2023/09/30

རྟ་ཤོད་རྨེ་རུ་དགེ་བསྙེན་དང་གཟིག་མགོའི་བཀོད་པ་མདོ་ཙམ་གླེང་བ།

རྩོམ་པ་པོ། བཙན་རལ།
བལྟས་ན་བརྗིད་ཅིང་ཁྲོ་བོའི་ཉམས་ལྡན་མཐོང་བ་ཙམ་གྱིས་བག་ཆགས་འཇོག །
སོང་ན་རྔམ་ཞིང་གཏུམ་པོའི་ཚུལ་ཡིན་འགྲུལ་པོའི་ཡིད་ནས་བོར་མི་སྲིད། །
རི་དྭགས་གཡུང་དག་བྱ་ཁྱི་གཅན་གཟན་དབྱར་དགུན་སྟོན་དཔྱིད་ཀུན་ཏུ་རྒྱུ། །
སྔོ་ཞིང་དམར་ལ་འཕྲང་རིང་དོག་པོའི་རི་བྲག་འདི་ནི་རྨེ་རུ་འགག །
ཚན་རྩལ་འཕེལ་ཁ་དར་བའི་ཉེར་གཅིག་དུས། །
གནས་བདག་གཞི་བདག་ཡོད་ཀྱང་མེད་ཀྱང་རུང་། །
གནའ་བོའི་ལོ་རྒྱུས་ཡང་ན་སྒྱུ་རྩལ་ཆེད། །
གནའ་གཏམ་གནའ་སྒྲུང་མེད་དུ་མི་རུང་ངོ་། །
ཡེ་གདོད་གཤིས་སུ་རྨེ་རུ་མེད་ཀྱང་རྟ་ཤོད་གཞུང་གི་གནས་འདི་ཆགས། །
ལུང་པ་དམར་ལ་རྟ་དམར་ཁོག་པར་རི་བྲག་བཙན་ཞིང་ངག་རྒྱུན་མོད། །
སྲིད་པའི་ངག་གི་གཏེར་ཁ་བརྡོལ་བའི་ཕ་ས་ཕ་ཡུལ་དམར་ཧྲེང་འདི། །
ཤོད་ཆེན་བཅོ་བརྒྱད་མཚན་ཞིག་སྨོས་ན་ཁྱེད་ནི་དེའི་ཁྲོད་སེང་ལྟར་འགྱིང་། །
ཕ་ཡུལ་བདག་ཏུ་འཛིན་པའི་ཧམ་སེམས་མེད་ཀྱང་། །
སྔོན་བྱོན་གོང་མའི་ངག་དང་མཛད་པར་བརྟགས་ཏེ། །
ཅུང་ཟད་གསལ་ཁ་གཏོད་པའི་ངང་ཚུལ་འདི་ནི། །​​​
ཡུལ་ལ་ཞེན་ཆགས་ཡོད་པའི་དབང་གིས་ལོས་ཡིན། །
དྲང་པོའི་གཏམ་ལ་སུ་ཞིག་འགུ་དུས་མེད་ཀྱང་། །
རྒྱབ་བརྟེན་དཔང་རྟགས་ངག་སྒྲོས་ཡུལ་དང་མཐུན་པའི། །
མཁས་བརྒྱས་དོ་ཟླ་དབེན་པའི་ཡིག་ཆུང་འདི་ནི། །
གཟུར་གནས་བློ་ལྡན་ཚོགས་ཀྱི་སྤྱན་ལམ་བསྟར་རོ། །
རྟ་ཤོད་རྨེ་རུ་དགེ་བསྙེན་དང་གཟིག་མགོའི་བཀོད་པ་མདོ་ཙམ་གླེང་བ།
བལྟས་ན་བརྗིད་ཅིང་ཁྲོ་བོའི་ཉམས་ལྡན་མཐོང་བ་ཙམ་གྱིས་བག་ཆགས་འཇོག །
སོང་ན་རྔམ་ཞིང་གཏུམ་པོའི་ཚུལ་ཡིན་འགྲུལ་པོའི་ཡིད་ནས་བོར་མི་སྲིད། །
རི་དྭགས་གཡུང་དག་བྱ་ཁྱི་གཅན་གཟན་དབྱར་དགུན་སྟོན་དཔྱིད་ཀུན་ཏུ་རྒྱུ། །
སྔོ་ཞིང་དམར་ལ་འཕྲང་རིང་དོག་པོའི་རི་བྲག་འདི་ནི་རྨེ་རུ་འགག །
ཚན་རྩལ་འཕེལ་ཁ་དར་བའི་ཉེར་གཅིག་དུས། །
གནས་བདག་གཞི་བདག་ཡོད་ཀྱང་མེད་ཀྱང་རུང་། །
གནའ་བོའི་ལོ་རྒྱུས་ཡང་ན་སྒྱུ་རྩལ་ཆེད། །
གནའ་གཏམ་གནའ་སྒྲུང་མེད་དུ་མི་རུང་ངོ་། །
ཡེ་གདོད་གཤིས་སུ་རྨེ་རུ་མེད་ཀྱང་རྟ་ཤོད་གཞུང་གི་གནས་འདི་ཆགས། །
ལུང་པ་དམར་ལ་རྟ་དམར་ཁོག་པར་རི་བྲག་བཙན་ཞིང་ངག་རྒྱུན་མོད། །
སྲིད་པའི་ངག་གི་གཏེར་ཁ་བརྡོལ་བའི་ཕ་ས་ཕ་ཡུལ་དམར་ཧྲེང་འདི། །
ཤོད་ཆེན་བཅོ་བརྒྱད་མཚན་ཞིག་སྨོས་ན་ཁྱེད་ནི་དེའི་ཁྲོད་སེང་ལྟར་འགྱིང་། །
​ཕ་ཡུལ་བདག་ཏུ་འཛིན་པའི་ཧམ་སེམས་མེད་ཀྱང་། །
སྔོན་བྱོན་གོང་མའི་ངག་དང་མཛད་པར་བརྟགས་ཏེ། །
ཅུང་ཟད་གསལ་ཁ་གཏོད་པའི་ངང་ཚུལ་འདི་ནི། །​​​
ཡུལ་ལ་ཞེན་ཆགས་ཡོད་པའི་དབང་གིས་ལོས་ཡིན། །
དྲང་པོའི་གཏམ་ལ་སུ་ཞིག་འགུ་དུས་མེད་ཀྱང་། །
རྒྱབ་བརྟེན་དཔང་རྟགས་ངག་སྒྲོས་ཡུལ་དང་མཐུན་པའི། །
མཁས་བརྒྱས་དོ་ཟླ་དབེན་པའི་ཡིག་ཆུང་འདི་ནི། །
གཟུར་གནས་བློ་ལྡན་ཚོགས་ཀྱི་སྤྱན་ལམ་བསྟར་རོ། །
 རྨེ་རུ་འགག་དང་རྟ་ཆུ།

0 ངོ་སྤྲོད་གནད་བསྡུས།

དེ་ཡང་རྨེ་རུ་འགག་ནི་བོད་ཆབ་ཁྱུང་པོ་རྟ་ཤོད་གཞུང་གི་ཟལ་མོ་རི་རྒྱུད་ཀྱི་མདུན་ནས་བབས་པའི་རྟ་ཆུའི་འགྲམ་དང་རྨེ་རུ་གནམ་ལའི་བྱང་ཕྱོགས་སུ་ཡོད་ལ། སྔར་རྨེ་རུ་ཞེས་པ་འདི་ཡི་ཕྱེད་ཙམ་ནི་ཧོར་ཚོ་སོ་དགུའི་མངའ་འོག་དཀར་སྨད་དཔོན་གྱི་མངའ་ཁོངས་ཡིན་མོད། ‘འཕགས་པ་ལྷ་སྐུ་འཁོར་དབུས་གཙང་དུ་སློབ་གཉེར་ལ་འབྱོན་སྐབས་ཡུལ་སྡེ་འདིས་འཕྲོག་བཅོམ་བྱས་མཐར་དཀར་སྨད་དཔོན་གྱིས་འགྱོད་བཤགས་ཀྱི་ཚུལ་དུ་ཕུལ་བ་ཞིག་ཡིན་ཕྱིར་མིང་ལ་རྨེ་རུ་དང་ཆབ་མདོའི་མངའ་ཁོངས་སུ་བྱུང་ཚུལ་འདུག ཡང་བཤད་ཚུལ་གཞན་ཞིག་ལ་འཕགས་པ་ལྷ་སྐུ་འཁོར་ལྷ་སར་འབྱོན་སྐབས་ཀོང་བར་ལ་ནས་རྟ་ཤོད་རྨེ་རུ་ནས་ཡིན་པའི་རྨེ་རུ་ཇག་པ་མི་བདུན་གྱིས་འཕྲོག་བཅོམ་བྱས་མཐར་འགྱོད་བཤགས་ཀྱི་ཚུལ་དུ་སྡེ་བ་འདི་ཆབ་མདོར་ཕུལ་ཞིང་མིང་ལའང་རྨེ་རུ་ཞེས་ཐོག་ཚུལ་འདུག’[འཕགས་པ་ལྷ་མཆོག་གི་སྐུ་ཕྲེང་རིམ་བྱོན་དང་འབྲེལ་བའི་ཡིག་ཆ་འགའ་མཇལ་ཡང་ཁ་གསལ་ནི་མ་རྙེད། འདིར་རྣ་ཐོས་བཀོད་པ་ཡིན།]ཡུལ་འདིའི་བཀའ་བན་བོན་ཀུན་གྱིས་མཆོད་གསོལ་རྒྱུན་མི་འཆད་སའི་རྨེ་རུ་དགེ་བསྙེན་གྱི་གནས་གཞི་ཡང་འདིར་ཡོད་ལ། དེ་འབྲེལ་གྱི་གཟིག་མགོ་དང་། འཇོལ་བཟའ། རྫི་བོ་རི་ལུ། ད་དུང་གླིང་རྗེ་གེ་སེར་དང་འབྲེལ་བའི་ཤྭ་བ་སྐྱ་ཧྲེང་བྲོས་ཤུལ་སོགས་གནའ་གཏམ་མེ་ཏོག་ཕྲེང་སྟར་བཞིན་མཆིས། དེ་ལྟར་གནས་འདིའི་རིག་གནས་དག་རྟ་ཆུའི་སྟོད་སྨད་བར་གསུམ་གྱི་རྒན་པོ་ཚོའི་ངག་སྒྲོས་དང་། ཡུལ་གྱི་དཔང་རྟགས་ལ་གཞི་བཅོལ་ནས་བྲིས་པ་ཞིག་ཡིན།

1 རྨེ་རུ་དགེ་བསྙེན།

སྤྱིར་ན་དགེ་བསྙེན་ཞེས་པ་སོར་སྡོམ་རྒྱུད་ལྡན་གྱི་གང་ཟག་ལ་གོ་དགོས་མོད། ཁོང་ནི་དེ་ལས་འདས་པ་ཡིན། ཉིན་ཞིག་རྨེ་རུ་བསམ་འགྲུབ་དགོན་ནས་ཡིན་པའི་ཚུལ་ཁྲིམས་ཀྱི་དྲི་ཞིམ་འཐུལ་བའི་གྲྭ་པ་ཞིག་མཚམས་ལ་སྡོད་སྐབས། 「བསམ་གྲུབ་དགོན་ནི་གནའ་དུས་རི་བོ་ཆེ་དགོན་ཁྲ་འཁྱིལ་མའི་ཡང་དགོན་གྲྭ་ཚང་གི་བུ་དགོན་ཡིན་ལ། ད་ཆར་ཡང་རྒྱབ་ཀྱི་རི་ཆེན་དེར་ཡང་དགོན་མགོ་ཞེས་འབོད་པ་སོགས་རི་ཆེ་དང་འབྲེལ་བ་མང་། ཆོས་བརྒྱུད་སྟག་ལུང་བཀའ་བརྒྱུད་ཡིན། ཕྱིས་སུ་རི་བོ་དགེ་ལྡན་པར་བསྒྱུར། རིག་གསར་རྗེས་སུ་དཀྱིལ་བསམ་གཉིས་བསྡོམ་ནས་དཀྱིལ་མཁར་དགོན་ཞེས་རི་བོ་དགེ་ལྡན་པའི་བསྟན་པ་རྒྱས་བཞིན་མཆིས་སོ། །」བུད་མེད་ཅིག་གིས་ཆང་ཞིག་ཁུར། ར་ཞིག་ཁྲིད་ནས་ཡོང་སྟེ། འདི་ལྟར། དེ་རིང་ཁྱོད་ཀྱིས་ཡང་ན་མི་ཚངས་པ་སྤྱོད་དགོས། ཡང་ན་ར་འདི་གསོད་དགོས། ཡང་ན་ཆང་དམ་བེ་གང་འདི་འཐུང་དགོས། དེ་གསུམ་གང་རུང་མ་བྱས་ཚེ་ངས་རང་སྲོག་གཅོད་ཀྱི་ཡིན་ལབ་པས། གྲྭ་པས་བསམ་པར། བུད་མེད་ལ་ཆགས་པ་སྤྱད་ན་མི་ཚངས་པའི་ཕམ་པ་འབྱུང་བས་དེ་མི་རུང་། ར་འདི་བསད་ན་སྲོག་གཅོད་ཀྱི་སྡིག་པ་ཚབ་ཆེ་བས་མི་ཉན། དེས་བས་ཆང་འདི་འཐུང་། སྤྱིར་ན་ཆང་འཐུང་མི་ཉེན་མོད། མ་བཏུང་ན་བུད་མེད་འདིས་རང་མེད་བྱེད་འགྲོ་བསམ་ནས་ཆང་དེ་བཏུངས། ཆང་གིས་བཟི་རྗེས་བུད་མེད་དེར་འཁྲིགས་པ་སྤྱད། འཁྲིགས་པ་སྤྱད་རྗེས་ད་ཅི་སྡུག་བྱས་སོང་བསམ་པས་ར་དེའང་བསད། མཐར་བཟི་དྭངས་པ་དང་བདག་ནི་ད་སྔོན་ཚུལ་ལྡན་གྱི་གྲྭ་པ་ཞིག་ཡིན་མོད་ད་ནི་ཡོད་ཚད་ཚར་སོང་བསམ་ནས་སེམས་སྐྱོ་བཞིན། རྨེ་རུ་འགག་གི་བྲག་མགོ་ཞིག་ཏུ་ཕྱིན་ཏེ་གཡང་དུ་ལྕེབས་པས་མགོ་གོག་ནས་བེམ་རོ་དེ་ཕུག་པ་ཞིག་གི་སྒོ་འགྲམ་དུ་འགྲིལ། ཉིན་དེར་རྔོན་པ་ཕ་བུ་གཉིས་རྨེ་རུ་འགག་ཏུ་རྔོན་བྱེད་དུ་ཡོང་བས་ཤྭ་བ་ཞིག་བསད། ཤྭ་རོ་ཁྱེར་ནས་ཕུག་པ་དེའི་ནང་གནས་བཅར་བར་ཡོང་སྐབས་མི་རོ་མགོ་མེད་ཅིག་མཐོང་། དང་པོ་ཕུག་པའི་ནང་དུ་ཤྭ་རོ་དེ་བཤས་ཏེ་ཤ་བཙོས། ཟན་གྱི་ཀོང་བུ་ཞིག་བཅས་ཏེ་དེའི་ནང་ཚིལ་གཏུབ་ཅིག་འཕང་ནས་མར་མེ་སྦར་ཏེ་སྡོད་སྐབས་སུ་གཅིག་གིས་མར་ཀའི་མི་རོ་མགོ་མེད་སྟེང་དུ་ཤྭ་མགོ་འདི་བཞག་ན་གང་འདྲ་ཡོང་ས་རེད་ཟེར་ཞོར་ཤྭ་མགོ་དེ་བཞག །གཅིག་གིས་ཤྭ་མགོ་དེའི་སྟེང་དུ་མར་མེ་དེ་བཞག་ནས་ད་རྒྱུག་སོང་ན་ཅི་འདྲ་ཁེ་མཚར་ཡོང་ས་རེད་བརྫས་པས། མི་རོ་དེ་དེ་མ་ཐག་ཏུ་རྒྱུག་སོང་ངོ་། དེ་ནས་བཟུང་རྨེ་དགེ་བསྙེན་ཟེར་བ་འདི་བྱུང་བ་ཡིན་ལ། རྨེ་རུ་འགག་གི་རྫོང་སྣ་རུ་གནས་བཅས། གཤིས་ཀ་གདུག་རྩུབ་ཅན་དུ་གྱུར། གནའ་སྔ་མོ་རྨེ་རུ་དགེ་བསྙེན་ནི་ཤིན་ཏུ་བཙན་ཞིང་གནས་འདིར་གནས་པའི་མཆེ་སྡེར་ཅན་གྱི་གཅན་གཟན་དང་། རི་ལ་གནས་པའི་རི་དྭགས། བདག་ཏུ་བཟུང་བའི་གཡུང་དྭགས། གནམ་ལ་ལྡིང་བའི་གཤོག་ཅན། ཉིན་ལ་སྐྱེས་པའི་རྩྭ་རྩི། གཞུང་ནས་བབ་པའི་རྟ་ཆུ། སྲིབ་ལ་སྐྱེས་པའི་ལྗོན་ཤིང་། མདོར་ན་སྲོག་ལྡན་གྱི་སེམས་ཅན། སྲོག་མེད་ཀྱི་ས་རྡོ་རི་བྲག ཡུལ་འདིའི་རྩྭ་རྩི་ཐོག་དང་ལྗོན་ཤིང་ནགས་ཚལ་ཀུན་ལ་བདག་ཏུ་འཛིན་མཁན་གྱི་གནས་པ་ཁྱད་པར་བ་ཞིག་ཏུ་གྱུར། དཀར་རྨེ་གཉིས་སོགས་རྩྭ་རྩི་ཤིང་དང་ས་རྐོ་རྡོ་སློག་རྔོན་སོགས་བྱེད་མཁན་བྱུང་ན་ཤིན་ཏུ་གདུག་རྩུབ་ཀྱི་བྱ་བ་སྤེལ། དེ་ལྟར་རྨེ་རུ་འགག་ཏུ་བཙན་པོའི་ས་བཟུང་ནས་བསྡད་རྗེས་ཞག་གཅོད་བཀྲ་ཤིས་དཔལ་བཟང་གིས་བརྟུལ་བའི་ལོ་རྒྱུས་ཡོད་ལ། གནམ་ལྕགས་རྩ་གསུམ་གླིང་པས་བརྟུལ་བའི་ལོ་རྒྱུས་ཀྱང་མཆིས། གང་ལྟར་དམ་ལ་བཏགས་མཁན་སུ་ཡིན་མི་ཤེས་མོད། རྗེས་སུར་བོན་པོ་དང་། རྙིང་མ། བཀའ་བརྒྱུད། དགེ་ལུགས་ཀུན་གྱི་མཁས་གྲུབ་མང་པོས་བསང་གསོལ་གྱི་སྣ་ཚོགས་པ་བྲིས་ཏེ་མཆོད་བསྟོད་བྱས་འདུག
རྟ་ཤོད་རྨེ་རུ་དགེ་བསྙེན་གྱི་མཁར།


2 དམར་སྒག་གཙོ་ལུག’གམ་དམར་འགག་རྟ་ལྟ་དང་རྨེ་རུ་དགེ་བསྙེན།

རྨེ་རུ་དགེ་བསྙེན་དང་དམར་འགག་རྟ་ལྷ་གཉིས་དངོས་སུ་འཐབ་པའི་ལོ་རྒྱུས་ཀྱང་ཡོད་ལ། དམར་འགག་རྟ་ལྷ་ནི་རྨེ་རུ་འགག་དང་ཆེས་འབྲེལ་བ་ཟབ་པའི་མི་སྣ་གལ་ཆེན་ཞིག་ཡིན་པས་ཁོང་གཉིས་ཀྱི་གཏམ་རྒྱུད་དེ་ཡང་འདིར་འགོད་ན། དམར་འགག་ཚང་ནི་དམར་རྫོང་ནང་དུ་ཡོད་ལ། དམར་འགག་རྟ་ལྷ་ནི་དམར་འགག་ཚང་ནས་ཡིན། ཉིན་ཞིག་དམར་འགག་རྟ་ལྷ་རྨེ་རུ་འགག་ཏུ་རྔོན་བྱེད་དུ་ཡོང་ནས་ཤྭ་བ་ཞིག་བསད། དེ་ནུབ་མོར་གནས་དེའི་ཕུག་པ་ཞིག་ནང་བསྡད་དེ་ཤྭ་ཤ་བཙོས། གློ་བ་མེ་ལ་སྲེག་བཞིན་བསྡད་ཙ་ན། རྨེ་རུ་དགེ་བསྙེན་མ་དགའ་བས་གྲྭ་པ་མདོག་ངན་ཞིང་ཤུས་ཞན་པ་ཞིག་ལ་བརྫུས་ཏེ་ཕུག་སྒོ་ནས་ཤ་རལ་གྲོད་རལ་ཞིག་སྤྲད་རོགས་གྱིས་ལབ་པས། རྟ་ལྷ་སྤྲོ་ལང་ནས་མཛོ་ཚུགས་བཅོ་བརྒྱད་ཀྱི་ཡུལ་ལ་མི་གནས་དགོས་རྒྱུ་ཁྱོད་ལ་དགོས་ན་དེ་གྱིས་ཟེར་ཏེ། ཤྭ་གློ་མེ་མ་མུར་དང་བཅས་པ་དགེ་བསྙེན་གྱི་རྩིབ་ཁུག་ལ་བརྒྱབ་པས་དགེ་བསྙེན་ཤིན་ཏུ་སྐྲག་ནས་ཚ་སྒང་བརྒྱུད་དེ་རྒྱལ་འཇོལ་སྟེ་ཁ་བ་དཀར་པོའི་ཕྱོགས་སུ་བྲོས། འདི་ནས་བརྩིས་པའི་མཛོ་ཚུགས་བཅོ་བརྒྱད་ཡིན་འདུག །ད་ཆར་ཚ་བ་སྒང་གི་གམ་གློ་བ་སྣ་ཟེར་བ་དེར་གཞི་ནས་གློ་བ་དེ་གཡུག་པས་ས་དེར་མིང་ཡང་གློ་བ་སྣ་ཞེས་ཐོགས་སྐད་ཡོད། སྐབས་དེར་དམར་འགག་རྟ་ལྷ་ནི་རྨེ་རུ་འགག་གི་ཤ་དར་ཁྲག་དར་གྱི་དཔའ་བོ་དར་མ་ཞིག་ཡིན། རྨེ་རུ་དགེ་བསྙེན་གྱིས་ཁ་བ་དཀར་པོར་གནས་བསྐོར་ཡོང་མཁན་ཁྱུང་པོ་རྟ་ཤོད་ཀྱི་ཨ་ཅོ་ཚོ་ལ་སྐད་ཆ་འདྲི་ནས་དམར་འགག་རྟ་ལྷ་ཤི་ཨེ་འདུག དམར་འགག་རྟ་ལྷ་ཤི་ཨེ་འདུག་ཟེར་ནས་སྐད་ཆ་ཡང་ཡང་འདྲི་བཞིན་ཡོད། ཨ་ཅོ་མང་པོས་ཤི་མི་འདུག་ལབ་པས། ལོ་དུ་མར་འཇོལ་བདེ་ཆེན་ལ་འདུག་དགོས་བྱུང་། མཐར་ཨ་ཅོ་གཞན་ཞིག་ལ་དྲིས་པས་རྒན་པོ་ཆགས་འདུག་ལབ་པའི་གཏམ་ཐོས་རྗེས། དགེ་བསྙེན་ཡར་ཡོང་ནས་དམར་འགག་རྟ་ལྷ་གར་སོང་གར་བསྡད་ཀྱི་རྗེས་དེད་ནས་སོང་། དེ་དུས་དམར་འགག་རྟ་ལྷ་ནི་རྒས་ཤིང་འཁོབས་ཡོད་པས་རྩལ་ལྡན་གྱི་བྱ་བ་གང་ཡང་བྱེད་མི་ནུས། ཉིན་ཞིག་བེའུ་རྫི་ལ་ཡོང་ནས་རྨེ་རུ་འགག་གི་བྲག་སྒང་ཞིག་ཏུ་ཉལ་བསྡད་པས། དེ་མ་ཐག་ཏུ་དགེ་བསྙེན་ཡོང་ནས་བྲག་ལ་རྡོག་བརྒྱབ་པས་བྲག་དེ་ཁེར་ཆད་དུ་བགོས། གཉིད་སད་པ་དང་བྲག་ཐོ་དེ་ནི་མཐོ་ཞིང་གཟར་ལ་ཐར་ལམ་གཞན་མེད་པས་དེའི་སྟེང་དུ་འདུག་དགོས་བྱུང་བ་མ་ཟད་ལྟོགས་སྐོམ་གྱིས་ཤིན་ཏུ་མནར་བས་མར་ཀའི་རྟ་ཆུའི་འགྲམ་གྱི་འགྲུལ་པ་ཚོར། ཆུ་ཞིག་འཐུང་རོགས་གྱིས། རྩྭ་ཞིག་བཟའ་རོགས་གྱིས་ཟེར་ནས་ཡང་ཡང་འབོད་ཀྱིན་ཡོད། དེ་ནི་ད་ལྟའི་རྫི་བོ་རི་ལུ་ཟེར་བའི་བྲག་ཐོ་འདི་ཡིན། ཡང་གནའ་གཏམ་གཞན་ཞིག་ལ། ཕྱུག་པོའི་རྫི་བོ་ཞིག་གིས་བྲོ་ཡི་རི་ལུ་འུར་ཐག་ལ་བཞག་སྟེ་འཕངས་ནས་རྒྱགས་རྩེད་བརྩེས་པས་བྲག་ཐོའི་མགོར་ལྷག་སོང་ཚུལ་ཡང་ཡོད། དགེ་བསྙེན་ད་དུང་སྐྲག་གི་ཡོད་པས་སླར་ཡང་འཇོལ་བདེ་ཆེན་ལ་བྲོས། འཇོལ་བདེ་ཆེན་ལ་འདུག་སྐབས་འཇོལ་བཟའ་མ་ཞིག་ལ་དགའ་ས་སྒྲིག་སྟེ་མངལ་ཆགས། ཡང་ཨ་ཅོ་ཞིག་ལ་དམར་འགག་རྟ་ལྷ་ཤི་ཨི་འདུག་ཅེས་དྲིས་པས། དེས་ཤི་བ་མ་ཟད་རུས་པ་ཡང་བཙའ་འདུག་ལབ་རྗེས། གཞི་ནས་རྨེ་རུ་འགག་ལ་འཇོལ་བཟའ་བུ་ཁུར་མ་དང་གཟིག་ཅིག་ཕྲིད་དེ་ཡོང་། འོན་ཀྱང་ཆུང་མ་སྔུན་མ་མཚོ་སྨན་གྱིས་ཕྲག་དོག་བྱེད་པར་སྐྲག་ནས་འཇོལ་བཟའ་དེ་མཁར་རྫོང་ནང་ཡར་འཁྲིད་མ་ཕོད་པས་རྫོང་མཁར་གྱི་འོག་ཏུ་བཞག ད་ལྟ་འཇོལ་བཟའ་ཟེར་བའི་བྲག་འབུར་བུ་ཁུར་འདྲ་བོ་ཞིག་ཡོད་པ་དེ་ཡིན། གཟིག་དེ་རྫོང་སྣའི་ཕར་གྱི་བྲག་ཐེམ་ཐོག་ཏུ་བཀོས་པས་ད་ཆར་ཀུན་གྱིས་མཐོང་དུ་ཡོད་པའི་གཟིག་མགོ་ཟེར་བ་དེ་ཡིན། དེས་ན་ད་ལྟ་རྨེ་རུ་འགག་གི་གཟིག་ནི་བོད་ཡུལ་ས་ཕྱོགས་གཞན་དང་མི་འདྲ་བར་རྩལ་དྲུག་གཏིང་ནས་རྒྱས་ཤིང་། འཛོམ་དྲུག་ལུས་ལ་ཆགས་དོན་ཡང་དེ་ཡིན། དེ་ལྟར་རྨེ་རུ་དགེ་བསྙེན་ནི་ཡུལ་འདིའི་གནས་བདག་གཞི་བདག་ནང་ནས་གནའ་སྒྲུང་ཆེས་མོད་ས་ཞིག་ཡིན་པ་མ་ཟད། བཀའ་བན་བོན་གྱི་མཁས་གྲུབ་མང་པོས་བསང་ཡིག་དང་ཕྲིན་བཅོལ་མཛད་པ་ཤིན་ཏུ་མང་མོད་ཡི་གེ་མང་བར་དོགས་པས་འདིར་མ་བཀོད། དགེ་བསྙེན་དམ་ལ་བཏགས་རྗེས་དགྲ་ལ་སྡང་ཞིང་རང་ཡུལ་རྟ་ཤོད་གཞུང་གི་མི་ལ་མགོན་སྐྱོབས་དང་དཔུང་གཉེན་ཧ་ཅང་ཆེ་བས། ཐ་ན་བུ་མོ་ཞིག་ས་ཕྱོགས་གཞན་དུ་མནའ་མར་བྱིན་ནའང་ཚུར་རང་ཡུལ་དུ་ཁྲིད་ཡོང་བ་དང་། ཡུལ་འདིའི་མི་དག་དབུས་ཉི་མ་ལྷ་སར་གནས་མཇལ་ཕྱིན་ན་ཡུན་རིང་འདུག་མི་བཅུག་པ་སོགས་བྱེད་དེ་དགྲ་ལ་སྡང་ཞིང་ཡུལ་ལ་མགོན་པའི་བྱ་བ་བྱས་པའི་གཏམ་མང་ངོ་། །
བོན་རྙིང་གཉིས་ཀྱིས་མངའ་གསོལ་ཁྱེད་ལ་ཞུ། །
བཀའ་དགེ་གཉིས་ཀྱིས་གསོལ་མཆོད་ཁྱེད་ལ་བྱེད། །
རྟ་ཤོད་ཕུ་མདའི་དགེ་བསྙེན་གཅིག་པུ་བ། །
དམར་ནག་ཁྲོས་པའི་ཉམས་ལྡན་རྭ་བཅུའི་གདོང་། །
རྟ་ཤོད་རྨེ་རུ་འགག་གི་རྫི་བོ་རི་ལུ་ཞེས་པའི་བྲག་ཁེར་ཆད།


3 མཐོང་ན་མི་སེམས་སྒུལ་བའི་རྨེ་རུ་འགག
རྨེ་རུ་འགག་ནི་ཁྱུང་པོ་སྟེང་ཆེན་རྫོང་གྱང་སྔོན་ཤང་རྟ་ཤོད་ཚུན་གྱི་ས་གནས་སུ་ཡོད་ལ། རྨེ་རུ་འགག་གི་རི་བྲག་རྫིག་ཅིང་དཔང་མཐོ་བ་སྟེ། ཉིན་རི་བྲག་གིས་བཟུང་ཞིང་རི་མགོ་སྤང་གིས་ཁྱབ་པ། །སྲིབ་རི་ཤིང་གིས་བཟུང་ཞིང་གཅན་གཟན་རྩལ་དྲུག་ངོམ་ས། །རི་དྭགས་མ་བུ་འགྲོག་ཅིང་ཤྭ་ཕོའི་ཁྲག་རྭ་རྒྱས་ས། །དམར་ལ་ཁྲག་མདོག་དོད་ཅིང་ཁྲོས་པའི་ཉམས་དང་ལྡན་པ། །བལྟས་ན་རྔམ་ཞིང་བརྗིད་ལ་མཐོང་བས་མི་སེམས་གཡོ་བ། །ལྗང་ལ་ཁ་དོག་སྣུམ་ཞིང་གཡུ་ཡི་མཚོ་མོ་འཁྱིལ་འདྲ། །མཐོ་བ་དགུང་དང་འགྲོག་ཅིང་རི་མགོ་གནམ་ལ་ཟུག་འདྲ། །གཡང་གཟར་ཤིན་ཏུ་བཙན་པས་བྱ་རྒོད་གནས་ཚང་འཇོག་ས། །གཟིག་མགོས་སྲུང་མ་བྱས་ཏེ་རྟ་ཤོད་དགྲ་རྐུན་འགོག་འདྲ། །རྗི་བོས་འགྲུལ་པར་བལྟས་ཏེ་རྟ་ཆུ་ཨེ་འཐུང་སྒུག་འདྲ་སྟེ་མདོར་ན་བཟོ་བཀོད་མཁན་པོས་རྩལ་ལས་འཁྲུངས་པ་ལྟ་བུའི་རྨེ་རུ་འགག་གི་ཕྱིའི་བཀོད་པ་འདི་ནི་ཅི་འདྲའི་ངོ་མཚར་བ་ཞིག་རེད་ཨང་། རྨེ་རུ་འགག་འདིར་གནའ་སྔ་མོ་ད་ལྟ་ནང་བཞིན་ལམ་ཆེན་མེད་པ་མ་ཟད། འགག་འཕྲག་ཤིན་ཏུ་དོགས་ཤིང་རྫོང་བཙན་པས་དམངས་གཙོ་བཅོས་བསྒྱུར་མ་བྱས་གོང་ཕྱོགས་ཀྱི་འགྲུལ་པ་དག་ནི་རྨེ་རུ་གནམ་ལ་བརྒལ་ནས་འགྲོ་འོང་བྱེད་དགོས་པ་ལས་རྨེ་རུ་འགག་ནས་འགྲོ་འོང་བྱེད་ས་མེད། ཕྱིས་སུ་ད་ལྟའི༣༡༧རྒྱ་ལམ་བསྐྲུན་ནའང་། སྣུམ་ལམ་མ་བསྐྲུན་གོང་འགྲིམ་འགྲུལ་གོད་ཆགས་གྲངས་མེད་བྱས་ཡོད་ལ། རི་བྲག་གི་དཔང་མཐོ་ཞིང་ཁ་དོག་དམར་ལ་གཡང་ལམ་ཤིན་ཏུ་དོག་པ་ཡིན་པས་འཇིག་སྣང་སྐྱེ་སའི་རོང་བྲག་ཅིག་དང་། ངོ་མཚར་བའི་རང་བྱུང་གི་བྲག་བཀོད། ལྗོན་ཤིང་། ནག་ཚལ། རྩྭ་རྩི་ཤོག་སོགས་མདོར་ན་མ་ཚང་བ་མེད་པ་ལྟ་བའི་གནས་ཤིག་ཡིན། མཁའ་ལ་ལྡིང་བའི་བྱ་རྒོད་ཐང་དཀར་དང་ཐང་སྨུག གོ་བོ། ཁྲ། གླག །སྐྱུང་ཀ། ཕོ་རོག །བྱ་བྱེའུ་སོགས། མཆེ་སྡེར་ཅན་ཏེ། གཟིག །གསའ་གཟིག །གཡུ། ཕག་རྒོད། དྲེང་མོང་། སྐྱང་ཀི། ཝ། སྦེ་ལ་སོགས། རི་དྭགས་ལ། ཤྭ་བ། གནའ་བ། རྒོ་བ། གླ་བ། རྒྱ་ལ་སོགས་ཧ་ཅང་མང་བས་སྲོག་ཆགས་རེ་རེ་བཞིན་བདག་གིས་བགྲང་བར་མི་ནུས་སོ། །
གནམ་སའི་བར་མཚམས་མཐུད་འདྲའི་རི་བྲག་དང་། །
ས་གཞིའི་རྣ་ལོང་ལྟ་བུའི་མཛེས་ལྗོངས་འདི། །
བི་ཤྭ་ཀརྨས་བཟོས་འདྲའི་རང་བྱུང་ལ། །
སེམས་ཀྱི་མེ་ལོང་མི་ཤོར་རང་དབང་ཅི། །
རྟ་ཤོད་རྨེ་རུ་འགག་གི་འཇོལ་བཟའ་བུ་ཁུར་མ།


4 གླིང་གེ་སེར་དང་རྨེ་རུ་འགག

རྨེ་རུ་འགག་ཏུ་རྨེ་རུ་དགེ་བསྙེན་དང་དམར་འགག་རྟ་ལྷ་གཉིས་ཕུད་རྗེས་གནའ་སྒྲུང་དང་རང་བྱུང་གི་བཀོད་པ་གཞན་མེད་པ་ཞིག་ག་ལ་ཡིན་ཏེ། གླིང་རྗེ་གེ་སེར་རྒྱལ་པོས་བདུད་ཤྭ་བ་སྐྱ་ཧྲེང་བཏུལ་བའི་གནའ་སྒྲུང་སོགས་ཡོད་པས། ཅུང་ཟད་ཞུས་ན། ཆུ་མདོ་འགག་ནས་བདུད་ཤྭ་བ་སྐྱ་ཧྲེང་འདུལ་རྩིས་བྱས་ཀྱང་མ་ཐུལ་བས་རྟ་ཤོད་དཀྱིལ་འཁོར་ཐང་ནས་བ་ཡག་ནང་བརྒྱུད་དེ་བྲོས་སོང་བས་གེ་སེར་གྱིས་རྗེས་དེད་དེ་ཡོང་། མཐར་རི་ནང་ནས་རྗེས་ཟིན་ནའང་ད་དུང་བྲོས་ཤོར་བས། དེ་ལ་བྱེད་ལས་ལུང་པར་ཐོག་པའི་ངག་རྒྱུན་དུ་འདི་ལྟར། རི་ནང་ནས་རི་ལང་། འཆམ་ནང་ནས་འཆམ་བྱས། བཀོ་རི་མ་ནས་བཀོས། རོགས་ལྟ་མ་ནས་རོགས་བྱས། ཤོར་སྣ་ནང་ནས་ཤོར། གཤེད་ཆུང་ནང་གཤེད་བཀུག །ཝ་སྲིབ་ཁ་ནས་ཝ། བཤས་ཁར་ཐང་དུ་བཤས་ཏེ་དེ་རུ་དམ་ལ་བཏགས་རྗེས་བྲག་ངོས་སུ་ཁྲག་བྲིས་བྱས། ཡིག་གཟུགས་ནི་ད་ཆར་ཡང་ཡོད་ལ། རྒྱས་པར་ཤེས་འདོད་ན་རྟ་ཤོད་གཞུང་དུ་ཕེབས་ནས་ལོ་ལོན་ཚོར་བཅར་འདྲི་གྱིས་དང་འདི་ལས་རྒྱས་ཙམ་ཡོད་མོད་ཡི་གེ་མང་བར་དོག་ནས་མ་བྲིས་སོ། །
ཀི་ཀི་བསོ་བསོའི་སྐྱབས་ཡུལ་སེང་ཆེན་རྗེས། །
ཤྭ་བ་སྐྱ་ཧྲེང་བརྟུལ་དང་མ་བརྟུལ་ཆོག །
ཡིད་བརྙན་འཆར་སའི་ས་རྡོ་རི་བྲག་ལ། །
སྙན་ངག་མཁན་གྱིས་སྙུག་སོ་སྒུལ་འདྲ་རྨད། །
རྨེ་རུ་དགེ་བསྙེན་དང་གཟིག་མགོ


5 རྨེ་རུ་འགག་གི་གཟིག་མགོ་ངོས་འཛིན།
རང་བྱུང་གི་བྲག་ལ་བཟོ་རྩལ་མཁན་པོས་དངོས་སུ་བཟོས་པ་ལྟ་བུའི་གཟིག་མགོ་འདི་ལ་མིང་འབོད་སྲོལ་མང་དུ་མཆིས(གཟིག་མགོ །སྟག་མགོ །སྦྲུལ་མགོ །ཁྱི་མགོ །)ཀྱང་རྒན་པོའི་ངག་རྒྱུན་དང་རང་བྱུང་གི་བྲག་གཟུགས་ལ་ཡུན་གྱིས་བལྟས་ན། སྒོ་ཀུན་ནས་འདི་ནི་གཟིག་མགོ་འཁྲུལ་མེད་ཅིག་ཏུ་ངོས་འཛིན་བྱས་ན་ལོས་ཆོག་སྙམ་པ་བྱུང་། བྲག་གི་གཟུགས་བརྙན་ཙམ་དུ་བྱེད་དེ་སྟག་མགོ་ཞེས་བོས་ན་ཆོག་མོད། དེ་ལ་རྒྱབ་ལྗོངས་ནི་གང་ཡང་མེད་པ་མ་ཟད་དུས་འགྱུར་སྔ་རྗེས་གང་ལ་ཡང་སྟག་ཡོད་པའི་གཏམ་གང་ཡང་མེད། སྦྲུལ་མགོ་ཞེས་པ་ནི་གཏམ་འཆལ་བརྡོལ་བ་ཙམ་ལས་བྲག་གཟུགས་རང་གིས་ཀྱང་སྦྲུལ་མགོ་མིན་པ་ངོ་སྤྲོད་བྱས་ཡོད་དེ། བྲག་གཟུགས་དེ་ལ་རྣ་བ་ཡོད་ལ་སྦྲུལ་ལ་ནི་རྣ་བ་མེད། དེས་མ་ཚད་སྦྲུལ་མགོ་ལེབ་ལེབ་ཅིག་ཡིན་པས་འདི་ནི་དེ་ལྟར་མིན་པས་མང་པོ་བཤད་ག་ལ་དགོས་ལགས། ཁྱི་མགོ་ཟེར་བ་ཡང་བཤད་སྒྲོས་ཙམ་ལས་བྲག་གཟུགས་རང་གིས་ཀྱང་ངོ་སྤྲོད་བྱས་ཡོད་དེ། ཁྱིའི་གདོང་པ་ནར་ནར་རིང་པོ་ལྟ་བུ་ཡིན་ཡང་བྲག་གཟུགས་ལ་ནི་དེ་ལྟར་མེད་དོ། །ཆེས་ཡིད་ལ་འཐད་པ་དང་། བྲག་གཟུགས་དང་གནའ་གཏམ་གཉིས་ཀ་ཡོད་པ་ནི་གཟིག་མགོ་དེ་རང་ཡིན། དཔེར་ན། རྨེ་རུ་དགེ་བསྙེན་རྒྱལ་འཇོལ་ལ་ཡུལ་གྱར་དུ་སོང་སྟེ་སླར་ཡང་ཕ་ཡུལ་དུ་ཡོང་སྐབས་འཇོལ་བཟའ་བུ་ཁྲིད་མ་ཞིག་དང་། གཟིག་ཅིག་བཅས་ཁྲིད་ནས་ཡོང་བའི་གནའ་གཏམ་འདི་ནི་ཡོངས་གྲགས་རེད་ལ། དེས་མ་ཚད་འཇོལ་བཟའ་མཚོན་བྱེད་ཀྱི་བྲག་རི་ད་ཆར་ཡང་ངོས་འཛིན་ཡོད་ལ། གཟིག་དེ་མཚོན་བྱེད་ཀྱི་བྲག་རི་ནི་འདི་དང་དེ་ཞེས་དངོས་སུ་མིང་སྨོས་མེད་ཀྱང་། དེ་ནི་འདི་ག་རང་ལ་ངོས་འཛིན་བྱས་ན་ཅི་ལ་མི་འགྲིག་ཨང་། དེ་བཞིན་རྨེ་རུ་འགག་གི་གཟིག་ནི་བོད་ཁུལ་གྱི་ས་ཆ་གཞན་པའི་གཟིག་དང་མི་འདྲ་བར་ལུས་ཀྱི་སྟོབས་དང་། སྤུ་ཡི་ཁ་དོག །གཟུགས་པོའི་བོངས་ཚད་སོགས་ཁྱད་པར་བ་ཞིག་ཡོད་པ་རྒན་རབས་དག་གི་ངག་ལས་འབྱུང་བཞིན་ཡོད། ད་དུང་ཡ་མཚན་པ་ཞིག་ལ་དུས་འགྱུར་སྐབས་བཅིང་གྲོལ་དམག་རྨེ་རུ་འགག་བརྒྱུད་དེ་ཡོང་སྐབས་རྫོང་སྣ་ནས་གཟིག་གཉིས་ཀྱིས་ལམ་སྒུག་སྤྲད་པ་ལྟ་བུ་བྱས་ཏེ་བསྡད་པས། དེ་གཉིས་བསད་དེ་གཟིག་ལྤགས་གྱང་སྔོན་དུ་རྒྱོང་ཤིང་ཐོག་ཏུ་བརྒྱངས་ནས་ཡོད་པ་མཐོང་མཁན་གྱི་ལོ་ལོན་ཧ་ཅང་མང་། དེ་ལྟར་རིག་གསར་སྔུན་དུ་རྨེ་རུ་འགག་ལ་གཟིག་དངོས་མ་ཡོད་འདུག་ལ། གསའ་གཟིག་ནི་རྒྱུན་ལྡན་དུ་ཡོད། ལོ་འདི་གར་རྫི་བོ་མང་པོས་ཁ་མཉམ་གྲག་གི་སྒོ་ནས་རྨེ་རུ་འགག་ཏུ་གཟིག་དངོས་མ་འདུག་ཚུལ་མང་དུ་བཤད་ཡ་འདུག་པས། བདག་ཀྱང་ཡུལ་དངོས་སུ་ཉིན་འགར་གཟིག་ཨེ་མཐོང་བསམ་ནས་སྐོམ་པ་ཆུ་འདོད་ལྟར་བྱས་ཏེ་སོང་མོད་ཡིད་སྐྱོ་བ་དགོས་པ་ཞིག་ལ་མཐོང་ལམ་དུ་མ་གྱུར།
གཟིག་དེ་མ་ཁྲིད་དགུ་ཁྲིད། །
འཇོལ་བཟའི་མཉམ་དུ་ཁྲིད་འདུག །
བཀོ་ས་འཇོལ་གཟིག་མཐོ་སོང་། །
རྟ་ཤོད་རྨེ་རུ་འགག་གི་གཟིག་མགོ་རང་བྱུང་།


འཇོག་ས་འཇོལ་བཟའ་དམའ་འདུག །
སྙན་ངག་འབྲི་བར་ཚོར་བ་གཙོ། །
ལོ་རྒྱུས་འབྲི་བར་རྒྱུ་མཚན་གཙོ། །
ཆབ་སྲིད་བཤད་པར་གྱོད་ཚིག་གཙོ། །
གཙོ་གསུམ་དབྱེ་བ་འབྱེད་དེ་གཙོ། །
སྙན་ཚིག་མཛེས་མའི་ལང་ཚོ་འདིར་ངོམ་མེད། །
འཁྱོག་པོའི་ཕྱོགས་ལྷུང་སྐད་ཆ་འདིར་སྨྲས་མེད། །
ཆབ་སྲིད་གཡོ་སྒྱུ་ངན་པ་འདིར་བྲིས་མེད། །
དངོས་བྱུང་ངག་རྒྱུན་ལོ་རྒྱུས་ཇི་བཞིན་བྲིས། །

ཞེས་སྤྱི་ལོ་ 2023/9/23 དང་། བོད་རྒྱལ་ལོ་༢༡༥༠ཐམ་པའི་རབ་བྱུང་༡༧ལོ་སྟེ་ཆུ་ཡོས་ལོའི་ཟླ་༨པའི་ཚེས་༨ཉིན་རྨེ་རུ་འགག་དང་རྨེ་རུ་དགེ་བསྙེན་དམར་འགག་རྟ་ལྷ་ད་དུང་གཟིག་མགོའི་མཐའ་དཔྱོད་སོགས་ཀྱི་ལོ་རྒྱུས་སམ་ངོ་སྤྲོད་ཐུང་ངུ་འདི་ནི་ཤོད་ཆེན་བཅོ་བརྒྱད་ཀྱི་ནང་ཚན་ཁྱུང་པོ་རྟ་ཤོད་གཞུང་ནས་ཟངས་རི་ནོར་བུའམ་བཙན་རལ་གྱིས་རྒན་རབས་ཀྱི་གཏམ་དང་ཡུལ་གྱི་གནས་སྟངས་ལ་གཞི་བཅོལ་ཏེ་མདོར་བསྡུས་སུ་བཀོད་པ་མཇུག་གྲུབ་བོ། ། 

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག