སྐྱེ་སྔོན་སྨོན་ལམ་རྣམ་དག་པས།།
མཚན་ལྡན་བླ་མས་རྗེས་སུ་བཟུང་།།
སྡོམ་གཙང་ཞིང་ས་གཤིན་པོ་རུ།།
མཁས་བཙུན་བཟང་པོའི་འབྲས་བུ་སྨིན།།
མཁན་ཆེན་ལགས།
རྣམ་གྲོལ་ཚེ་རིང་།
འོད་གསལ་སྔ་འགྱུར་སྡེ་གསུམ་ཀླུང་།།
ཁྱེད་ཐུགས་ཟབ་མོའི་ཀློང་དུ་འཁྱིལ།།
ངག་ལ་དབྱངས་ཅན་དཔལ་གྲུབ་པས།།
འཆད་པའི་སྙན་གྲགས་གླིང་འདིར་ཁྱབ།།
མཁན་ཆེན་ལགས།
རྣམ་གྲོལ་ཚེ་རིང་།
གཞན་དོན་ལྷག་བསམ་དཀར་བ་ཡིས།།
བཤད་གྲྭ་སྐྱོང་བཞིན་སྒྲུབ་སྡེ་བཙུགས།
སྔ་འགྱུར་བསྟན་པའི་རྒྱལ་དར་སྒྲེང་།།
ཉམས་ཐག་བུ་ཕྲུག་གསོ་སྐྱོང་གནང་།།
མཁན་ཆེན་ལགས།
རྣམ་གྲོལ་ཚེ་རིང་།
2023/11/13
2023/09/30
རྟ་ཤོད་རྨེ་རུ་དགེ་བསྙེན་དང་གཟིག་མགོའི་བཀོད་པ་མདོ་ཙམ་གླེང་བ།
རྩོམ་པ་པོ། བཙན་རལ།
བལྟས་ན་བརྗིད་ཅིང་ཁྲོ་བོའི་ཉམས་ལྡན་མཐོང་བ་ཙམ་གྱིས་བག་ཆགས་འཇོག །
སོང་ན་རྔམ་ཞིང་གཏུམ་པོའི་ཚུལ་ཡིན་འགྲུལ་པོའི་ཡིད་ནས་བོར་མི་སྲིད། །
རི་དྭགས་གཡུང་དག་བྱ་ཁྱི་གཅན་གཟན་དབྱར་དགུན་སྟོན་དཔྱིད་ཀུན་ཏུ་རྒྱུ། །
སྔོ་ཞིང་དམར་ལ་འཕྲང་རིང་དོག་པོའི་རི་བྲག་འདི་ནི་རྨེ་རུ་འགག །
ཚན་རྩལ་འཕེལ་ཁ་དར་བའི་ཉེར་གཅིག་དུས། །
གནས་བདག་གཞི་བདག་ཡོད་ཀྱང་མེད་ཀྱང་རུང་། །
གནའ་བོའི་ལོ་རྒྱུས་ཡང་ན་སྒྱུ་རྩལ་ཆེད། །
གནའ་གཏམ་གནའ་སྒྲུང་མེད་དུ་མི་རུང་ངོ་། །
ཡེ་གདོད་གཤིས་སུ་རྨེ་རུ་མེད་ཀྱང་རྟ་ཤོད་གཞུང་གི་གནས་འདི་ཆགས། །
ལུང་པ་དམར་ལ་རྟ་དམར་ཁོག་པར་རི་བྲག་བཙན་ཞིང་ངག་རྒྱུན་མོད། །
སྲིད་པའི་ངག་གི་གཏེར་ཁ་བརྡོལ་བའི་ཕ་ས་ཕ་ཡུལ་དམར་ཧྲེང་འདི། །
ཤོད་ཆེན་བཅོ་བརྒྱད་མཚན་ཞིག་སྨོས་ན་ཁྱེད་ནི་དེའི་ཁྲོད་སེང་ལྟར་འགྱིང་། །
ཕ་ཡུལ་བདག་ཏུ་འཛིན་པའི་ཧམ་སེམས་མེད་ཀྱང་། །
སྔོན་བྱོན་གོང་མའི་ངག་དང་མཛད་པར་བརྟགས་ཏེ། །
ཅུང་ཟད་གསལ་ཁ་གཏོད་པའི་ངང་ཚུལ་འདི་ནི། །
ཡུལ་ལ་ཞེན་ཆགས་ཡོད་པའི་དབང་གིས་ལོས་ཡིན། །
དྲང་པོའི་གཏམ་ལ་སུ་ཞིག་འགུ་དུས་མེད་ཀྱང་། །
རྒྱབ་བརྟེན་དཔང་རྟགས་ངག་སྒྲོས་ཡུལ་དང་མཐུན་པའི། །
མཁས་བརྒྱས་དོ་ཟླ་དབེན་པའི་ཡིག་ཆུང་འདི་ནི། །
གཟུར་གནས་བློ་ལྡན་ཚོགས་ཀྱི་སྤྱན་ལམ་བསྟར་རོ། །
རྟ་ཤོད་རྨེ་རུ་དགེ་བསྙེན་དང་གཟིག་མགོའི་བཀོད་པ་མདོ་ཙམ་གླེང་བ།
བལྟས་ན་བརྗིད་ཅིང་ཁྲོ་བོའི་ཉམས་ལྡན་མཐོང་བ་ཙམ་གྱིས་བག་ཆགས་འཇོག །
སོང་ན་རྔམ་ཞིང་གཏུམ་པོའི་ཚུལ་ཡིན་འགྲུལ་པོའི་ཡིད་ནས་བོར་མི་སྲིད། །
རི་དྭགས་གཡུང་དག་བྱ་ཁྱི་གཅན་གཟན་དབྱར་དགུན་སྟོན་དཔྱིད་ཀུན་ཏུ་རྒྱུ། །
སྔོ་ཞིང་དམར་ལ་འཕྲང་རིང་དོག་པོའི་རི་བྲག་འདི་ནི་རྨེ་རུ་འགག །
ཚན་རྩལ་འཕེལ་ཁ་དར་བའི་ཉེར་གཅིག་དུས། །
གནས་བདག་གཞི་བདག་ཡོད་ཀྱང་མེད་ཀྱང་རུང་། །
གནའ་བོའི་ལོ་རྒྱུས་ཡང་ན་སྒྱུ་རྩལ་ཆེད། །
གནའ་གཏམ་གནའ་སྒྲུང་མེད་དུ་མི་རུང་ངོ་། །
ཡེ་གདོད་གཤིས་སུ་རྨེ་རུ་མེད་ཀྱང་རྟ་ཤོད་གཞུང་གི་གནས་འདི་ཆགས། །
ལུང་པ་དམར་ལ་རྟ་དམར་ཁོག་པར་རི་བྲག་བཙན་ཞིང་ངག་རྒྱུན་མོད། །
སྲིད་པའི་ངག་གི་གཏེར་ཁ་བརྡོལ་བའི་ཕ་ས་ཕ་ཡུལ་དམར་ཧྲེང་འདི། །
ཤོད་ཆེན་བཅོ་བརྒྱད་མཚན་ཞིག་སྨོས་ན་ཁྱེད་ནི་དེའི་ཁྲོད་སེང་ལྟར་འགྱིང་། །
ཕ་ཡུལ་བདག་ཏུ་འཛིན་པའི་ཧམ་སེམས་མེད་ཀྱང་། །
སྔོན་བྱོན་གོང་མའི་ངག་དང་མཛད་པར་བརྟགས་ཏེ། །
ཅུང་ཟད་གསལ་ཁ་གཏོད་པའི་ངང་ཚུལ་འདི་ནི། །
ཡུལ་ལ་ཞེན་ཆགས་ཡོད་པའི་དབང་གིས་ལོས་ཡིན། །
དྲང་པོའི་གཏམ་ལ་སུ་ཞིག་འགུ་དུས་མེད་ཀྱང་། །
རྒྱབ་བརྟེན་དཔང་རྟགས་ངག་སྒྲོས་ཡུལ་དང་མཐུན་པའི། །
མཁས་བརྒྱས་དོ་ཟླ་དབེན་པའི་ཡིག་ཆུང་འདི་ནི། །
གཟུར་གནས་བློ་ལྡན་ཚོགས་ཀྱི་སྤྱན་ལམ་བསྟར་རོ། །
0 ངོ་སྤྲོད་གནད་བསྡུས།
དེ་ཡང་རྨེ་རུ་འགག་ནི་བོད་ཆབ་ཁྱུང་པོ་རྟ་ཤོད་གཞུང་གི་ཟལ་མོ་རི་རྒྱུད་ཀྱི་མདུན་ནས་བབས་པའི་རྟ་ཆུའི་འགྲམ་དང་རྨེ་རུ་གནམ་ལའི་བྱང་ཕྱོགས་སུ་ཡོད་ལ། སྔར་རྨེ་རུ་ཞེས་པ་འདི་ཡི་ཕྱེད་ཙམ་ནི་ཧོར་ཚོ་སོ་དགུའི་མངའ་འོག་དཀར་སྨད་དཔོན་གྱི་མངའ་ཁོངས་ཡིན་མོད། ‘འཕགས་པ་ལྷ་སྐུ་འཁོར་དབུས་གཙང་དུ་སློབ་གཉེར་ལ་འབྱོན་སྐབས་ཡུལ་སྡེ་འདིས་འཕྲོག་བཅོམ་བྱས་མཐར་དཀར་སྨད་དཔོན་གྱིས་འགྱོད་བཤགས་ཀྱི་ཚུལ་དུ་ཕུལ་བ་ཞིག་ཡིན་ཕྱིར་མིང་ལ་རྨེ་རུ་དང་ཆབ་མདོའི་མངའ་ཁོངས་སུ་བྱུང་ཚུལ་འདུག ཡང་བཤད་ཚུལ་གཞན་ཞིག་ལ་འཕགས་པ་ལྷ་སྐུ་འཁོར་ལྷ་སར་འབྱོན་སྐབས་ཀོང་བར་ལ་ནས་རྟ་ཤོད་རྨེ་རུ་ནས་ཡིན་པའི་རྨེ་རུ་ཇག་པ་མི་བདུན་གྱིས་འཕྲོག་བཅོམ་བྱས་མཐར་འགྱོད་བཤགས་ཀྱི་ཚུལ་དུ་སྡེ་བ་འདི་ཆབ་མདོར་ཕུལ་ཞིང་མིང་ལའང་རྨེ་རུ་ཞེས་ཐོག་ཚུལ་འདུག’[འཕགས་པ་ལྷ་མཆོག་གི་སྐུ་ཕྲེང་རིམ་བྱོན་དང་འབྲེལ་བའི་ཡིག་ཆ་འགའ་མཇལ་ཡང་ཁ་གསལ་ནི་མ་རྙེད། འདིར་རྣ་ཐོས་བཀོད་པ་ཡིན།]ཡུལ་འདིའི་བཀའ་བན་བོན་ཀུན་གྱིས་མཆོད་གསོལ་རྒྱུན་མི་འཆད་སའི་རྨེ་རུ་དགེ་བསྙེན་གྱི་གནས་གཞི་ཡང་འདིར་ཡོད་ལ། དེ་འབྲེལ་གྱི་གཟིག་མགོ་དང་། འཇོལ་བཟའ། རྫི་བོ་རི་ལུ། ད་དུང་གླིང་རྗེ་གེ་སེར་དང་འབྲེལ་བའི་ཤྭ་བ་སྐྱ་ཧྲེང་བྲོས་ཤུལ་སོགས་གནའ་གཏམ་མེ་ཏོག་ཕྲེང་སྟར་བཞིན་མཆིས། དེ་ལྟར་གནས་འདིའི་རིག་གནས་དག་རྟ་ཆུའི་སྟོད་སྨད་བར་གསུམ་གྱི་རྒན་པོ་ཚོའི་ངག་སྒྲོས་དང་། ཡུལ་གྱི་དཔང་རྟགས་ལ་གཞི་བཅོལ་ནས་བྲིས་པ་ཞིག་ཡིན།
1 རྨེ་རུ་དགེ་བསྙེན།
སྤྱིར་ན་དགེ་བསྙེན་ཞེས་པ་སོར་སྡོམ་རྒྱུད་ལྡན་གྱི་གང་ཟག་ལ་གོ་དགོས་མོད། ཁོང་ནི་དེ་ལས་འདས་པ་ཡིན། ཉིན་ཞིག་རྨེ་རུ་བསམ་འགྲུབ་དགོན་ནས་ཡིན་པའི་ཚུལ་ཁྲིམས་ཀྱི་དྲི་ཞིམ་འཐུལ་བའི་གྲྭ་པ་ཞིག་མཚམས་ལ་སྡོད་སྐབས། 「བསམ་གྲུབ་དགོན་ནི་གནའ་དུས་རི་བོ་ཆེ་དགོན་ཁྲ་འཁྱིལ་མའི་ཡང་དགོན་གྲྭ་ཚང་གི་བུ་དགོན་ཡིན་ལ། ད་ཆར་ཡང་རྒྱབ་ཀྱི་རི་ཆེན་དེར་ཡང་དགོན་མགོ་ཞེས་འབོད་པ་སོགས་རི་ཆེ་དང་འབྲེལ་བ་མང་། ཆོས་བརྒྱུད་སྟག་ལུང་བཀའ་བརྒྱུད་ཡིན། ཕྱིས་སུ་རི་བོ་དགེ་ལྡན་པར་བསྒྱུར། རིག་གསར་རྗེས་སུ་དཀྱིལ་བསམ་གཉིས་བསྡོམ་ནས་དཀྱིལ་མཁར་དགོན་ཞེས་རི་བོ་དགེ་ལྡན་པའི་བསྟན་པ་རྒྱས་བཞིན་མཆིས་སོ། །」བུད་མེད་ཅིག་གིས་ཆང་ཞིག་ཁུར། ར་ཞིག་ཁྲིད་ནས་ཡོང་སྟེ། འདི་ལྟར། དེ་རིང་ཁྱོད་ཀྱིས་ཡང་ན་མི་ཚངས་པ་སྤྱོད་དགོས། ཡང་ན་ར་འདི་གསོད་དགོས། ཡང་ན་ཆང་དམ་བེ་གང་འདི་འཐུང་དགོས། དེ་གསུམ་གང་རུང་མ་བྱས་ཚེ་ངས་རང་སྲོག་གཅོད་ཀྱི་ཡིན་ལབ་པས། གྲྭ་པས་བསམ་པར། བུད་མེད་ལ་ཆགས་པ་སྤྱད་ན་མི་ཚངས་པའི་ཕམ་པ་འབྱུང་བས་དེ་མི་རུང་། ར་འདི་བསད་ན་སྲོག་གཅོད་ཀྱི་སྡིག་པ་ཚབ་ཆེ་བས་མི་ཉན། དེས་བས་ཆང་འདི་འཐུང་། སྤྱིར་ན་ཆང་འཐུང་མི་ཉེན་མོད། མ་བཏུང་ན་བུད་མེད་འདིས་རང་མེད་བྱེད་འགྲོ་བསམ་ནས་ཆང་དེ་བཏུངས། ཆང་གིས་བཟི་རྗེས་བུད་མེད་དེར་འཁྲིགས་པ་སྤྱད། འཁྲིགས་པ་སྤྱད་རྗེས་ད་ཅི་སྡུག་བྱས་སོང་བསམ་པས་ར་དེའང་བསད། མཐར་བཟི་དྭངས་པ་དང་བདག་ནི་ད་སྔོན་ཚུལ་ལྡན་གྱི་གྲྭ་པ་ཞིག་ཡིན་མོད་ད་ནི་ཡོད་ཚད་ཚར་སོང་བསམ་ནས་སེམས་སྐྱོ་བཞིན། རྨེ་རུ་འགག་གི་བྲག་མགོ་ཞིག་ཏུ་ཕྱིན་ཏེ་གཡང་དུ་ལྕེབས་པས་མགོ་གོག་ནས་བེམ་རོ་དེ་ཕུག་པ་ཞིག་གི་སྒོ་འགྲམ་དུ་འགྲིལ། ཉིན་དེར་རྔོན་པ་ཕ་བུ་གཉིས་རྨེ་རུ་འགག་ཏུ་རྔོན་བྱེད་དུ་ཡོང་བས་ཤྭ་བ་ཞིག་བསད། ཤྭ་རོ་ཁྱེར་ནས་ཕུག་པ་དེའི་ནང་གནས་བཅར་བར་ཡོང་སྐབས་མི་རོ་མགོ་མེད་ཅིག་མཐོང་། དང་པོ་ཕུག་པའི་ནང་དུ་ཤྭ་རོ་དེ་བཤས་ཏེ་ཤ་བཙོས། ཟན་གྱི་ཀོང་བུ་ཞིག་བཅས་ཏེ་དེའི་ནང་ཚིལ་གཏུབ་ཅིག་འཕང་ནས་མར་མེ་སྦར་ཏེ་སྡོད་སྐབས་སུ་གཅིག་གིས་མར་ཀའི་མི་རོ་མགོ་མེད་སྟེང་དུ་ཤྭ་མགོ་འདི་བཞག་ན་གང་འདྲ་ཡོང་ས་རེད་ཟེར་ཞོར་ཤྭ་མགོ་དེ་བཞག །གཅིག་གིས་ཤྭ་མགོ་དེའི་སྟེང་དུ་མར་མེ་དེ་བཞག་ནས་ད་རྒྱུག་སོང་ན་ཅི་འདྲ་ཁེ་མཚར་ཡོང་ས་རེད་བརྫས་པས། མི་རོ་དེ་དེ་མ་ཐག་ཏུ་རྒྱུག་སོང་ངོ་། དེ་ནས་བཟུང་རྨེ་དགེ་བསྙེན་ཟེར་བ་འདི་བྱུང་བ་ཡིན་ལ། རྨེ་རུ་འགག་གི་རྫོང་སྣ་རུ་གནས་བཅས། གཤིས་ཀ་གདུག་རྩུབ་ཅན་དུ་གྱུར། གནའ་སྔ་མོ་རྨེ་རུ་དགེ་བསྙེན་ནི་ཤིན་ཏུ་བཙན་ཞིང་གནས་འདིར་གནས་པའི་མཆེ་སྡེར་ཅན་གྱི་གཅན་གཟན་དང་། རི་ལ་གནས་པའི་རི་དྭགས། བདག་ཏུ་བཟུང་བའི་གཡུང་དྭགས། གནམ་ལ་ལྡིང་བའི་གཤོག་ཅན། ཉིན་ལ་སྐྱེས་པའི་རྩྭ་རྩི། གཞུང་ནས་བབ་པའི་རྟ་ཆུ། སྲིབ་ལ་སྐྱེས་པའི་ལྗོན་ཤིང་། མདོར་ན་སྲོག་ལྡན་གྱི་སེམས་ཅན། སྲོག་མེད་ཀྱི་ས་རྡོ་རི་བྲག ཡུལ་འདིའི་རྩྭ་རྩི་ཐོག་དང་ལྗོན་ཤིང་ནགས་ཚལ་ཀུན་ལ་བདག་ཏུ་འཛིན་མཁན་གྱི་གནས་པ་ཁྱད་པར་བ་ཞིག་ཏུ་གྱུར། དཀར་རྨེ་གཉིས་སོགས་རྩྭ་རྩི་ཤིང་དང་ས་རྐོ་རྡོ་སློག་རྔོན་སོགས་བྱེད་མཁན་བྱུང་ན་ཤིན་ཏུ་གདུག་རྩུབ་ཀྱི་བྱ་བ་སྤེལ། དེ་ལྟར་རྨེ་རུ་འགག་ཏུ་བཙན་པོའི་ས་བཟུང་ནས་བསྡད་རྗེས་ཞག་གཅོད་བཀྲ་ཤིས་དཔལ་བཟང་གིས་བརྟུལ་བའི་ལོ་རྒྱུས་ཡོད་ལ། གནམ་ལྕགས་རྩ་གསུམ་གླིང་པས་བརྟུལ་བའི་ལོ་རྒྱུས་ཀྱང་མཆིས། གང་ལྟར་དམ་ལ་བཏགས་མཁན་སུ་ཡིན་མི་ཤེས་མོད། རྗེས་སུར་བོན་པོ་དང་། རྙིང་མ། བཀའ་བརྒྱུད། དགེ་ལུགས་ཀུན་གྱི་མཁས་གྲུབ་མང་པོས་བསང་གསོལ་གྱི་སྣ་ཚོགས་པ་བྲིས་ཏེ་མཆོད་བསྟོད་བྱས་འདུག
2 དམར་སྒག་གཙོ་ལུག’གམ་དམར་འགག་རྟ་ལྟ་དང་རྨེ་རུ་དགེ་བསྙེན།
རྨེ་རུ་དགེ་བསྙེན་དང་དམར་འགག་རྟ་ལྷ་གཉིས་དངོས་སུ་འཐབ་པའི་ལོ་རྒྱུས་ཀྱང་ཡོད་ལ། དམར་འགག་རྟ་ལྷ་ནི་རྨེ་རུ་འགག་དང་ཆེས་འབྲེལ་བ་ཟབ་པའི་མི་སྣ་གལ་ཆེན་ཞིག་ཡིན་པས་ཁོང་གཉིས་ཀྱི་གཏམ་རྒྱུད་དེ་ཡང་འདིར་འགོད་ན། དམར་འགག་ཚང་ནི་དམར་རྫོང་ནང་དུ་ཡོད་ལ། དམར་འགག་རྟ་ལྷ་ནི་དམར་འགག་ཚང་ནས་ཡིན། ཉིན་ཞིག་དམར་འགག་རྟ་ལྷ་རྨེ་རུ་འགག་ཏུ་རྔོན་བྱེད་དུ་ཡོང་ནས་ཤྭ་བ་ཞིག་བསད། དེ་ནུབ་མོར་གནས་དེའི་ཕུག་པ་ཞིག་ནང་བསྡད་དེ་ཤྭ་ཤ་བཙོས། གློ་བ་མེ་ལ་སྲེག་བཞིན་བསྡད་ཙ་ན། རྨེ་རུ་དགེ་བསྙེན་མ་དགའ་བས་གྲྭ་པ་མདོག་ངན་ཞིང་ཤུས་ཞན་པ་ཞིག་ལ་བརྫུས་ཏེ་ཕུག་སྒོ་ནས་ཤ་རལ་གྲོད་རལ་ཞིག་སྤྲད་རོགས་གྱིས་ལབ་པས། རྟ་ལྷ་སྤྲོ་ལང་ནས་མཛོ་ཚུགས་བཅོ་བརྒྱད་ཀྱི་ཡུལ་ལ་མི་གནས་དགོས་རྒྱུ་ཁྱོད་ལ་དགོས་ན་དེ་གྱིས་ཟེར་ཏེ། ཤྭ་གློ་མེ་མ་མུར་དང་བཅས་པ་དགེ་བསྙེན་གྱི་རྩིབ་ཁུག་ལ་བརྒྱབ་པས་དགེ་བསྙེན་ཤིན་ཏུ་སྐྲག་ནས་ཚ་སྒང་བརྒྱུད་དེ་རྒྱལ་འཇོལ་སྟེ་ཁ་བ་དཀར་པོའི་ཕྱོགས་སུ་བྲོས། འདི་ནས་བརྩིས་པའི་མཛོ་ཚུགས་བཅོ་བརྒྱད་ཡིན་འདུག །ད་ཆར་ཚ་བ་སྒང་གི་གམ་གློ་བ་སྣ་ཟེར་བ་དེར་གཞི་ནས་གློ་བ་དེ་གཡུག་པས་ས་དེར་མིང་ཡང་གློ་བ་སྣ་ཞེས་ཐོགས་སྐད་ཡོད། སྐབས་དེར་དམར་འགག་རྟ་ལྷ་ནི་རྨེ་རུ་འགག་གི་ཤ་དར་ཁྲག་དར་གྱི་དཔའ་བོ་དར་མ་ཞིག་ཡིན། རྨེ་རུ་དགེ་བསྙེན་གྱིས་ཁ་བ་དཀར་པོར་གནས་བསྐོར་ཡོང་མཁན་ཁྱུང་པོ་རྟ་ཤོད་ཀྱི་ཨ་ཅོ་ཚོ་ལ་སྐད་ཆ་འདྲི་ནས་དམར་འགག་རྟ་ལྷ་ཤི་ཨེ་འདུག དམར་འགག་རྟ་ལྷ་ཤི་ཨེ་འདུག་ཟེར་ནས་སྐད་ཆ་ཡང་ཡང་འདྲི་བཞིན་ཡོད། ཨ་ཅོ་མང་པོས་ཤི་མི་འདུག་ལབ་པས། ལོ་དུ་མར་འཇོལ་བདེ་ཆེན་ལ་འདུག་དགོས་བྱུང་། མཐར་ཨ་ཅོ་གཞན་ཞིག་ལ་དྲིས་པས་རྒན་པོ་ཆགས་འདུག་ལབ་པའི་གཏམ་ཐོས་རྗེས། དགེ་བསྙེན་ཡར་ཡོང་ནས་དམར་འགག་རྟ་ལྷ་གར་སོང་གར་བསྡད་ཀྱི་རྗེས་དེད་ནས་སོང་། དེ་དུས་དམར་འགག་རྟ་ལྷ་ནི་རྒས་ཤིང་འཁོབས་ཡོད་པས་རྩལ་ལྡན་གྱི་བྱ་བ་གང་ཡང་བྱེད་མི་ནུས། ཉིན་ཞིག་བེའུ་རྫི་ལ་ཡོང་ནས་རྨེ་རུ་འགག་གི་བྲག་སྒང་ཞིག་ཏུ་ཉལ་བསྡད་པས། དེ་མ་ཐག་ཏུ་དགེ་བསྙེན་ཡོང་ནས་བྲག་ལ་རྡོག་བརྒྱབ་པས་བྲག་དེ་ཁེར་ཆད་དུ་བགོས། གཉིད་སད་པ་དང་བྲག་ཐོ་དེ་ནི་མཐོ་ཞིང་གཟར་ལ་ཐར་ལམ་གཞན་མེད་པས་དེའི་སྟེང་དུ་འདུག་དགོས་བྱུང་བ་མ་ཟད་ལྟོགས་སྐོམ་གྱིས་ཤིན་ཏུ་མནར་བས་མར་ཀའི་རྟ་ཆུའི་འགྲམ་གྱི་འགྲུལ་པ་ཚོར། ཆུ་ཞིག་འཐུང་རོགས་གྱིས། རྩྭ་ཞིག་བཟའ་རོགས་གྱིས་ཟེར་ནས་ཡང་ཡང་འབོད་ཀྱིན་ཡོད། དེ་ནི་ད་ལྟའི་རྫི་བོ་རི་ལུ་ཟེར་བའི་བྲག་ཐོ་འདི་ཡིན། ཡང་གནའ་གཏམ་གཞན་ཞིག་ལ། ཕྱུག་པོའི་རྫི་བོ་ཞིག་གིས་བྲོ་ཡི་རི་ལུ་འུར་ཐག་ལ་བཞག་སྟེ་འཕངས་ནས་རྒྱགས་རྩེད་བརྩེས་པས་བྲག་ཐོའི་མགོར་ལྷག་སོང་ཚུལ་ཡང་ཡོད། དགེ་བསྙེན་ད་དུང་སྐྲག་གི་ཡོད་པས་སླར་ཡང་འཇོལ་བདེ་ཆེན་ལ་བྲོས། འཇོལ་བདེ་ཆེན་ལ་འདུག་སྐབས་འཇོལ་བཟའ་མ་ཞིག་ལ་དགའ་ས་སྒྲིག་སྟེ་མངལ་ཆགས། ཡང་ཨ་ཅོ་ཞིག་ལ་དམར་འགག་རྟ་ལྷ་ཤི་ཨི་འདུག་ཅེས་དྲིས་པས། དེས་ཤི་བ་མ་ཟད་རུས་པ་ཡང་བཙའ་འདུག་ལབ་རྗེས། གཞི་ནས་རྨེ་རུ་འགག་ལ་འཇོལ་བཟའ་བུ་ཁུར་མ་དང་གཟིག་ཅིག་ཕྲིད་དེ་ཡོང་། འོན་ཀྱང་ཆུང་མ་སྔུན་མ་མཚོ་སྨན་གྱིས་ཕྲག་དོག་བྱེད་པར་སྐྲག་ནས་འཇོལ་བཟའ་དེ་མཁར་རྫོང་ནང་ཡར་འཁྲིད་མ་ཕོད་པས་རྫོང་མཁར་གྱི་འོག་ཏུ་བཞག ད་ལྟ་འཇོལ་བཟའ་ཟེར་བའི་བྲག་འབུར་བུ་ཁུར་འདྲ་བོ་ཞིག་ཡོད་པ་དེ་ཡིན། གཟིག་དེ་རྫོང་སྣའི་ཕར་གྱི་བྲག་ཐེམ་ཐོག་ཏུ་བཀོས་པས་ད་ཆར་ཀུན་གྱིས་མཐོང་དུ་ཡོད་པའི་གཟིག་མགོ་ཟེར་བ་དེ་ཡིན། དེས་ན་ད་ལྟ་རྨེ་རུ་འགག་གི་གཟིག་ནི་བོད་ཡུལ་ས་ཕྱོགས་གཞན་དང་མི་འདྲ་བར་རྩལ་དྲུག་གཏིང་ནས་རྒྱས་ཤིང་། འཛོམ་དྲུག་ལུས་ལ་ཆགས་དོན་ཡང་དེ་ཡིན། དེ་ལྟར་རྨེ་རུ་དགེ་བསྙེན་ནི་ཡུལ་འདིའི་གནས་བདག་གཞི་བདག་ནང་ནས་གནའ་སྒྲུང་ཆེས་མོད་ས་ཞིག་ཡིན་པ་མ་ཟད། བཀའ་བན་བོན་གྱི་མཁས་གྲུབ་མང་པོས་བསང་ཡིག་དང་ཕྲིན་བཅོལ་མཛད་པ་ཤིན་ཏུ་མང་མོད་ཡི་གེ་མང་བར་དོགས་པས་འདིར་མ་བཀོད། དགེ་བསྙེན་དམ་ལ་བཏགས་རྗེས་དགྲ་ལ་སྡང་ཞིང་རང་ཡུལ་རྟ་ཤོད་གཞུང་གི་མི་ལ་མགོན་སྐྱོབས་དང་དཔུང་གཉེན་ཧ་ཅང་ཆེ་བས། ཐ་ན་བུ་མོ་ཞིག་ས་ཕྱོགས་གཞན་དུ་མནའ་མར་བྱིན་ནའང་ཚུར་རང་ཡུལ་དུ་ཁྲིད་ཡོང་བ་དང་། ཡུལ་འདིའི་མི་དག་དབུས་ཉི་མ་ལྷ་སར་གནས་མཇལ་ཕྱིན་ན་ཡུན་རིང་འདུག་མི་བཅུག་པ་སོགས་བྱེད་དེ་དགྲ་ལ་སྡང་ཞིང་ཡུལ་ལ་མགོན་པའི་བྱ་བ་བྱས་པའི་གཏམ་མང་ངོ་། །
བོན་རྙིང་གཉིས་ཀྱིས་མངའ་གསོལ་ཁྱེད་ལ་ཞུ། །
བཀའ་དགེ་གཉིས་ཀྱིས་གསོལ་མཆོད་ཁྱེད་ལ་བྱེད། །
རྟ་ཤོད་ཕུ་མདའི་དགེ་བསྙེན་གཅིག་པུ་བ། །
དམར་ནག་ཁྲོས་པའི་ཉམས་ལྡན་རྭ་བཅུའི་གདོང་། །
3 མཐོང་ན་མི་སེམས་སྒུལ་བའི་རྨེ་རུ་འགག
རྨེ་རུ་འགག་ནི་ཁྱུང་པོ་སྟེང་ཆེན་རྫོང་གྱང་སྔོན་ཤང་རྟ་ཤོད་ཚུན་གྱི་ས་གནས་སུ་ཡོད་ལ། རྨེ་རུ་འགག་གི་རི་བྲག་རྫིག་ཅིང་དཔང་མཐོ་བ་སྟེ། ཉིན་རི་བྲག་གིས་བཟུང་ཞིང་རི་མགོ་སྤང་གིས་ཁྱབ་པ། །སྲིབ་རི་ཤིང་གིས་བཟུང་ཞིང་གཅན་གཟན་རྩལ་དྲུག་ངོམ་ས། །རི་དྭགས་མ་བུ་འགྲོག་ཅིང་ཤྭ་ཕོའི་ཁྲག་རྭ་རྒྱས་ས། །དམར་ལ་ཁྲག་མདོག་དོད་ཅིང་ཁྲོས་པའི་ཉམས་དང་ལྡན་པ། །བལྟས་ན་རྔམ་ཞིང་བརྗིད་ལ་མཐོང་བས་མི་སེམས་གཡོ་བ། །ལྗང་ལ་ཁ་དོག་སྣུམ་ཞིང་གཡུ་ཡི་མཚོ་མོ་འཁྱིལ་འདྲ། །མཐོ་བ་དགུང་དང་འགྲོག་ཅིང་རི་མགོ་གནམ་ལ་ཟུག་འདྲ། །གཡང་གཟར་ཤིན་ཏུ་བཙན་པས་བྱ་རྒོད་གནས་ཚང་འཇོག་ས། །གཟིག་མགོས་སྲུང་མ་བྱས་ཏེ་རྟ་ཤོད་དགྲ་རྐུན་འགོག་འདྲ། །རྗི་བོས་འགྲུལ་པར་བལྟས་ཏེ་རྟ་ཆུ་ཨེ་འཐུང་སྒུག་འདྲ་སྟེ་མདོར་ན་བཟོ་བཀོད་མཁན་པོས་རྩལ་ལས་འཁྲུངས་པ་ལྟ་བུའི་རྨེ་རུ་འགག་གི་ཕྱིའི་བཀོད་པ་འདི་ནི་ཅི་འདྲའི་ངོ་མཚར་བ་ཞིག་རེད་ཨང་། རྨེ་རུ་འགག་འདིར་གནའ་སྔ་མོ་ད་ལྟ་ནང་བཞིན་ལམ་ཆེན་མེད་པ་མ་ཟད། འགག་འཕྲག་ཤིན་ཏུ་དོགས་ཤིང་རྫོང་བཙན་པས་དམངས་གཙོ་བཅོས་བསྒྱུར་མ་བྱས་གོང་ཕྱོགས་ཀྱི་འགྲུལ་པ་དག་ནི་རྨེ་རུ་གནམ་ལ་བརྒལ་ནས་འགྲོ་འོང་བྱེད་དགོས་པ་ལས་རྨེ་རུ་འགག་ནས་འགྲོ་འོང་བྱེད་ས་མེད། ཕྱིས་སུ་ད་ལྟའི༣༡༧རྒྱ་ལམ་བསྐྲུན་ནའང་། སྣུམ་ལམ་མ་བསྐྲུན་གོང་འགྲིམ་འགྲུལ་གོད་ཆགས་གྲངས་མེད་བྱས་ཡོད་ལ། རི་བྲག་གི་དཔང་མཐོ་ཞིང་ཁ་དོག་དམར་ལ་གཡང་ལམ་ཤིན་ཏུ་དོག་པ་ཡིན་པས་འཇིག་སྣང་སྐྱེ་སའི་རོང་བྲག་ཅིག་དང་། ངོ་མཚར་བའི་རང་བྱུང་གི་བྲག་བཀོད། ལྗོན་ཤིང་། ནག་ཚལ། རྩྭ་རྩི་ཤོག་སོགས་མདོར་ན་མ་ཚང་བ་མེད་པ་ལྟ་བའི་གནས་ཤིག་ཡིན། མཁའ་ལ་ལྡིང་བའི་བྱ་རྒོད་ཐང་དཀར་དང་ཐང་སྨུག གོ་བོ། ཁྲ། གླག །སྐྱུང་ཀ། ཕོ་རོག །བྱ་བྱེའུ་སོགས། མཆེ་སྡེར་ཅན་ཏེ། གཟིག །གསའ་གཟིག །གཡུ། ཕག་རྒོད། དྲེང་མོང་། སྐྱང་ཀི། ཝ། སྦེ་ལ་སོགས། རི་དྭགས་ལ། ཤྭ་བ། གནའ་བ། རྒོ་བ། གླ་བ། རྒྱ་ལ་སོགས་ཧ་ཅང་མང་བས་སྲོག་ཆགས་རེ་རེ་བཞིན་བདག་གིས་བགྲང་བར་མི་ནུས་སོ། །
གནམ་སའི་བར་མཚམས་མཐུད་འདྲའི་རི་བྲག་དང་། །
ས་གཞིའི་རྣ་ལོང་ལྟ་བུའི་མཛེས་ལྗོངས་འདི། །
བི་ཤྭ་ཀརྨས་བཟོས་འདྲའི་རང་བྱུང་ལ། །
སེམས་ཀྱི་མེ་ལོང་མི་ཤོར་རང་དབང་ཅི། །
4 གླིང་གེ་སེར་དང་རྨེ་རུ་འགག
རྨེ་རུ་འགག་ཏུ་རྨེ་རུ་དགེ་བསྙེན་དང་དམར་འགག་རྟ་ལྷ་གཉིས་ཕུད་རྗེས་གནའ་སྒྲུང་དང་རང་བྱུང་གི་བཀོད་པ་གཞན་མེད་པ་ཞིག་ག་ལ་ཡིན་ཏེ། གླིང་རྗེ་གེ་སེར་རྒྱལ་པོས་བདུད་ཤྭ་བ་སྐྱ་ཧྲེང་བཏུལ་བའི་གནའ་སྒྲུང་སོགས་ཡོད་པས། ཅུང་ཟད་ཞུས་ན། ཆུ་མདོ་འགག་ནས་བདུད་ཤྭ་བ་སྐྱ་ཧྲེང་འདུལ་རྩིས་བྱས་ཀྱང་མ་ཐུལ་བས་རྟ་ཤོད་དཀྱིལ་འཁོར་ཐང་ནས་བ་ཡག་ནང་བརྒྱུད་དེ་བྲོས་སོང་བས་གེ་སེར་གྱིས་རྗེས་དེད་དེ་ཡོང་། མཐར་རི་ནང་ནས་རྗེས་ཟིན་ནའང་ད་དུང་བྲོས་ཤོར་བས། དེ་ལ་བྱེད་ལས་ལུང་པར་ཐོག་པའི་ངག་རྒྱུན་དུ་འདི་ལྟར། རི་ནང་ནས་རི་ལང་། འཆམ་ནང་ནས་འཆམ་བྱས། བཀོ་རི་མ་ནས་བཀོས། རོགས་ལྟ་མ་ནས་རོགས་བྱས། ཤོར་སྣ་ནང་ནས་ཤོར། གཤེད་ཆུང་ནང་གཤེད་བཀུག །ཝ་སྲིབ་ཁ་ནས་ཝ། བཤས་ཁར་ཐང་དུ་བཤས་ཏེ་དེ་རུ་དམ་ལ་བཏགས་རྗེས་བྲག་ངོས་སུ་ཁྲག་བྲིས་བྱས། ཡིག་གཟུགས་ནི་ད་ཆར་ཡང་ཡོད་ལ། རྒྱས་པར་ཤེས་འདོད་ན་རྟ་ཤོད་གཞུང་དུ་ཕེབས་ནས་ལོ་ལོན་ཚོར་བཅར་འདྲི་གྱིས་དང་འདི་ལས་རྒྱས་ཙམ་ཡོད་མོད་ཡི་གེ་མང་བར་དོག་ནས་མ་བྲིས་སོ། །
ཀི་ཀི་བསོ་བསོའི་སྐྱབས་ཡུལ་སེང་ཆེན་རྗེས། །
ཤྭ་བ་སྐྱ་ཧྲེང་བརྟུལ་དང་མ་བརྟུལ་ཆོག །
ཡིད་བརྙན་འཆར་སའི་ས་རྡོ་རི་བྲག་ལ། །
སྙན་ངག་མཁན་གྱིས་སྙུག་སོ་སྒུལ་འདྲ་རྨད། །
5 རྨེ་རུ་འགག་གི་གཟིག་མགོ་ངོས་འཛིན།
རང་བྱུང་གི་བྲག་ལ་བཟོ་རྩལ་མཁན་པོས་དངོས་སུ་བཟོས་པ་ལྟ་བུའི་གཟིག་མགོ་འདི་ལ་མིང་འབོད་སྲོལ་མང་དུ་མཆིས(གཟིག་མགོ །སྟག་མགོ །སྦྲུལ་མགོ །ཁྱི་མགོ །)ཀྱང་རྒན་པོའི་ངག་རྒྱུན་དང་རང་བྱུང་གི་བྲག་གཟུགས་ལ་ཡུན་གྱིས་བལྟས་ན། སྒོ་ཀུན་ནས་འདི་ནི་གཟིག་མགོ་འཁྲུལ་མེད་ཅིག་ཏུ་ངོས་འཛིན་བྱས་ན་ལོས་ཆོག་སྙམ་པ་བྱུང་། བྲག་གི་གཟུགས་བརྙན་ཙམ་དུ་བྱེད་དེ་སྟག་མགོ་ཞེས་བོས་ན་ཆོག་མོད། དེ་ལ་རྒྱབ་ལྗོངས་ནི་གང་ཡང་མེད་པ་མ་ཟད་དུས་འགྱུར་སྔ་རྗེས་གང་ལ་ཡང་སྟག་ཡོད་པའི་གཏམ་གང་ཡང་མེད། སྦྲུལ་མགོ་ཞེས་པ་ནི་གཏམ་འཆལ་བརྡོལ་བ་ཙམ་ལས་བྲག་གཟུགས་རང་གིས་ཀྱང་སྦྲུལ་མགོ་མིན་པ་ངོ་སྤྲོད་བྱས་ཡོད་དེ། བྲག་གཟུགས་དེ་ལ་རྣ་བ་ཡོད་ལ་སྦྲུལ་ལ་ནི་རྣ་བ་མེད། དེས་མ་ཚད་སྦྲུལ་མགོ་ལེབ་ལེབ་ཅིག་ཡིན་པས་འདི་ནི་དེ་ལྟར་མིན་པས་མང་པོ་བཤད་ག་ལ་དགོས་ལགས། ཁྱི་མགོ་ཟེར་བ་ཡང་བཤད་སྒྲོས་ཙམ་ལས་བྲག་གཟུགས་རང་གིས་ཀྱང་ངོ་སྤྲོད་བྱས་ཡོད་དེ། ཁྱིའི་གདོང་པ་ནར་ནར་རིང་པོ་ལྟ་བུ་ཡིན་ཡང་བྲག་གཟུགས་ལ་ནི་དེ་ལྟར་མེད་དོ། །ཆེས་ཡིད་ལ་འཐད་པ་དང་། བྲག་གཟུགས་དང་གནའ་གཏམ་གཉིས་ཀ་ཡོད་པ་ནི་གཟིག་མགོ་དེ་རང་ཡིན། དཔེར་ན། རྨེ་རུ་དགེ་བསྙེན་རྒྱལ་འཇོལ་ལ་ཡུལ་གྱར་དུ་སོང་སྟེ་སླར་ཡང་ཕ་ཡུལ་དུ་ཡོང་སྐབས་འཇོལ་བཟའ་བུ་ཁྲིད་མ་ཞིག་དང་། གཟིག་ཅིག་བཅས་ཁྲིད་ནས་ཡོང་བའི་གནའ་གཏམ་འདི་ནི་ཡོངས་གྲགས་རེད་ལ། དེས་མ་ཚད་འཇོལ་བཟའ་མཚོན་བྱེད་ཀྱི་བྲག་རི་ད་ཆར་ཡང་ངོས་འཛིན་ཡོད་ལ། གཟིག་དེ་མཚོན་བྱེད་ཀྱི་བྲག་རི་ནི་འདི་དང་དེ་ཞེས་དངོས་སུ་མིང་སྨོས་མེད་ཀྱང་། དེ་ནི་འདི་ག་རང་ལ་ངོས་འཛིན་བྱས་ན་ཅི་ལ་མི་འགྲིག་ཨང་། དེ་བཞིན་རྨེ་རུ་འགག་གི་གཟིག་ནི་བོད་ཁུལ་གྱི་ས་ཆ་གཞན་པའི་གཟིག་དང་མི་འདྲ་བར་ལུས་ཀྱི་སྟོབས་དང་། སྤུ་ཡི་ཁ་དོག །གཟུགས་པོའི་བོངས་ཚད་སོགས་ཁྱད་པར་བ་ཞིག་ཡོད་པ་རྒན་རབས་དག་གི་ངག་ལས་འབྱུང་བཞིན་ཡོད། ད་དུང་ཡ་མཚན་པ་ཞིག་ལ་དུས་འགྱུར་སྐབས་བཅིང་གྲོལ་དམག་རྨེ་རུ་འགག་བརྒྱུད་དེ་ཡོང་སྐབས་རྫོང་སྣ་ནས་གཟིག་གཉིས་ཀྱིས་ལམ་སྒུག་སྤྲད་པ་ལྟ་བུ་བྱས་ཏེ་བསྡད་པས། དེ་གཉིས་བསད་དེ་གཟིག་ལྤགས་གྱང་སྔོན་དུ་རྒྱོང་ཤིང་ཐོག་ཏུ་བརྒྱངས་ནས་ཡོད་པ་མཐོང་མཁན་གྱི་ལོ་ལོན་ཧ་ཅང་མང་། དེ་ལྟར་རིག་གསར་སྔུན་དུ་རྨེ་རུ་འགག་ལ་གཟིག་དངོས་མ་ཡོད་འདུག་ལ། གསའ་གཟིག་ནི་རྒྱུན་ལྡན་དུ་ཡོད། ལོ་འདི་གར་རྫི་བོ་མང་པོས་ཁ་མཉམ་གྲག་གི་སྒོ་ནས་རྨེ་རུ་འགག་ཏུ་གཟིག་དངོས་མ་འདུག་ཚུལ་མང་དུ་བཤད་ཡ་འདུག་པས། བདག་ཀྱང་ཡུལ་དངོས་སུ་ཉིན་འགར་གཟིག་ཨེ་མཐོང་བསམ་ནས་སྐོམ་པ་ཆུ་འདོད་ལྟར་བྱས་ཏེ་སོང་མོད་ཡིད་སྐྱོ་བ་དགོས་པ་ཞིག་ལ་མཐོང་ལམ་དུ་མ་གྱུར།
གཟིག་དེ་མ་ཁྲིད་དགུ་ཁྲིད། །
འཇོལ་བཟའི་མཉམ་དུ་ཁྲིད་འདུག །
བཀོ་ས་འཇོལ་གཟིག་མཐོ་སོང་། །
འཇོག་ས་འཇོལ་བཟའ་དམའ་འདུག །
སྙན་ངག་འབྲི་བར་ཚོར་བ་གཙོ། །
ལོ་རྒྱུས་འབྲི་བར་རྒྱུ་མཚན་གཙོ། །
ཆབ་སྲིད་བཤད་པར་གྱོད་ཚིག་གཙོ། །
གཙོ་གསུམ་དབྱེ་བ་འབྱེད་དེ་གཙོ། །
སྙན་ཚིག་མཛེས་མའི་ལང་ཚོ་འདིར་ངོམ་མེད། །
འཁྱོག་པོའི་ཕྱོགས་ལྷུང་སྐད་ཆ་འདིར་སྨྲས་མེད། །
ཆབ་སྲིད་གཡོ་སྒྱུ་ངན་པ་འདིར་བྲིས་མེད། །
དངོས་བྱུང་ངག་རྒྱུན་ལོ་རྒྱུས་ཇི་བཞིན་བྲིས། །
ཞེས་སྤྱི་ལོ་ 2023/9/23 དང་། བོད་རྒྱལ་ལོ་༢༡༥༠ཐམ་པའི་རབ་བྱུང་༡༧ལོ་སྟེ་ཆུ་ཡོས་ལོའི་ཟླ་༨པའི་ཚེས་༨ཉིན་རྨེ་རུ་འགག་དང་རྨེ་རུ་དགེ་བསྙེན་དམར་འགག་རྟ་ལྷ་ད་དུང་གཟིག་མགོའི་མཐའ་དཔྱོད་སོགས་ཀྱི་ལོ་རྒྱུས་སམ་ངོ་སྤྲོད་ཐུང་ངུ་འདི་ནི་ཤོད་ཆེན་བཅོ་བརྒྱད་ཀྱི་ནང་ཚན་ཁྱུང་པོ་རྟ་ཤོད་གཞུང་ནས་ཟངས་རི་ནོར་བུའམ་བཙན་རལ་གྱིས་རྒན་རབས་ཀྱི་གཏམ་དང་ཡུལ་གྱི་གནས་སྟངས་ལ་གཞི་བཅོལ་ཏེ་མདོར་བསྡུས་སུ་བཀོད་པ་མཇུག་གྲུབ་བོ། །
2023/08/02
ལྷོ་ཀོ་ཡི་ཡའི་དམག་མི་ཞིག་བྱང་ཀོ་རི་ཡའི་བཟུང་དམག་བཙོན་པར་གྱུར་ནས་ལོ་ལྔ་བཅུ་ལས་བརྒལ་བ།
སྐུ་ཞབས་ལི་ཏ་བོང་ (Lee Dae bong) ནི་ད་ཆ་ལོ་ན་ 92 ལོན་ཞིང་ལྷོ་ཀོ་ཡི་ཡའི་དམག་མི་བྱང་ཀོ་རི་ཡའི་བཟུང་དམག་བཙོན་པར་གྱུར་ནས་ལོ་ལྔ་བཅུ་ལས་བརྒལ་བ་ཞིག་ཡིན།
ད་ཆ་ཁོང་མལ་ཁྲི་ལས་འབབ་རྒྱུར་དེ་ཙམ་མི་དགའ། ཁོང་གི་བཙོན་ཆས་ཀྱི་ཕུ་དུང་ཁ་ནས་ལག་པ་གཡོན་པའི་མཛུབ་མོ་གསུམ་ཤོར་ཡོད་པ་ཕྱིར་མངོན་གྱི་ཡོད། ཁོང་ལ་དེ་ལྟ་བུའི་རྨས་སྐྱོན་ཚབ་ཆེན་ཕོག་པ་ནི་དམག་འཁྲུག་སྐབས་སུ་བྱུང་བ་མིན་པར་ཕྱིས་སུ་ལོ་ངོ་ 54 རིང་ལ་བྱང་ཀོ་རི་ཡའི་རྡོ་སོལ་གཏེར་ཁའི་ལས་ཀར་བཀོལ་སྐབས་བྱུང་བ་ཞིག་རེད།
སྔོན་མའི་ཀོ་རི་ཡའི་དམག་མི་འདི་ཉིད་ལྷོ་བྱང་ཀོ་རིའི་དམག་འཁྲུག་སྐབས་ཏེ་སྤྱི་ལོ་ 1953 ལོའི་ཟླ་ 6 ཚེས་ 28 ཉིན་མདའ་མོ་རི་བོའི་གཡུལ་འགྱེད་ཀྱི་ཉིན་དང་པོ་དང་། གདུག་རྩུབ་ཆེ་བའི་ལོ་གསུམ་རིང་གི་འཐབ་འཛིང་མཚམས་འཇོག་བྱེད་པར་ཟླ་གཅིག་མ་ཟིན་ཙམ་ཡོད་པའི་སྐབས། རྒྱ་ནག་དམག་གིས་འཛིན་བཟུང་བྱས་པ་ཡིན་འདུག
དམག་འཁྲུག་གི་ཉིན་དེར་ཁོའི་ལྡིང་ཤོག་གསུམ་པའི་དམག་ཚང་མ་བསད་ཤོར་ཡང་ཁོང་དང་སྲོག་ཉེན་ལས་ཐར་བའི་མི་གཞན་གཉིས་བཅས་དངོས་ཟོག་སྐྱེལ་འདྲེན་མེ་འཁོར་ནང་དུ་བཅུག་སྟེ་ཁྱེར། ཁོང་གིས་ཕ་ཡུལ་ལ་ལོག་རྒྱུ་ཡིན་པར་ཚོད་དཔག་བྱས་མོད་མེ་འཁོར་དེ་བྱང་ཕྱོགས་སུ་བསྐྱོད་དེ་ཨའོ་ཇི་ (Aoji) རྡོ་སོལ་གཏེར་ཁ་བསྔོག་སར་ཁྱེར་མི་ཚེ་ཕལ་ཆེར་དེ་ན་བསྐྱལ་དགོས་བྱུང་། དེ་ཤུལ་རིང་ཁོང་གི་ནང་མི་ལ་ཁོང་ལ་འཐབ་འཛིང་ཁྲོད་རྐྱེན་ལམ་དུ་ཤོར་བཤད། ལྷོ་བྱང་ཀོ་རི་ཡ་ཁ་བྲལ་གྱི་གནས་སྟངས་འོག་དམག་མཚམས་འཇོག་རྒྱུར་ཐག་བཅད་བྱས་རྗེས། བྱང་ཀོ་རི་ཡའི་དམག་མི་ཁྲི་5 ནས་8 བར་ཁྲའོ་ཞན་དུ་བཙོན་འཇུག་བྱས།
བྱང་ཀོ་ཡི་ཡས་ཞི་བདེའི་ཆིངས་ཡིག་ལ་བརྩི་སྲུང་གཏན་ནས་བྱེད་མ་མྱོང་བས་བཙོན་པ་རྣམས་ཕྱིར་ལོག་མ་ཐུབ། འོན་ཀྱང་སྐུ་ཞབས་ལི་ལགས་ལྟ་བུ་ཐབས་བརྒྱ་ཇུས་སྟོང་གིས་རང་ཉིད་བྲོས་བྱོལ་བྱེད་པའི་མི་ཉུང་ཤས་བྱུང་ཡོད།
རྩོམ་ཁུངས། BBC: News
2023/07/30
ཀིམ་ཇོན་ཨུན་(Kim Jong Eun) གྱིས་རུ་སིའི་རྒྱལ་སྲུང་བློན་ཆེན་ཧྲོའི་གུ་ (Shoigu) ལ་འཕུར་མདའ་ངོམ་པ།
བྱང་ཀོ་རི་ཡའི་དམག་འཁྲུག་མཚམས་བཞག་ནས་ལོ་ 70 འཁོར་བའི་རྟེན་འབྲེལ་མཛད་སྒོ་རྒྱ་ཆེར་སྤེལ་རྒྱུ་ཡིན་པ་དང་། མཛད་སྒོ་དེ་ནི་དམིགས་བསལ་གཞི་ཁྱོན་ཆེ་བའི་དམག་གཟིགས་མཛད་སྒོ་ཞིག་ཡིན་པ་རེད། ད་ལན་མཛད་སྒོ་དེར་ཧྲའོ་གུ་ཡིས་འགོ་ཁྲིད་པའི་རུ་སིའི་འཐུས་ཚབ་ཚོགས་པ་དང་དེ་བཞིན་རྒྱ་ནག་གི་དཔོན་རིགས་ཁག་གདན་འདྲེན་ཞུས་ཡོད་པ་རེད།
འགྲེམས་སྟོན་བྱས་པའི་མཚོན་ཆའི་ནང་དུ་ཧྭ་སོང་ (Hwasong) གི་སྐམ་ས་ནང་ཁུལ་གྱི་མདའ་འཕུར་མདའ་( ICBM) ཚུད་ཡོད། དེ་ནི་ཟླ་4པར་ཚོད་ལྟ་ལེགས་འགྲུབ་བྱུང་བའི་འཕུར་མདེལ་ཏེ། རྒྱལ་ཡོངས་ཀྱི་ཐོག་མའི་སྲ་གཟུགས་ལས་གྲུབ་པའི་སྐམ་ས་ནང་ཁུལ་གྱི་འཕུར་མདའ་ཞིག་ཡིན་ལ། དེ་ནི་གཤེར་གཟུགས་ཀྱིས་བཟོས་པ་ལས་ཀྱང་མགྱོགས་པར་ཡིད་ཆེས་ཡོད་པར་བཤད། ད་རུང་འགྲེམས་སྟོན་ཐོག་མི་མེད་གནམ་གྲུ་ཐོན་གསར་པ་གཉིས་ཡོད་ཅིང་། དེའི་ནང་གི་གཅིག་ནི་ཨ་རིའི་མཁའ་དམག་གིས་བཀོལ་སྤྱོད་བྱེད་ཀྱིན་པའི་ཕར་རྒོལ་མི་མེད་གནམ་གྲུ་དང་འདྲ་མཚུངས་ཤིག་ཡིན་པར་བཤད།
ད་ལྟའི་ཧྲའོ་གུའི་འཚམས་གཟིགས་འདི་ནི་བྱང་ཀོ་རི་ཡས་ར་ཡུག་དམག་དམག་འཁྲུག་ཁྲོད་དུ་མཚོན་ཆ་མཁོ་འདོན་ཡོང་ཆེད་རེད་ཅེས་སྐྱོན་བརྗོད་བྱེད་མཁན་བྱུང་ཡང་། བྱང་ཀོ་རི་ཡ་དང་རུ་སི་ཕྱོགས་གཉིས་ཀས་ཁས་ལེན་མེད་པ་དང་། ད་ལན་མཚམས་གཟིགས་དེ་ནི་བྱང་ཀོ་རི་ཡའི་ཀེ་སི་ཨེན་ཨེ་ (KCNA) ཞེས་པའི་གསར་འགྱུར་ཁང་གིས་བཤད་རྒྱུར། སྲིད་འཛིན་ཀིམ་དང་སྐུ་ཞབས་ཧྲོ་གུ་གཉིས་ཀྱིས་རྒྱལ་སྲུང་བདེ་འཇགས་དང་ཁོར་ཡུག་ཐད་ལ་དམིགས་པའི"ཕན་ཚུན་དོ་ཁུར་བྱེད་པའི་དོན་གནད"ཅེས་པའི་ཐོག་ལ་གྲོས་བསྡུར་བྱས་ཡོད་པར་བསྒྲགས།
གང་ལྟར་འཐུས་མི་ཚོགས་པ་ཁག་གིས་བྱང་ཀོ་རི་ཡ་ལ་ཁ་ཐོབ་པའི་ཉིན་མོ་དེར་རྗེས་དྲན་མཛད་སྒོར་ཞུགས་ཡོད་པ་དང་། དུས་དྲན་དེ་ནི་སྤྱི་ལོ་ 1953 ལོར་ལྷོ་བྱང་ཕྱོགས་གཉིས་དམག་འཁྲུག་མཇུག་བསྒྲིལ་རྒྱུའི་འབོད་སྐུལ་བྱུང་དང་བསྟུན་ནས་གཟའ་ཕུར་བུའི་ཉིན་དམག་མཚམས་བཞག་ཡོད་ཀྱང་དམག་མཚམས་བཞག་པ་ཙམ་ལས་ཞི་བདེའི་གྲོས་མཐུན་མ་བྱུང་བའི་རྐྱེན་གྱིས་ད་རུང་ཕན་ཚུན་དགྲར་འཛིན་ངང་དུ་ཡོད་པ་རེད།
མདོར་ཙམ་བཀོད་པ་ཡིན།
2023/07/20
བྱང་ཀོ་རི་ཡའི་ཡུལ་མི་ལྟོགས་ཤི་ཐེབ་པ།
Translated from (བྷི་བྷི་སི་ BBC)
བྱང་ཀོ་རི་ཡའི་ཡུལ་མིས་དབྱིན་ཇིའི་རླུང་འཕྲིན་ཁང་ (BBC) ལ་བཤད་རྒྱུར། ཡུལ་དེར་ཟས་རིགས་ཧ་ཅང་དཀོན་པས་ཁོང་ཚོའི་ཁྱིམ་མཚེས་ཁག་གཅིག་ལྟོགས་ནས་ཤི་སོང་ཟེར། ཆེད་མཁས་པས་བཤད་རྒྱུར། འཛམ་གླིང་ཐོག་ཆེས་ཁེར་རྐྱང་དུ་ལུས་པའི་རྒྱལ་ཁབ་འདིའི་གནས་ཚུལ་ནི་དུས་རབས་གོང་མའི་ལོ་རབས་དགུ་བཅུ་པ་ནས་བཟུང་ཆེས་སྡུག་ཤོས་ཤིག་རེད་ཅེས་བཤད།
2020 ལོ་ནས་བཟུང་སྲིད་གཞུང་གིས་མཐའ་མཚམས་བཀག་སྡོམ་བྱས་ཏེ་དགོས་གལ་ཆེ་བའི་དངོས་ཟོག་ནང་འདྲེན་མེད་པར་བཟོས་པ་དང་། མ་ཟད་མི་དམངས་ཀྱི་འཚོ་བར་ཚོད་འཛིན་བྱེད་ཤུགས་ཀྱང་ཆེ་རུ་བཏང་ཡོད་ཅེས་བཅར་འདྲི་དང་ལེན་བྱེད་མཁན་གྱིས་བཤད།
འོན་ཀྱང་བྱང་ཀོ་རི་ཡ་གཞུང་ཕྱོགས་ནས་དབྱིན་ཇིའི་རླུང་འཕྲིན་ཁང་ (BBC) ལ་ཁོང་ཚོས་ཐོག་མཐའ་བར་གསུམ་དུ་སྤྱི་དམངས་ཀྱི་ཁེ་ཕན་དམིགས་སུ་བཀར་ནས་སྒྲུབ་བཞིན་ཡོད་ཅེས་བཤད་ཡོད།
དབྱིན་ཇིའི་རླུང་འཕྲིན་ཁང་ (BBC) ནས་ཀོ་རི་ཡའི་དྲ་རྒྱ་གཉེར་སྐྱོང་བྱེད་པའི་ཚོགས་སྡེ་ཞིག་གི་རོགས་སྐྱོར་འོག ལྐོག་ཏུ་བྱང་ཀོ་རི་ཡའི་མི་སེར་དཀྱུས་མ་གསུམ་ལ་བཅར་འདྲི་བྱས་སྐབས། མཐའ་མཚམས་སྒོ་བརྒྱབ་པ་ནས་བཟུང་ཁོ་ཚོ་ལྟོགས་གྲིར་འཆི་བ་འམ། ཡང་ན་སྒྲིག་འགལ་བྱུང་བར་སྙེད་བཏགས་ནས་སྲོག་ཁྲིམས་གཅོད་རྒྱུར་སྐྲག་ཀྱིན་ཡོད་ཚུལ་དང་། སྤྱིར་བྱང་ཀོ་རི་ཡའི་ཡུལ་མི་རྣམས་ཀྱི་གནས་ཚུལ་ཐོས་རྒྱུ་ཧ་ཅང་དཀའ་བར་བཤད།
བྱང་ཀོ་རི་ཡའི་རང་དབང་ཕྱོགས་ཁག་ནས་ཡིན་ཞིང་བྱང་ཀོ་རི་ཡའི་བྲོས་བྱོལ་ལ་རྒྱབ་སྐྱོར་བྱེད་པའི་སོ་ཀིལ་ཕཀ་(Sokeel Park)ཅེས་པའི་བཤད་རྒྱུར། "གཏོར་བརླག་རང་བཞིན་གྱི་སྐྱོ་གར་ཞིག་མངོན་བཞིན་ཡོད་"ཅེས་བཤད།
རྒྱལ་ས་ཕྱོན་ཡང་(Pyongyang)དུ་གནས་སྡོད་བུད་མེད་ཅིག་གིས་ང་ཚོར་བཤད་རྒྱུར། "ང་ཚོས་སྒོ་བརྡུངས་ནས་ཁོ་ཚོར་ཆུ་སྟེར་འདོད་མོད། འོན་ཀྱང་ལན་འདེབས་མཁན་གཅིག་ཀྱང་མེད།" དེ་རྗེས་སྲིད་གཞུང་གི་མི་ནང་དུ་སོང་སྐབས་ཁོ་ཚོ་ཚང་མ་ཤི་ཚར་བ་མཐོང་བ་རེད། ཅེས་ཇི་ཡེ་འོན་(Ji Yeon) གྱིས་བཤད། ཇི་ཡེ་འོན་ནི་མོའི་བདེ་འཇག་གི་ཆེད་དུ་བཏགས་པའི་མིང་ཞིག་རེད།
རྒྱ་ནག་གི་མཐའ་མཚམས་ཉེ་འདབས་སུ་བསྡད་ཡོད་པའི་ཨར་ལས་བཟོ་པ་ཁྲན་ཧོ་ཞེས་པ་ཞིག་གིས"ང་ཚོར་འབྲུ་རིགས་མཁོ་སྤྲོད་བྱེད་ཚད་ཧ་ཅང་དམའ་བས། ཁོང་གི་གྲོང་ཚོའི་ནང་གི་མི་ལྔ་ལྟོགས་ནས་ཤི་ཚར་སོང་ཞེས"དང་། ད་རུང་ཁོས་བཤད་རྒྱུར། "དང་ཐོག་ང་རང་ཏོག་དབྱིབས་ནད་དུག་གིས་ཤི་བར་སྐྲག་མོད། འོན་ཀྱང་རྗེས་སུ་ལྟོགས་ནས་ཤི་བར་སེམས་ཁུར་བྱེད་ཀྱིན་ཡོད"ཅེས་བཤད།
གང་ལྟར་བྱང་ཀོ་རི་ཡས་མི་གྲངས་བྱེ་བ་གཉིས་དང་ས་ཡ་དྲུག་ལ་འབྲུ་རིགས་འདང་ངེས་ཤིག་ཐོན་སྐྱེད་བྱེད་མ་ཐུབ་པའི་ཁར། སྲིད་གཞུང་གིས་2020ལོའི་ཟླ་1པོར་རྒྱལ་མཚམས་སྒོ་བརྒྱབ་སྟེ་རྒྱ་ནག་ནས་འབྲུ་རིགས་ནང་འདྲེན་བྱེད་མཚམས་བཞག་པ་དང་། འབྲུ་རིགས་འདེབས་ལས་ལ་མཁོ་བའི་རྫས་ལུད་དང་འཕྲུལ་ཆས་ཀྱང་བཀག་སྡོམ་བྱས་ཡོད་པ་སོགས་ཀྱིས་བྱུང་བ་རེད།
2023/03/27
བན་ཁྱི་ལྷ་ལག With English
བན་ཁྱི་ལྷ་ལག་ནི་དུས་རབས་བཅུ་བཞི་པར་ཁྱུང་པོ་རྟ་ཤོད་དམ་ཁྱུང་པོ་རྨེ་རུ་ཞེས་པར་སྐྱེས་པའི་ཁང་བརྩེགས་འཆར་འཁོད་པ་གྲགས་ཅན་ཞིག་ཡིན། ཁོང་གི་དངོས་མིང་ལ་བསོད་ནམས་སམ་བསོད་ནམས་འབུམ་ཧཧཞེས་གྲགས་ཀྱང་། དམངས་ཁྲོད་དུ་མིང་འདོགས་སུ“བན་ཁྱི་ལྷ་ལག”ཅེས་བཏགས། དེའི་དོན་ནི་ཁོའི་རུས་རྒྱུད་བན་དང་། བཟོ་ལས་མཁས་པས་ལག་པ་ལྷའི་ལག་པ་དང་འདྲ་ཡང་གཤིས་རྒྱུད་མི་ལེགས་པས་མི་ཁྱི་དང་འདྲ་བ་ཞིག་ཡོད་པས“བན་ཁྱི་ལྷ་ལག་”ཅེས་ཐོགས་པར་གྲགས།
ངག་རྒྱུན་དུ་བན་ཁྱི་ལྷག་ལག་ནི་དབྱི་ཤོད་རི་བོ་ཆེའི་“གཙུག་ལག་འཛམ་གླིང་རྒྱན་གཅིག”གམ་“ལྷ་ཁང་ཁྲ་འཁྱིལ་མ་”བཞེངས་སྐབས་འཆར་འགོད་པ་གཙོ་བོ་དེ་ཡིན་པ་དང་། ལྷ་ཁང་བཞེངས་སྐབས་དགོན་པས་བསྙེན་བཀུར་དེ་ཙམ་མ་བྱུང་སྟབས། ཁོ་པས་ལྷ་ཁང་གི་བད་མཚམས་ན་བསྒྲིགས་པའི་དུང་དཀར་ཀྱི་ཕྲེང་བ་རྣམས་མགོ་མཇུག་ལྡོག་ཅིང་ཁང་ཐོག་གི་ཆུ་འགྲོ་ཡོད་ཚད་ཁ་ནང་དུ་བསྒྱུར་བ་སོགས་ཚུལ་མིན་གྱི་བྱ་བ་འགའ་བསྒྲུབས། འོན་ཏེ་གཙུག་ལག་ཁང་གྲུབ་ནས་ཚུར་འོང་སྐབས་འབུལ་བ་རྒྱ་ཆེ་དྲགས་ཏེ་ཁོ་པ་འདྲ་ལ་ཞེས་པའི་ལ་སྟེང་དུ་ཐོན་སྐབས་ཕྱི་མིག་གཅིག་བལྟས་པ་ན། འབུལ་དངོས་བཀའ་བའི་ཁལ་མ་རྣམས་སྒ་ཆག་ཟམ་ཐོག་ནས་ད་རུང་མཇུག་རྫོགས་མེད་པར་མཐོང་བས། ཁོང་ལ་ཞེ་འགྱོད་ཚད་མེད་ཅིག་སྐྱེས་ཏེ་བཤགས་པའི་ཚུལ་དུ། “དུང་དཀར་མགོ་མཇུག་ལྡོག་པ་དེ། །དགྲ་ཆུ་སྲིན་གྱི་ཁ་གནོན་ཡོང་བར་ཤོག །ཝ་ཆུ་ནང་ལ་བསྒྱུར་བ་དེ། །བདུད་རྩི་ཕྱི་ལ་མི་ཤོར་བའི་རྟེན་འབྲེལ་ཤོག །”ཅེས་སྨོན་ལམ་བཏབས་པས་དགོན་པ་ལ་རྟེན་འབྲེལ་ཆེན་པོ་ཞིག་འགྲིག་སོར་བར་གྲགས།
ཁོང་གིས་རི་བོ་ཆེའི་གཙུག་ལགས་ཁྲ་འཁྱིལ་མ་བཞེངས་གྲུབ་ནས་ཕྱིར་རང་ཡུལ་དུ་ལོག་སྐབས་ཡུལ་གྱི་སྡེ་དཔོན་སྤོ་ཡོ་དཔོན་གྱིས་ཉིན་རྫོང་“ཉིན་སྟོད”ཅེས་པ་དེ་བྱ་དགའ་གཟེངས་བསྟོད་ཀྱི་ཚུལ་དུ་གནང་རྗེས་“ཉིན་རིའི་བན་ཚང་”ཞེས་པའི་ཁྱིམ་རྒྱུད་དེ་ཆགས་སོང་བ་ལས། དེའི་སྔོན་བན་ཚང་སྲིབ་ཀྱི་གྲོང་སྡེ་“ར་རྡོ་ཁ༌”ན་ཡོད་པར་གྲགས།
དེས་ན་ངག་རྒྱུན་གྱི་ལོ་རྒྱུས་དེར་ཡིག་ཆའི་ཁུངས་ཡོད་དམ་ཞེ་ན། སྟག་ལུང་ངག་དབང་རྣམ་རྒྱལ་ (1571–1626) གྱིས་བརྩམས་པའི་«སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ་» (p. 625.14–15) དང་རྗེ་དྲུང་འཇམ་དཔལ་ལུང་རྟོགས་ཀྱིས་བརྩམས་པའི་«སྟག་ལུང་བཀའ་བརྒྱུད་ཀྱི་ལོ་རྒྱུས་དེབ་ཐེར་རྒྱ་མཚོའི་སྙིང་བཅུད་» (p. 87.13–14) གཉིས་ལས། “འཕྲུལ་གྱི་བཟོ་བོ་བལ་པོ་ཛ་ཡ་དང་། གུང་ཐང་བ་དབང་ཕྱུག་འབུམ། མདོ་ཁམས་པ་བསོད་ནམས་སོགས”ཞེས་པ་མི་སྣ་གཙོ་བོ་གསུམ་གསལ་བ་ལས། མདོ་ཁམས་པ་བསོད་ནམས་ཞེས་པ་དེ་ཡིན་འོས་པ་ལྟར་སྣང་།
Ban Khyi-lha-lag was a famous building architect who was born in the fourteenth century in Khyungpo Tashod, or Khyungpo Meru. His real name was Sonam, or Sonam Bum❶ but he was more commonly known as “Ban-khyi Lhalag” means “Dog with Lord's hands”, because he was so good at designing with his hands were like hands of Lha, but he got bad cheracter like a dog.
It is said that Ban Khyi-lha-lag was the main architect of the great Temple named “One of the Ornaments of the World” or “Khra ’khyil ma” at Yu Sho Riwoche. that time The monastery did not pay much attention to the construction of the temple, so he did some improper things, such as reversed white conch shells on the balcony and pouring inside all the water on the roof.
However, when he was returning from the completion of the temple, his offerings were so vast that when he came to the pass called Drala La, he looked back once, he saw that the loads of gifts that he had ordered had not yet been completed on the Ga Chak bridge, So he felt immeasurable remorse and made this confession: May the white conch turned upside down for Subdue the enemies of the sea monsters. May drain pipes turned inward, be an auspicious circumstance for the nectar not to spill out. It is said that by making this prayer, a great auspicious circumstance was arranged for the monastery.
On his way back home, after finishing the constrcture of the Trakhyil temple of Riwoché, the local ruler Po-yo-pon gave him the Nying-Dzong Nyin-tod as a reward for his work. After that, the family line became known as the Nyin-ri Bentsang. Before that, the Bantsang family was said to have lived in the village in Ra-rDo-kha from Srib side❷.
One might ask, Do these oral traditions have a historical source? There are two texts: “The Marvelous Ocean of Ta-lung Dharma History” (p. 625.14–15) by Taklung Ngawang Namgyal (1571–1626) and “The Quintessence of the Ocean of Tak-lung Kagyü History” (p. 87.13–14) by Jedrung Jampel Lungtok (p. 625.14–15) The three main characters listed here are “the Nepalese artist Jaya, the Gungthangpa Wangchugbum, and the Dhokhampa Sönam”, So this seems to be the one called Dhokhampa Sönam was Khyi lha lag.
❶ «སྟག་ལུང་ཆོས་འབྱུང་ངོ་མཚར་རྒྱ་མཚོ་»ནང་འཁོད་པའི་བསོད་ནམས་འབུམ་ཞེས་པ་དེ་ཁོང་ཡིན་པ་ལྟར་ན།
❷ བཞེངས་ཡུན་ལ་ (1320–1328) ལོ་ངོ་དགུ་ཙམ་འགོར་བ་«སྟག་ལུང་བཀའ་བརྒྱུད་ཀྱི་ལོ་རྒྱུས་» (pp. 87.8–90.6) ནང་གསལ།
❸ Srib: valley which side doesn't get the sun penetrate.
❹ “Sonam Bum” which is found in the Ocean of Wonderful Dharma Stories of Taklung.
❷ བཞེངས་ཡུན་ལ་ (1320–1328) ལོ་ངོ་དགུ་ཙམ་འགོར་བ་«སྟག་ལུང་བཀའ་བརྒྱུད་ཀྱི་ལོ་རྒྱུས་» (pp. 87.8–90.6) ནང་གསལ།
❸ Srib: valley which side doesn't get the sun penetrate.
❹ “Sonam Bum” which is found in the Ocean of Wonderful Dharma Stories of Taklung.
2023/03/11
ལ་ལིཏ་པུར། Lalitpur
ངོ་སྤྲོད་མདོར་བསྡུས།
ལ་ལིཏ་པུར་གྲོང་ཁྱེར་ནི་ལོ་རྒྱུས་ཐོག་གི་པ་ཊཱ་ན་ (Pāțāṇa) དང་། ནེ་ཝར་གྱི་སྐད་དུ་ཡེ་ལ་ (Yela) ཞེས་གྲགས་ཤིང་རྒྱལ་ས་ཀ་ཐ་མན་ཌུའམ་ཀཱ་ཐ་མཱནྜཽཾ་ (Kathmandu, काठमाडौँ) དང་། པཱོ་ཁ་རཱ་(Pokhara, पोखरा) དང་། བྷཀྟ་པུར་ (Bharatpur, भरतपुर) བཅས་གྲོང་ཁྱེར་གསུམ་གྱི་མཚམས་ནས་མི་འབོར་མང་བའི་ནེ་པལ་གྱི་གྲོང་ཁྱེར་ཨང་བཞི་པ་དེ་ཡིན་ལ། བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཌུའི་ལུང་གཤོང་ལྷོ་ངོས་ཀྱི་ཆ་ཤས་སུ་གྱུར་ཡོད། ས་གནས་འདིའི་མིང་གཞན་ལ་མ་ཎི་གལ་ (Manigal) ཞེས་ཀྱང་གྲགས་པར་བཤད། ས་གནས་འདི་ལ་ཧ་ཅང་དཀོན་པའི་གནས་རྫས་རིག་གནས་ཀྱིས་ཕྱུག་ཅིང་ཁྱད་འཕགས་ཀྱི་སྲོལ་རྒྱུན་ལས་ཤེས་དང་། གྲགས་ཆེ་བའི་དུས་ཆེན་དང་དུས་སྟོན། གནའ་བོའི་སྒྱུ་རྩལ་ཐོན་རྫས་སྤུས་ལེགས། ལྕགས་རིགས་དང་ཤིང་ཆ་རྡོ་བཅས་ལས་གྲུབ་པའི་འབུར་སྐུ་འདྲ་མིན་སོགས་ཡོད།
ལོ་རྒྱུས།
ས་གནས་འདིའི་མིང་ཐོགས་ཚུལ་ལ་ངག་རྒྱུན་མང་པོ་ཡོད་པ་ལས། ཆེས་གྲགས་ཆེ་བ་ནི་རྒྱལ་ས་ཀ་ཐ་མན་ཌུ་ལྟེ་བར་བྱས་པའི་རྒྱལ་ཁབ་གསུམ་གྱི་འཐུས་མི་གསུམ་གྱིས་རྒྱ་གར་ཨ་སམ་ (Assam) ཀ་མ་རུ་ཀ་མ་ཆ་ཡ་ (Kamaru Kamachhya) རུ་ཡོད་པའི་ར་ཏོ་མཅྖིནྡྲ་ནཱ་ཏ་ཐའམ་ཉ་དབང་མགོན་པོ་དམར་པོ་ (Rato Macchindranāth) ཞེས་པའི་དྲང་སྲོང་ཞིག་རྒྱལ་ས་ཀ་ཐ་མན་ཌུའི་ལུང་གཤོང་འདིར་གདན་དྲངས་ཏེ་ཐན་པའི་གནོན་འཚེ་ལས་བསྐྱབས། དེ་ནས་ཁོང་ཡུལ་འདིར་གཏན་འཇག་བཞུགས་པ་སོགས་ཀྱི་ལོ་རྒྱུས་ཡོད། འཐུབ་ཚབ་དེ་དག་ལས་གཅིག་གི་མིང་ལ་“ལ་ལི་ཏ་”ཞེས་གྲགས་པས་དེའི་དབང་གིས་གནས་འདིར་ལ་ལི་ཏ་ཞེས་ཐོགས་པར་གྲགས་ཚུལ་སོགས་གཏམ་རྒྱུད་མང་།
ས་གནས་འདི་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པར་ཀི་ར་ཏའི་རྒྱལ་རྒྱུད་ (Kirat dynasty) ཀྱིས་བཙུགས་ཤིང་ཕྱིས་སུ་དུས་རབས་དྲུག་པར་ལིཙྪ་བི་ (Licchavis) ཡིས་རྒྱ་སྐྱེད་བྱས་པ་དང་། དུས་རབས་བར་མའི་དུས་སྐབས་སུ་མལླས་རྒྱལ་རྒྱུད་ (Mallas, मल्ल वंश) ཀྱིས་སྔར་ལས་ཀྱང་རྒྱ་བསྐྱེད་བྱས་པར་གྲགས།
སྤྱི་ལོ་ ༡༧༦༨ ལོར་ལ་ལི་ཏ་རྒྱལ་ས་འདི་ཉིད་འཐབ་འཛིང་གང་ཡང་མ་དགོས་པར་པྲི་ཐྭི་ན་ར་ཡན་ཤཿ (Prithvi Narayan Shah) ཡིས་གོར་ཁའི་རྒྱལ་པོའི་རྒྱལ་ཁོངས་སུ་བཅུག་པ་རེད།
གྲོང་ཁྱེར་འདི་དང་ཐོག་ནང་བསྟན་ཆོས་ལུགས་ཀྱི་ཆོས་འཁོར་གྱི་དབྱིབས་སུ་ཆགས་ཡོད་པར་བཤད་ལ། ངག་རྒྱུན་ལྟར་ན་སྤྱི་ལོའི་སྔོན་ ༢༥༠ ལོར་རྒྱལ་པོ་ཨ་ཤོ་ཀས་རང་གི་སྲས་མོ་ཆ་རུ་མ་ཏི་ཁྲིད་དེ་གནས་འདིར་འོངས། སྐབས་དེར་ཁོས་མཆོད་རྟེན་ལྔ་བཞེངས་པ་ལས། བཞི་ནི་པ་ཋ་ནའི་མཐའ་སྐོར་དང་གཅིག་དཀྱིལ་དུ་ཡོད་པར་བཤད།
སྤྱི་ལོ་ ༢༠༡༡ ལོའི་ནེ་པལ་རྒྱལ་ཡོངས་མི་འབོར་ཞིབ་བཤེར་བྱེད་སྐབས་ཁྱིམ་དུད་ ༥༤༧༤༨ ལ་མི་གྲངས་ ༢༢༦༧༢༨ ཡོད་པར་བཤད། ༢༠༡༡ ལོའི་ཟླ་ ༤ ཚེས་ ༢༥ ཉིན་གྲོང་ཁྱེར་དེ་ཡོངས་ལ་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཕོག་ཡོད།
2023/03/02
བྷཀྟ་པུར། (Bhaktapur)
བལ་ཡུལ་ལམ་ནེ་པལ་ (Nepal) གྱི་གནའ་ཤུལ་གྲགས་ཅན་བྷཀྟ་པུར་ (bhaktapur) ཞེས་པའི་དོན་ནི་“དད་པའི་གྲོང་”ཟེར་ཞིང་ས་གནས་ཡུལ་མི་ནེ་ཝར་རང་གི་སྐད་དུ་“ཁྭ་པ” (Khvapa) དང་སྔོན་གྱི་ལོ་རྒྱུས་ནང་“བྷཏ་ག་འོན” (Bhatgaon) ཞེས་ཀྱང་གྲགས།
གྲོང་ཁྱེར་འདིའི་ཆེས་གནའ་བོའི་མིང་ནི་“མཱ་ཁཽ་པྲིང་” (Mākhōpring) ངམ་ཁཽ་པྲིང་ (Khōpring) ཞེས་འབོད་ཚུལ་སྤྱི་ལོ་ 594 ལོར་བརྐོས་པའི་ལིཙྪ་ཝི་རྒྱལ་རབས་ཀྱི་བརྐོས་ཡིག་ལས་ཤེས་ཐུབ།
ཝི་ཀི་རིག་མཛོད་ (Wikipedia) ལྟར་ན་ས་གནས་འདི་བལ་ཡུལ་གྱི་རྒྱལ་ས་གསུམ་ལས་ཆུང་ཤོས་དེ་ཡིན་པ་དང་། གཞན་གཉིས་ནི་ལ་ལིཏ་པུར་ (Lalitpur) དང་ཀཱ་ཋ་མཱནྜཽ་ (Kathmandu, काठमाडौँ ) གཉིས་ཡིན་པར་བཤད་འདུག་ཀྱང་། ཀིརྟི་པུར་(kirtipur) ཡང་གནའ་གྲོང་གྲགས་ཅན་ཞིག་ཡིན་པར་ངེས།
ས་གནས་འདི་རྒྱལ་ས་ཀཱ་ཋ་མཱནྜཽ་གྱི་ཤར་ཟུར་གྲོང་ཁྱེར་ཞིག་ཡིན་ཞིང་མཆོད་རྟེན་བྱ་རུང་ཁ་ཤོར་(bouddha)ནས་བརྩིས་ན་སྤྱི་ལེ་ 13 ཙམ་ཡོད།
གོང་གསལ་ས་གནས་འདི་དག་ལ་གཙོ་བོ་ནེ་ཝར་མི་རིགས་གནས་སྡོད་བྱེད་ཅིང་དེ་དག་གི་རིག་གནས་ཀྱང་ཤུགས་ཆེར་དར་མྱོང་ལ་ད་རུང་ཡང་དེའི་རྒྱུན་གང་འཚམ་གནས་ཡོད།
ས་གནས་འདི་དུས་རབས་ 12 ནས་ 15 པའི་བར་མལླ་ (Malla) རྒྱལ་པོ་དང་དུས་རབས་15 པ་ནས་དུས་རབས་18 པའི་དུས་མཇུག་བར་དུ་བྷཀྟ་པུར་རྒྱལ་རྒྱུད་ཀྱི་ཕོ་བྲང་ཆགས་ཡུལ་ཡིན། སྤྱི་ལོ་ 1769 ལོར་བྷཀྟ་པུར་གྱི་གྲོང་ཁྱེར་འདི་གོར་ཁའི་དམག་གིས་དབང་འོག་ཏུ་བསྡུས་ཤིང་དེའི་མངའ་ཁོངས་སུ་གྱུར།
ཉེ་བའི་དུས་རབས་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་(UNESCO) ཀྱིས་རིག་གནས་སྲུང་སྐྱོབས་ཀྱི་ཁོངས་སུ་ངོས་འཛིན་དང་འབྲེལ་བལ་ཡུལ་དང་བྷཀྟ་པུར་གནའ་རྫས་རྟོག་ཞིབ་ཚན་པས་སྤྱི་ལོ་1934 དང་ 2015 ལོ་སོ་སོར་ས་ཡོམ་གྱི་གོད་ཆགས་ཤུགས་ཆེན་ཐེབ་པ་དག་ཉམས་གསོ་རྒྱ་ཆེར་བྱས་ཡོད་པར་སྣང་།
ས་གནས་འདི་རྒྱལ་ས་ཀཱ་ཋ་མཱནྜཽ་གྱི་ཤར་ཟུར་གྲོང་ཁྱེར་ཞིག་ཡིན་ཞིང་མཆོད་རྟེན་བྱ་རུང་ཁ་ཤོར་(bouddha)ནས་བརྩིས་ན་སྤྱི་ལེ་ 13 ཙམ་ཡོད།
གོང་གསལ་ས་གནས་འདི་དག་ལ་གཙོ་བོ་ནེ་ཝར་མི་རིགས་གནས་སྡོད་བྱེད་ཅིང་དེ་དག་གི་རིག་གནས་ཀྱང་ཤུགས་ཆེར་དར་མྱོང་ལ་ད་རུང་ཡང་དེའི་རྒྱུན་གང་འཚམ་གནས་ཡོད།
ས་གནས་འདི་དུས་རབས་ 12 ནས་ 15 པའི་བར་མལླ་ (Malla) རྒྱལ་པོ་དང་དུས་རབས་15 པ་ནས་དུས་རབས་18 པའི་དུས་མཇུག་བར་དུ་བྷཀྟ་པུར་རྒྱལ་རྒྱུད་ཀྱི་ཕོ་བྲང་ཆགས་ཡུལ་ཡིན། སྤྱི་ལོ་ 1769 ལོར་བྷཀྟ་པུར་གྱི་གྲོང་ཁྱེར་འདི་གོར་ཁའི་དམག་གིས་དབང་འོག་ཏུ་བསྡུས་ཤིང་དེའི་མངའ་ཁོངས་སུ་གྱུར།
ཉེ་བའི་དུས་རབས་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་(UNESCO) ཀྱིས་རིག་གནས་སྲུང་སྐྱོབས་ཀྱི་ཁོངས་སུ་ངོས་འཛིན་དང་འབྲེལ་བལ་ཡུལ་དང་བྷཀྟ་པུར་གནའ་རྫས་རྟོག་ཞིབ་ཚན་པས་སྤྱི་ལོ་1934 དང་ 2015 ལོ་སོ་སོར་ས་ཡོམ་གྱི་གོད་ཆགས་ཤུགས་ཆེན་ཐེབ་པ་དག་ཉམས་གསོ་རྒྱ་ཆེར་བྱས་ཡོད་པར་སྣང་།
Subscribe to:
Posts (Atom)