརྒྱད་ཙམ་ལས་མ་སོན་པའི་བྱིས་པ་ཞིག་ཡིན་པས། མཐའ་ད་རུང་ཡང་ངའི་སེམས་ནང་གི་གྲགས་ཚེ་(ཁྱུང་ཡོན་ཆུང་དུས་ཀྱི་མིང་)ནི་ཨ་ཁུ་ཀར་དོན་གྱི་པང་ཁུག་ན་ཡོད་པའི་བུ་ཆུང་མིག་ཟུང་གྲུང་རིལ་རིལ་བ་དེ་ཡིན། ཁོ་རང་ཆུང་དུས་སྐྱེ་སྟོབས་ཞན་ཡང་། སྨྲ་ལྕེ་བདེ་ལ་གཤིས་རྒྱུད་འཇམ་པ་ཞིག་ཡིན་པས་ཕྱི་ནང་གང་ས་ནས་མཐོང་མི་འདོད་པའི་དོ་ཕོག་དེ་ཙམ་བྱུང་མེད་པར་བསམས། རེད་དེ་བར་སྐབས་ངེད་ཚང་རླུང་རྟ་ཆག་པའི་སྐབས་འབྲེལ་བ་ཡོད་མེད་ཀྱི་ཡུལ་མི་གང་མང་ཞིག་གིས་མཐོང་ཆུང་དང་བརྙས་བཅོས་བྱེད་པ་ནི་སྲིད་པའི་ཆོས་ཉིད་ཅིག་སྟེ། “རླུང་རྟ་མར་འགྲོའི་དུས་ལ། །ཁྱི་ལས་ཞི་མི་(བྱི་ལ་)སྡང་བ། །”ཟེར་མེས་པོ་ཚོས་ཉམས་མྱོང་གི་སྡོམ་བཀོད་ཡོད་པ་མིན་ནམ། དཔེ་དེ་བཞིན་ཁོ་རང་ཐེ་བའི་གཅེན་གཅུང་ཚོ་ལ་རྒྱུ་རྐྱེན་ཡོད་མེད་སྣ་ཚོགས་པའི་སྒོ་ནས་མཐོང་ཆུང་དང་བརྙས་སྨོད་ཀྱི་དཀའ་ངལ་མི་ཉུང་བ་རེ་ཕྲད་ཡོད་པ་ནི་བཤད་ཅི་ལ་དགོས།


ངེད་གཉིས་ཁྱིམ་ནས་ཐོན་རྗེས་ཅང་མ་འགོར་བར་ཁོས་ང་ཚོར་ཐུག་དགོས་ཟེར་ནས་ངུས་ཤིང་ངུ་མཚམས་གཏན་ནས་མ་བཞག་པས། ཨ་མས་ཁོ་ཁྲིད་ནས་ངེད་གཉིས་འཚོལ་དུ་བྱུང་། དེ་སྐབས་ཁོ་ལ་ཤུར་མ་ཁམ་སྨུག་གིས་ཕྱི་གཡོག་བྱས་པའི་སྟོད་གོས་ཞིག་གོན་བསྐོན་འདུག་སྙམ། གཅིག་བྱས་ན་ད་ཡོད་ཁོའི་པར་དེའི་རྐྱེན་གྱིས་དེ་འདྲ་ཤིག་སྣང་བ་ཡིན་ནའང་མི་ཤེས། ང་ཚོ་དངོས་སུ་ཐུག་དུས་ཁོས་ངོ་སྨད་ནས་འདུག་པ་ལས་སྐད་ཆ་དམིགས་བསལ་གང་ཡང་བཤད་མ་སོང་། རེད་དེ་ཁོའི་སེམས་ལ་བཤད་འདོད་པའི་སྐད་ཆ་དཔེར་ན། “ཁྱེད་གཉིས་མ་འགྲོ་དང་། ཡང་ན་ང་ཚོ་ཚང་མ་མཉམ་དུ་འགྲོ” ལྟ་བུ་སེམས་གཏིང་གི་སྐད་ཆ་གང་མང་ཡོད་པ་ནི་ཁོས་ང་ཚོ་འཚོལ་དུ་འོང་སྟངས་ལ་བལྟས་པ་ཙམ་གྱིས་ཤེས་ཐུབ། ཨ་མས་ཁོའི་བྱེད་སྟངས་དེ་དག་བཤད་དུས་ང་རང་དབང་མེད་པར་ངུ་འདོད་པ་ཞིག་བྱུང་ཡང་ཨ་མའི་སྔོན་དུ་བསྲན་ནས་བསྡད། གང་ཡིན་ཟེར་ན་ངས་ཨ་མའི་མིག་ཆུ་ཡང་ནས་ཡང་དུ་འཕྲོ་བརླག་བྱེད་བཅུག་འདོད་མེད་པས་ཡིན། མ་གསང་དྲང་པོར་བཤད་ན། ངས་ཁོ་རང་ལ་དམིགས་བསལ་བྱམས་སྐྱོང་དེ་འདྲ་གཏན་ནས་བྱེད་མྱོང་མེད་ལ་སྤུན་ཆུང་མིང་སྲིང་གཞན་ཚོ་ལའང་གཅིག་མཚུངས་ཡིན། ངས་དམིགས་བསལ་བྱམས་སྐྱོང་དེ་འདྲ་བྱེད་མྱོང་མེད། རེད་དེ་སྤུན་མཆེད་ཀྱི་བརྩེ་སེམས་ནི་གཅེས་སྐྱོང་ཐོབ་མིན་ཁོ་ན་ཙམ་མ་ཡིན་པར་ཤ་ཁྲག་གི་འབྲེལ་བ་ལའང་རག་ལས་ཡོད་པའི་སྟབས་ཀྱིས། ཁོ་ལ་གཅེན་པོར་བཅངས་བའི་བརྩེ་སེམས་ཟབ་མོ་འདི་ཡོད་སོང་བ་རེད། དེས་ན་ང་ཚོས་ཁོ་ནི་ཕ་ན་སྤུན་མཆེད་དང་ནང་མི་རྒན་གཞོན་བར་ལ་ལྷན་སྐྱེས་ཀྱི་བརྩེ་སེམས་ཟབ་པའི་མི་བུ་ཞིག་ཡིན་ཞེས་བཤད་ན་ཧར་སོང་༼ཐལ་དྲགས་༽རྩ་བ་ནས་མེད།

དེ་རྗེས་བར་སྐབས་ཤིག་གི་རིང་ང་ཚོ་གཞིས་བྱེས་གཉིས་སུ་ཁ་གྱེས་ནས་འབྲེལ་ལམ་དེ་ཙམ་བྱེད་མ་ཐུབ་པར་ལུས་པའི་རིང་ཁོ་དང་ནང་མི་ཡོངས་ལ་འཕྲད་པའི་དཀའ་སྡུག་ནི་བསམ་བརྗོད་ལས་འདས་པ་ཞིག་ཡིན། སྐབས་དེའི་རིང་ཁྱིམ་ནས་པར་དང་འཕྲིན་ཡིག་ཐེངས་འགའ་ཤས་ཚུར་འབྱོར་སོང་ལ་ཕར་ཡང་ཐེངས་འགའ་བསྐུར། གང་ལྟར་ཕ་ཡུལ་ལ་ཡིག་ཟམ་ཚགས་ཚུད་པོ་ཞིག་མེད་པས་སྒེར་པ་ངོ་ཤེས་བརྒྱུད་ནས་བསྐུར་བ་རྐྱང་ཡིན། མི་ཚེ་ནི་ཆུ་བོའི་གཞུར་རྒྱུན་བཞིན་ཅི་འདྲའི་འགྲོ་མགྱོགས་པ་ཞིག་རེད་ཨང་། ང་ཁྱིམ་དང་ཁ་བྲལ་ནས་མི་ལོ་བརྒྱད་ཁྱུག་ཙམ་རིང་སོང་ཟིན་འདུག དེ་ལོ་མོར་བོད་ནས་འབྱོར་བའི་གྲྭ་པ་ཞིག་ལ་ཁྱུང་ཡོན་གྱིས་འཕྲིན་དང་པར་ཞིག་བསྐུར་བ་དེ་ང་ལ་འབྱོར། བརྩེ་འདིང་ཡོད་པའི་མི་ཞིག་ལ་མཚོན་ན་རང་གི་བརྩེ་བ་འཇོག་ཡུལ་ནི་ཡང་དག་པ་ཞིག་ཏུ་བརྩི་བ་ཆོས་ཉིད་ཡིན་པས། ཡིག་གེ་དེ་ནི་ངེད་སྤུན་ཆེ་བ་གཉིས་ལ་གནས་ཚད་ལས་བརྒལ་བའི་གདིང་འཇོག་ཡོད་པའི་འཕྲིན་ཡིག་ཅིག་རེད། པར་ནང་གི་ཁོ་རང་ནི་ཆུང་དུས་ཀྱི་རྣམ་པ་ཡོངས་སུ་བརྗེས་མ་ཚར་བའི་བུ་ཐོ་ཞིག་རེད་ལ། ཐ་ན་ད་རུང་ལུས་སྟོབས་ཞན་རྒྱུ་དེའང་སྔར་མུས་རེད། ངའི་སེམས་སུ་ཁོ་སློབ་སྦྱོོང་གི་རྨང་གཞི་དེ་ཙམ་ཡག་པོ་ཡོང་ཐབས་མེད་པས་བཤད་གྲྭའི་ནང་དུ་དཀའ་ངལ་ཡོད་པར་བསམས་ཡོད་མོད། གྲྭ་པ་དེས“ཁྱོད་ཀྱི་སྤུན་ཆུང་རིག་པ་གྲུང་ལ་སློབ་སྦྱོང་ཡོད་མཁན་ཞིག་རེད། སྙན་ངག་ཀྱང་གང་འཚམ་འབྲི་ཐུབ་ཀྱིན་འདུག ཁོས་ཁྱེད་གཉིས་ལ་སྙན་རྩོམ་ཞིག་ཀྱང་བསྐུར་སོང་མོད་སྟབས་མ་བདེ་བས་ཁྱེར་མེད།” ཟེར་བཤད་སོང་བས་ང་ལ་དགའ་སྤོབས་ཟུང་འབྲེལ་གྱི་ཚོར་སྣང་ཞིག་ནམ་མཁར་འཕུར་བཅུག་སོང་། འོན་ཀྱང་ཁོ་གྲྭ་སར་སོང་བ་དེར་ང་འཐད་པོ་དེ་ཙམ་མ་བྱུང་། རྒྱུ་མཚན་ནི་ཁྱིམ་ཚང་གཅིག་ནས་མིང་སྲིང་བཞི་གྲྭ་བཙུན་བྱས་ན་ཧ་ཅང་ཐལ་ཆེ་བ་དང་། དེང་སང་ཆོས་འདུལ་བ་དང་མི་མཐུན་པའི་གྲྭ་བཙུན་ཡང་འབོར་ཧ་ཅང་ཆེ་བ་སོགས་ཀྱིས་ཡིན།

ཨ། རེད། ་“ཡོན་ཏན་ཉི་མ་”ཞེས་པའི་ཁོའི་མིང་འདིའང་སྐབས་དེར་ངས་ཐེངས་དང་པོར་མཐོང་བ་ཡིན། རྗེས་སུ་ངས་ཤེས་རྟོགས་བྱུང་བ་ཞིག་ལ་“ཡོན་ཏན་ཉི་མ”འམ་“ཁྱུང་ཡོན་”ནི་“གྲགས་པ་ཚེ་རིང་”ངམ་“གྲགས་ཚེ་”ཞེས་པའི་མིང་དེར་དེ་ཙམ་མི་འགའ་ཞིང་ང་ནི་དེའི་ལྡོག་ཕྱོགས་རེད། དེ་ལ་བཤད་མི་དགོས་པར་རྒྱུ་མཚན་ངེས་ཅན་རེ་ཡོད་པ་སྟེ། ཁོ་ལ་མཚོན་ན་“གྲགས་ཚེ་”ཞེས་པའི་མིང་འདིའི་འོག་ན་ཆེས་བརྗེད་པར་དཀའ་བའི་སྡུག་བསྔལ་དང་། ཡི་ཆད། ཐ་ན་ཐུབ་ཚོད་དང་རྡུང་རྡེག་སོགས་ཀྱི་དམྱལ་བ་ཆུང་ཆུང་འགའ་སྦས་ཡོད་པས་ཁོས་དམྱལ་བ་དེ་དག་དྲན་གསོ་བྱ་བར་མ་འདོད་པས་ལོས་ཡིན་སྙམ། འོན་ཏེ་ནི་ང་ནི། “གྲགས་ཚེ་”ལ་དགའ་ཞིང་“གྲགས་པ་ཚེ་རིང་”ལ་ལྷག་ཏུ་དགའ། རྒྱུ་མཚན་ཆུང་དུས་ང་ཚོས་ཁོ་ལ་མིང་འདིས་གཅེས་མིང་གིས་འབོད་ཅིང་རྩེ་བ་སོགས་ཀྱི་ཚོར་སྣང་འདྲེན་ཐུབ་ལ་ཡོན་ཏན་ཉི་མས་དེ་ཙམ་མི་ཐུབ་པས་ཡིན།

དེ་རྗེས་དམངས་ཁྲོད་དུ་བརྡ་འཕྲིན་དུས་རབས་གསར་པའི་ལེའུ་དག་རིམ་བཞིན་ཞལ་ཁ་ཕྱེས་སོང་བས། དང་ཐོག་བོད་ཀྱི་གྲོང་གསེབ་ཏུའང་ཁ་པར་གཏོང་ཐུབ་ཀྱང་འགྲོ་སོང་ཧ་ཅང་ཆེ། སྐར་མ་རེར་ཧིན་སྒོར་ 45 སྐོར་ཡིན་པས་ཐེངས་ཤིག་ལ་ངེད་གཉིས་པོས་གུང་སེང་སྐབས་བསགས་པའི་ཧིན་སྒོར་བཞི་སྟོང་པོ་ཁ་པར་གཏོང་ཐེངས་གཅིག་ལ་ཟད་སོང་། ཡིན་ཡང་སྐད་ཆ་ཡིད་ཚིམས་པ་བཤད་ཐུབ་ཡོད། དེ་ནས་མི་རིང་བར་ཁྱེ་འཕྲིན་(QQ) བརྒྱུད་ནས་ཨ་མ་དང་སྤུན་ཆུང་ཚོའི་ཞལ་རལ་མཇལ་རྒྱུ་བྱུང་ལ། དེང་སྐབས་ནི་འཕྲིན་ཕྲན་(wechat)དུ་ནངས་དགོང་དུས་གསུམ་ལ་སྐད་ཆ་གང་ཚོད་བཤད་བཤད་ཀྱི་སྐལ་བ་ཡོད་པ་འདི་རེད། འདི་ཞོར་འཕྲོས་ཡིན།

དེ་རྗེས་ཁྱུང་ཡོན་དཔའ་ཡུལ་དགོན་ནས་ཐོན་ཏེ་ནང་དུ་འབྱོར་པ་གོ་ཐོས་བྱུང་མོད་ཆབ་མདོ་ནས་ལྷ་ས་སོགས་བསྐོར་ཏེ་ཁྱིམ་དུ་སླེབས་པ་ངས་ཕལ་ཆེར་མ་ཤེས། ཨ་མའི་སྐད་ལ་ཉན་ན་ཁོ་སྐྱ་སར་བབས་པས་ཡུལ་མི་ཚོས་འཕྱ་སྨོད་དང་ཟུར་ཟ་མི་ཉུང་བ་ཞིག་ཐེབས་ཡོད་ཚོད་འདུག་ལ། ནང་ཆེན་ལ་དབྱིན་ཇི་སྦྱང་སར་སོང་སྐབས་ས་མིག་མེད་པ་དང་ཁེལ་བ་སོགས་ལམ་འགྲོ་མེད་སྐབས་རེད། འོན་ཀྱང་ཁོས་དབྱིན་ཇི་སྦྱོང་འདོད་ཀྱི་སེམས་ཤུགས་དོར་མེད་པས། འདི་ནས་སྤུན་ཆུང་གིས་ལྷ་སར་དབྱིན་ཇི་སྦྱོང་ས་ཞིག་མཚམས་སྦྱོར་བྱས་ཏེ་ལོ་ཤས་རིང་ལྷ་སར་ཁོས་རིག་པ་བསྒྲིམས་ནས་དབྱིན་ཇི་སྦྱངས་སོང་། ཁོ་རང་ངོ་མ་རིག་པ་ཅན་ཞིག་ཡིན་པ་ངས་དེ་དུས་དངོས་སུ་རྟོགས། དབྱིན་ཇི་འབྲི་ཀློག་ཙམ་མིན་པར་བཤད་རྩལ་ཀྱང་མི་དམན་པ་ཞིག་བྱུང་ཟིན་འདུག སྒྲ་གདངས་ནི་ལྷ་སའི་དབྱིན་སྐད་རང་ཡིན་པས་ཁོ་ལ་བྱ་ཐབས་ཅི་ཡོད། མ་གཞི་ངེད་ཚང་གི་སྤུན་མཆེད་སུ་ཡིན་ཡང་སློབ་སྦྱོང་བྱེད་ན་རིག་པ་ཡོད་མཁན་རྐྱང་རྐྱང་ཡིན་ཟེར་བཤད་ན་ཕལ་ཆེར་མི་ཆོག་པ་མེད། བློ་འཛིན་ཙམ་བཤད་ཀྱིན་མེད། གོ་རྟོགས་དང་རྟོག་དཔྱོད་སོགས་ཀྱི་ངོས་ནས་བཤད་ཀྱིན་ཡོད།

སྐབས་དེར་ཁོས་དབྱིན་ཇི་ལས་རྒྱའི་སྐད་ཡིག་གི་ཤེས་ཚད་བཟང་ཟེར། དངོས་གནས་བྱས་ན་ཁོ་རང་གཞུང་གི་སློབ་གྲྭར་ལོ་མང་སོང་བ་དེ་འདྲ་མིན་པས་རྒྱ་ཡིག་དེ་ཙམ་ཤེས་མི་སྲིད་པ་ལྟ་བུ་ཡིན། བོད་ཡིག་ནི་ཆུང་ནས་འབྲི་ཀློག་སྦྱངས་ཡོད་པས་དཀའ་ཁག་དེ་ཙམ་མེད་ཟེར་བཤད་ཆོག་ཀྱང་རྩོམ་ཡིག་ཚད་ལྡན་འབྲི་དགོས་ན་ད་རུང་ཁོས་དེ་སྐབས་ཚད་ལོན་མེད། རེད་དེ་ཁོས་རྒྱུན་དུ་དེབ་ཀློག་ཅིང་ང་དང་དེབ་ཀློག་པའི་སྐོར་ལ་གཏམ་གླེང་མང་པོ་བྱེད། ཁོས་དེབ་ཀློག་ཀྱིན་ཀློག་ཀྱིན་རྩོམ་ཐུང་འབྲི་འགོ་བཙུགས་ཏེ་ངས་གང་ཤེས་ཀྱི་སློབ་སྟོན་དང་ཞུ་དག་བྱས། “ཐིགས་པ་བསགས་པའི་རྒྱ་མཚོ་བཞིན།” རིམ་བཞིན་ཡར་རྒྱས་སོང་སྟེ་ཉིས་སྟོང་བཅུ་གཅིག་ལོར་«སོང་ཤུལ»ཞེས་ཁོའི་མི་ཚེའི་ནང་གི་དེབ་ཐོག་མ་དེ་བཏོན་ཐུབ་པ་བྱུང་ཡོད། མཚམས་རེར་ངེད་སྤུན་གཉིས་མི་མཐུན་པ་སྟེ། དཔེར་ན། “ལྟད་མོ་བལྟ་”ལ། ངས་“ལྟད་མོ་ལྟ་”ཟེར་ནོར་བཅོས་བྱས་ཀྱང་ཁོས་ཁས་མི་ལེན། འདིའི་རྒྱུ་རྐྱེན་“ལྟད་མོ་བལྟ་”ཟེར་འབྲི་དགོས་པ་ལས་“ལྟད་མོ་ལྟ་”ཟེར་ན་ལྟ་གྲུབ་ཀྱི་ལྟ་བ་དང་ནོར་འགྲོ་ཟེར་མཁན་བླ་རྒན་དེ་འདྲའི་ངག་རྒྱུན་ཡོད་པ་འདྲ། གཞན་དུ་ཁ་ལ་ཉན་ཞིང་དེ་སྒྲུབ་ཐུབ་མཁན་ཞིག་སྟེ། དཔེར་ན་ཁོས་སྐབས་ཤིག་བརྡ་དག་ཆལ་ལེ་ཆོལ་ལེ་ཡོད་པའི་རྩོམ་མང་པོ་ཞིག་འཕྲིན་ཚོམས་སུ་སྤེལ་པའི་གོམས་གཤིས་ངན་པ་ཞིག་འདུག་པས། ངས་ཁྱོད་ཀྱི་རྩོམ་ལ་བརྗོད་བྱ་ཡག་པོ་ག་ཚོད་ཡོད་ཀྱང་དག་སྡེབ་མེད་ན། མིས་མཐོང་རྩ་བ་ནས་མི་འཇོག་པས་རྩོམ་ཞིག་ནང་གི་ཚིག་འབྲུ་ཡོངས་རྫོགས་«ཚིག་མཛོད་»ལ་ལྟ་དགོས་ཐུག་ཀྱང་བལྟས་རྗེས་རྩོམ་དེ་གཞི་ནས་སྤེལ་དགོས་པའི་བསམ་འཆར་བཏོན། ཁོས་ཀྱང་ནུས་ཤུགས་བརྒྱ་ཆ་བདུན་ཅུ་བརྒྱད་ཅུ་ཏན་ཏན་བཏོན་ནས་སྤེལ་གྱིན་ཡོད་ལ་གྲུབ་འབྲས་ཀྱང་མངོན་གསལ་ཡོད། མདོར་ན་ངའི་སེམས་སུ་ཁོ་རང་ཤེས་རབ་གང་འཚམ་ཡོད་པའི་མི་བུ་ཞིག་ཡིན་པ་ཡིད་ཆེས་ཡོད། མ་གཞི་ང་གཅེན་པོ་ཞིག་གིས་ངོས་ནས་འདི་ལྟར་བཤད་ན། བུ་ཕས་བསྟོད་དང་བུ་མོ་མས་བསྟོད་བྱས་པ་ལྟ་བུ་མཐོང་སྲིད་ཀྱང་། “ལྕགས་རེད་ཟངས་རེད་རྡོ་ལ་བརྡར་”ན་ཤེས་ཀྱི་རེད།

བྱ་གཞག་གི་ཐད་ནས་བཤད་ན། ཁོ་སྔོན་ཆད་ལམ་འགྲོ་རྒྱུག་པ་དང་མ་རྒྱུག་པ་གཉིས་ལས་མ་རྒྱུག་པ་མང་ལ་དེ་ནི་ཆོས་ཉིད་ཅིག་ཀྱང་ཡིན། སྐབས་རེར་ཁོ་རང་བྱ་བྱེད་དང་བློ་སྣ་མང་སོང་བའི་སྣང་བ་སྟེར་མྱོང་། རེད་དེ་བསམ་མནོ་ཞིབ་ཏུ་བཏང་ན། བྱ་བ་གཅིག་ལ་“ལོངས་བས་གླང་རྔ་འཇུས་པ་བཞིན།” བྱེད་འདུག་པ་ལས། བྱ་བ་མང་པོ་ཞིག་ལ་ཚོད་ལྟ་བྱེད་ཀྱིན་མ་ཐ་དེར་གཅིག་བདམས་ན། ཉེན་ཁ་ཆུང་ལ་ཁེ་བཟང་ཆེ་བ་ཕྱི་རྒྱལ་བ་ཞིག་ལས་ང་ལ་ཉམས་མྱོང་དངོས་སུ་བྱུང་། དེའི་རྗེས་སུ་ངས་ཁོ་རང་འགྲིག་པར་བརྩི་བཞིན་ཡོད། ཧ་ཧ་ཧ། ད་སྐབས་ཁོ་རང་གྲོགས་པོ་བཟང་པོ་ཞིག་གི་བྱ་གཞག་གསར་གཏོད་དང་རྒྱ་སྐྱེད་གནང་སར་དཔུང་པ་མཉམ་གཤིབ་ཀྱིས་ལས་དོན་སྒྲུབ་ཀྱིན་འདུག་པས་ངས་སེམས་ཁུར་དགོས་པ་དེ་འདྲ་མ་རེད། འོན་ཀྱང་བརྩེ་སེམས་དང་དྲན་གདུང་ནི་དགོས་མཁོ་ཡོད་མེད་ཙམ་མིན་པར་རྒྱུན་དུ་དྲན་ཞིང་སེམས་ཁྲལ་ཡང་ཡོང་བ་ཞིག་རེད།

མཐའ་དོན་དུ་ངའི་ཁོ་ལ་རེ་བ་གཅིག་རང་འདོན། དེ་ནི་ཡ་རབས་སྤྱོད་བཟང་སོགས་མང་པོ་མི་བཤད། ཁྱོད་རང་མི་དྲང་མོ་ཞིག་ཡིན་དགོས། མ་གཞི་མི་དྲང་མོ་བྱེད་ཐུབ་པར་ཧ་ཅང་དཀའ། ང་ཚོའི་ཕ་དམ་དེས་དྲང་པོའི་ལས་ཀ་བརྒྱ་ཆ་དྲུག་ཅུ་ཙམ་ཞིག་འགྲུབ་ཡོད་པར་སེམས།

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག