2024/06/29

རྨོ་མོ་རི་ཕུད།

ཨོ་བ་སུ་ཏེ་ཡ་མ། (Obasute-Yama) སྟེ་“རྨོ་མོ་རི་ཕུད”ཞེས་པ་ནི རྨོ་མོ་ལོ་བདུན་ཅུ་བརྒལ་ན་རི་ལ་གཡུག་པའི་སྒྲུང་གི་སྐོར།

ངས་ཀྱང་དང་པོ་འདི་མི་རིགས་ཁ་ཤས་ཀྱིས་ཉི་ཧོང་ལ་མ་ཉེས་ཁ་ཡོག་བཟོས་ཡིན་ས་རེད་བསམས་སོང་། འོན་ཀྱང་ཉི་ཧོང་རང་གི་གཏམ་རྒྱུད་དུ་ཡོད་པའི་མ་ཟད་གློག་བརྙན་སྔ་ཕྱི་གཉིས་འཁྲབ་འདུག་པའི་ནང་གི་དང་པོ་ནི་ (Ballad Narayama 1958) ཞེས་པ་ཞིག་དང་གཉིས་པ་ནི་དེ་ཡང་བསྐྱར་ ༡༩༨༠ ནང་འཁྲབ་པ་ཞིག་རེད། འོན་ཀྱང་གཏམ་རྒྱུད་འདི་ལོ་བརྒྱ་ཡི་སྔོན་ལ་བྱུང་བ་ཞིག་མ་རེད། གཏམ་རྒྱུད་འདི་དུས་རབས་ ༡༡ པར་བྱུང་བའི་འཇར་པན་གྱི་བུ་མོ་རྩོམ་པོ་”ཏ་ཀ་སུ་ཨེ་ཡི་བུ་མོ་” (Takasue’s daughter) ཞེས་པ་ཞིག་གི་ཡིག་ཆར་འཁོད་ཡོད་པ་རེད། དེ་བཞིན་དུས་རབས་ ༡༧ པར་མ་ཙུ་ཨོ་་ཨོ་བ་ཤོ་ (Matsuo obasho) ཞེས་པ་ཞིག་གིས་དེའི་སྐོར་བཤད་ཡོད་པ་རེད། རེད་དེ་འདི་གཏམ་རྒྱུད་ཙམ་ལས་ལོ་རྒྱུས་དངོས་གནས་ཡིན་པའི་དཔང་རྟགས་ཤིག་ད་རུང་རྙེད་མེད་པས། ང་ཚོའི་ཨ་ཁུ་སྟོན་པའི་སྒྲུང་ནང་བཞིན་ཡིན་སྲིད། ད་རུང་ང་ཚོས་བསམ་མནོ་ཡག་པོ་བཏང་ན། ཆོས་ལུགས་ཁ་ཤས་ཀྱིས་ད་རུང་ཡང་ཕ་མ་རྒན་རྒོན་དུར་ཁྲོད་པ་ཤཱུ་པ་ཏི་ནཱ་ཐ་ (Pashūpatināth) ན་གཡུག་གི་ཡོད་པའི་སྐད་ཆ་ཡོད་ཡོད་པ་རེད། ད་རུང་ལུང་པ་གཞན་ལ་དེའི་སྐོར་གྱི་སྒྲུང་མང་པོ་འདུག་ལགས།

Obasute-Yama: The Legend of the "Dumped Granny

Obasute-Yama, which means "Dumped Granny," is the story of a woman who was abandoned in the mountains when she reached seventy years old. At first, I thought that some ethnic groups were blaming the Japanese, portraying them as innocent. However, this is a Japanese legend. The story has been adapted into two films: the first, "Ballad of Narayama," was released in 1958, and the second, a dramatic rendition, came out in the 1980s. This story is not merely a hundred years old. It was recorded in the 11th century by the daughter of the Japanese writer Takasue, and in the 17th century, the renowned poet Matsuo Bashō mentioned it in his poetry. Yes, this is just a legend, and there is no evidence to support it as true history. It might be similar to the story of our Akhu Stonpa. If we think a little more, some religions still abandon their elderly, such as the practice at Pashūpatināth in Nepal. Furthermore, there are many similar stories in other countries.
(revised by ChatGBT; AI)
འདིར་རྩོམ་ཞིག་ཡོད།

ལོ་ཤས་སྔོན་ངས་ཧ་ལས་དགོས་པའི་གཏམ་རྒྱུད་ཅིག་ཤེས་རྟོགས་བྱུང་ཞིང་། གཏམ་རྒྱུད་དེ་ནི་ཉི་ཧོང་གི་གྲོང་གསེབ་ཅིག་ཏུ་རྒན་འཁོགས་རྣམས་ལོ་བདུན་ཅུ་ལ་སོན་སྐབས། ཁོང་ཚོའི་བུ་ཕྲུག་དག་གིས་ཁོང་ཅག་རྩ་ཆེའི་རི་བོ་ཞིག་གི་རྩེ་ལ་ཁྱེར་ནས་བཞག་སྟེ་མུ་གེ་དང་ཉི་འོད་འོག་ཏུ་འཆི་རུ་བཅུག་སྲོལ་ཡོད་པར་བཤད། དེ་ཡང་“ཨོ་བ་སུ་ཏེ་ཡ་མ་”འམ་“རི་ཕུད་རྒན་མོ་” (Obasute-yama, or “granny-dump mountain) ཞེས་པའི་ཡུལ་སྲོལ་དེའི་སྐོར་དུས་རབས་བཅུ་གཅིག་པའི་ནང་དུ་བྱུང་བའི་ལྐོག་གྱུར་གྱི་རྩོམ་པ་པོ་ལྕམ་ས་ར་ཤི་ན་ (Lady Sarashina) དང་། དུས་རབས་བཅུ་བདུན་པའི་ཧེའི་ཀུ་(འཇར་པན་སྙན་ངག་)རྩོམ་པ་པོ་གྲགས་ཅན་མ་ཙུ་ཨོ་བྷ་ཤོ་ (haiku master Matsuo Basho) གཉིས་ཀྱིས་གོང་གསལ་ཡུལ་སྲོལ་འདིའི་སྐོར་གླེང་ཡོད་པར་བཤད།
མ་ཟད་སྤྱི་ལོ་ ༡༩༨༣ ལོའི་ཧ་ལས་དགོས་པའི་གློག་བརྙན་“ནཱ་ར་ཡ་མའི་བལླད་” (The Ballad of Narayama (1958 film) ཅེས་པའི་བརྗོད་བྱ་ནི་སྒྲུང་འདིའི་སྐོར་ཡིན་པ་སྟེ། དེ་ཡང་སྙིང་རྗེ་བའི་རྒན་མོ་ཨོ་རིན་གྱིས་མོ་རང་“རི་ཕུད་རྒན་མོ་”འགྱུར་རྒྱུའི་འཆར་གཞི་ཡོད་ནའང་། མོའི་བུ་ཏ་ཙུ་ཧེའི་ཡིས་ཁས་ལེན་མ་བྱས། འོན་ཀྱང་ཨ མས་ཁོ་ལ། “ཕྲུ་གུ་ཚོ་འཚོ་དགོས། ཟ་མ་ནི་དཀོན་པོ་འདུག དགུན་ཁ་ཡང་སླེབས་གྲབས་འདུག་པས། ད་རྒན་པ་ཚོ་འགྲོ་དགོས་རེད་”ཅེས་གཤེ་གཤེ་བཏང་། འདོད་མོས་མེད་བཞིན་ཏ་སུ་ཧེའི་ཡིས་མ་རྒན་ཨོ་རིན་རྒྱབ་ཏུ་ཁུར་ནས་“རི་ཕུད་རྒན་མོ་”གཡུགས་སའི་རི་རྩེ་ལ་འགྲོ་རྒྱུ་བྱས། རི་བོ་དེ་ནི་སྨུག་པའི་ཁྲོད་དུ་ཟུག་པའི་སྤུ་གྲིའི་སོ་ལྟར་རྣོ་བའི་རི་གཟར་ཞིག་ཡིན། བྱ་རོག་གིས་ཀེང་རུས་ལས་ཤ་རྒྱུས་ལྷག་མ་དག་འཐོག་པའི་ས་སྟོང་ཞིག་ཏུ་ཏ་ཙུ་ཧའི་ཡིས་ཨ་མ་རྒན་མོ་རྩྭ་གདན་ཞིག་གི་ཐོག་ལ་བཞག་ནས་མིག་ཆུ་གཏོང་བཞིན་གྱེས་ཚིག་ཞུས་ཏེ་ཁྱིམ་དུ་ལོག་པ་དང་། ཨ་མ་རྒན་མོ་མིག་ཆུ་མེད་པར་པདྨའི་སྐྱིལ་མོ་ཀྲུང་དུ་འདུག་པའི་སྐབས་ཁ་བའི་འདབ་མ་རྣམས་ག་ལེར་འབབ་མགོ་བརྩམས།
དེ་ལས་ཧ་ལས་པ་ཞིག་དང་། དེ་ལས་ངོ་མཚར་བའི་གནས་ཚུལ་ཞིག་བློ་ཡུལ་དུ་འཆར་རྒྱུ་ཁག་པོ་ཡིན། དེ་ཡང་རང་གི་བུ་ཚའི་ཆེད་དུ་རང་ཉིད་བློས་གཏོང་བྱས་ཏེ། རང་གི་མཐའ་མཇུག་ངལ་གསོའི་གནས་སུ་རང་གི་བུས་ཁུར་ནས་སོང་། གསོལ་འདེབས་སྨོན་ལམ་གྱིས་འཆི་བ་ལ་གདོང་ལེན་བྱེད་ཀྱིན། ཁ་བ་དང་བུ་ཡུག་འཚུབ་པའི་རི་རྩེ་ཞིག་ནས་ཁེར་རྐྱང་དུ་བདེ་བར་འཆི་བའི་ཐབས་ཤེས་བྱེད་པའི་རྣམ་པ་ཞིག་ཡིན།
འོན་ཀྱང་དོན་དངོས་སུ་“ཨོ་བ་སུ་ཏེ་ཡ་མ་”ཞེས་པའི་ཡུལ་སྲོལ་དེ་བྱུང་མྱོང་ངམ། གལ་སྲིད་དེ་འདྲ་ཡིན་ན། རི་རྩེར་རུས་པས་ཁེངས་མྱོང་བའི་དཔང་རྟགས་ཤིག་ཡོད་ངེས་རེད། ཅེས་འབོལ་ཁྲིའི་སྟེང་ནས་ངོ་མཚར་བའི་གཏམ་རྒྱུད་ལ་བསམ་བློ་བཏང་། སྐབས་དེར་འབོལ་ཁྲི་ནི་ངའི་ཉལ་ཁྲི་དང་ལས་ཁུངས་གཉིས་ཀ་ཡིན། གང་ལྟར་ང་ནི་རུས་པས་གཡོགས་པའི་རི་བོ་དེ་རྙེད་རྒྱུར་ཚོར་ཤུགས་ཧ་ཅང་ཆེ། དེ་སྔོན་ང་ལ་གཏམ་རྒྱུད་ཡག་པོ་ཞིག་ཡོད་པ་དེ་བློ་ལ་འཁོར་བས་མགྱོགས་པོར་དུས་དེབ་ཤོག་ལྷེ་ཞིག་གི་སྟེང་དུ་ཕབ། རྩོམ་སྒྲིག་པ་ཁོ་ན་ལ་བརྟེན་པ་མ་ཡིན་པར། ང་་རང་དབང་ཅན་གྱི་གསར་འགོད་པ་ཞིག་ཡིན་པའི་ཆ་ནས་གཏམ་རྒྱུད་ཀྱི་བརྩམ་ཆོས་ཡོད་ན་དོན་དངོས་ཀྱི་ཡོང་འབབ་ཡོད་པས་མདུན་དུ་བསྐྱོད་བྱ་དགོས་པ་ནི་སྨོས་མེད་རེད་ཅེས་སོགས་འཁོད་ཡོད།

2024/06/24

ར་ཤི་ཡ་འི་ལྷོ་ཕྱོགས་སུ་ཡེ་ཤུའི་ལྷ་ཁང་དང་ཡེ་ཤུའི་འདུ་ཁང་ལ་རྒོལ་རྡུང་ཐེབས་པས་མི་བཅུ་དགུ་འདས་གྲོངས་སུ་ཕྱིན།

ར་ཤི་ཡའི་བྱང་ཕྱོགས་ད་ག་སི་ཊན་སྤྱི་མཐུན་རྒྱལ་ཕྲན་ཀོ་སེ་ཀེ་སི་ (Russia's North Caucasus republic of Dagestan) ཡི་ཉེན་རྟོག་ལས་ཁུངས་དང་། ཡེ་ཤུའི་ལྷ་ཁང་། ཡ་ཧུ་དཱ་པའི་ལྷ་ཁང་བཅས་ལ་དྲག་རྒོལ་བྱས་པར་བརྟེན་མི་བཅུ་དགུ་དང་མེ་མདའ་ཅན་ལྔ་ལ་ཤི་རྨས་བྱུང་ཡོད། དེ་ཡང་རེས་གཟའ་ཉི་མའི་དགོང་དྲོར་དྲག་རྒོལ་ཕོག་རྗེས་ཉུང་མཐར་ཡང་མི་བཅུ་དྲུག་ལ་རྨས་སྐྱོན་ཕོག་སྟེ་སྨན་ཁང་དུ་བསྐྱལ་ཡོད་འདུག་ཅིང་། ཁྱིམ་མཚེས་རྒྱལ་ཁབ་ཅེ་ཅི་ནཱའི་ (Chechnya) ཉེ་འགྲམ་ར་ཤི་ཡའི་ལྷོ་ཕྱོགས་སུ་ཆགས་པའི་ཁ་ཆེའི་ཆོས་ལུགས་ཀྱི་སྤྱི་མཐུན་རྒྱལ་ཕྲན་ད་ག་སི་ཊན་ནང་ཉིན་གསུམ་རིང་མྱ་ངན་བྱེད་རྒྱུའི་ཁྱབ་བསྒྲགས་བྱས་ཡོད་པ་རེད།
མངོན་གསལ་དོད་པའི་ཁོང་ཚོས་མཉམ་སྦྲེལ་གྱི་དྲག་རྒོལ་དེ་ཨོར་ཐོ་ཌོག་སི་ (Orthodox) ཆོས་བརྒྱུད་ཀྱི་གལ་ཆེའི་དུས་ཆེན་པེན་ཏེ་ཁོ་སི་ཌི་ (Pentecost) དང་བསྟུན་ཏེ་ཌེར་བེན་ཊི་དང་མ་ཁ་ཆི་ཀ་ལའི་ (Derbent and Makhachkala) གྲོང་ཁྱེར་གཉིས་ལ་དམིགས་འབེན་བཟུང་ཡོད་པ་དང་། དེ་ཚོའི་ཁྲོད་དུ་ཨོར་ཐོ་ཌོག་སི་ཆོས་ལུགས་ཀྱི་མཆོད་དཔོན་ཞིག་ཀྱང་བསད་ཡོད། ཕྱིས་སུ་ཤེས་རྟོགས་བྱུང་བར་བཞིགས་ན། ཁོང་ནི་ཌ་ག་སི་ཊན་གྱི་སྤྱི་མཐུན་རྒྱལ་ཕྲན་གྱི་འགོ་ཁྲིད་སེར་ཇེའེ་མེ་ལི་ཀོབ་ (Sergei Melikov) ཡིན་ཞིང་། ཡེ་ཤུའི་ཆོས་མཆོད་ཁང་དུ་ཆོས་མིང་ནི་ཀོ་ལཱི་་ཀི་ཀོ་ཊེལ་ནི་ཀོབ་ (Nikolai Kotelnikov) ཟེར་འབོད་པ་དང་། ཁོང་གིས་ཌེར་བེན་ཊི་རུ་མི་ལོ་བཞི་བཅུ་ལྷག་གི་རིང་ཞབས་ཞུ་བསྒྲུབས་ཡོད་པ་རེད།
གཟའ་ཉི་མའི་དགོང་མོར་རྒྱུན་མཐུད་དྲག་རྒོལ་གྱི་བྱ་སྤྱོད་ལ། མེ་མདའ་ཐོགས་པའི་དྲག་སྤྱོད་པ་ཁག་གཅིག་ཌར་བྷེན་ཊི་གྲོང་ཁྱེར་གྱི་ཡེ་ཤུའི་ལྷ་ཁང་ཞིག་དང་གནའ་བོའི་འཇིའུ་ཆོས་ལུགས་ཀྱི་མཆོད་ཁང་ཞིག་ཏུ་དྲག་རྒོལ་བྱས་ཤིང་། དེ་ཡང་ད་གེ་སི་ཏན་གྱི་གྲོང་ཁྱེར་ཆེ་ཤོས་མ་ཁ་ཆི་ཀ་ལ་བརྟེན་གཞི་བྱས་པའི་ཡེ་ཤུའི་ལྷ་ཁང་ཞིག་དང་འཇུ་འུ་ཡི་ཆོས་ཁང་དང་ཉེ་བའི་ཉེན་རྟོག་པའི་ལྟེ་གནས་ཤིག་ལ་ཡང་དྲག་རྒོལ་བྱས་ཡོད། སྤྱི་ཚོགས་དྲ་རྒྱའི་སྟེང་དུ་སྤེལ་བའི་བརྙན་རིས་ནང་མྱུར་སྐྱོབ་ཉེན་རྟོག་རུ་ཁག་མ་སླེབས་གོང་། གོས་ནག་གྱོན་པའི་མི་ཁ་ཤས་ཀྱིས་མ་ཁ་ཆི་ཀ་ལའི་ཉེན་རྟོག་པའི་རླངས་འཁོར་ལ་མེ་མདའ་རྒྱག་བཞིན་པ་མཐོང་ཐུབ་པར་བཤད། དོན་དངོས་ཐོག་སྔོན་ཆད་ནས་ཌ་གྷ་སི་ཊན་ནི་ཁ་ཆེའི་དྲག་རྒོལ་གྱི་དམིགས་ཡུལ་ཞིག་ཏུ་གྱུར་ཟིན་པར་བཤད། 
ར་ཤིཡའི་གཞུང་འབྲེལ་གསལ་བསྒྲགས་ཡོངས་ཁྱབ་མ་བྱས་ཀྱང་། མེ་མདའ་ཅན་གྱི་དྲག་རྒོལ་བ་དེ་ཚོའི་ཁྲོད་དུ་སེར་གྷོ་ཀ་ལ་ (Sergokala) རྫོང་དཔོན་མཱ་གྷོ་མེ་ཌི་ཨོ་མཱ་རོབ་ (Magomed Omarov) ཀྱི་བུ་གཉིས་ཡོད་པས། ཁོ་པ་ལ་ད་ལྟ་འདྲི་རྩད་བྱེད་ཀྱིན་ཡོད་པར་གྲགས།
གང་ལྟར་ཡང། སྤྱི་ཚོགས་དྲྭ་བ་ཊེ་ལེ་ག་རམ་ (Telegram) ལ་སྤེལ་བའི་བརྙན་འཕྲིན་ཞིག་གི་ནང་། སྐུ་ཞབས་མེ་ལི་ཀོབ་ར་ཤི་ཡས་འཛུལ་དམག་འཁྲུག་ནང་ཞུགས་ཡོད་པ་དང་། མ་ཟད་ད་གེ་སི་ཊན་ཡང་ར་ཡུལ་དམག་འཁྲུག་ནང་ཐད་ཀར་ཞུགས་ཡོད་པ་ཤུགས་སུ་བསྟན་ཡོད་པར་བཤད། སོགས་རྒྱ་ཆེར་འཁོད་ཡོད།

By Henri Astier and Laura Gozzi, BBC News 

2024/06/20

ཧུའུ་ཨི་མི་རིགས་ (Hui 回族)

ཐོག་མའི་འབྱུང་ཁུངས།

ཧུའུ་མི་རིགས་ནི་ (Hui 回族) རྒྱ་གར་ཨི་རན་འདྲེས་མ་དང་། པར་སིག་གི་རིགས། དེ་བཞིན་སོག་པོ་ལ་སོགས་པའི་དབུས་ཨེ་ཤེ་ཡའི་ཡུལ་གྱར་བའི་རྒྱུད་པ་ཡིན། ཁོ་ཚོའི་ཕ་མེས་ཀྱི་རྒྱུད་པའི་མཆེད་ཁུངས་ངོ་མ་ནི་གཙོ་བོ་ཨེ་ཤ་ཡ་དབུས་དང་ཤར་མའི་རིགས་རྒྱུད་ཡིན་ཞིང་། དབུས་ཤར་གྱི་ཕ་མེས་འགའ་ཤས་ནི་ས་ཁུལ་དེར་ཁ་ཆེའི་ཆོས་ལུགས་ཁྱབ་སྤེལ་གཏོང་མཁན་གྱི་ཨ་རབ་དང་པར་སིག་གི་ཚོ་ཁག་ལྟ་བུ་ལས་བྱུང་ཡོད། དུས་རབས་བར་མའི་སྐབས་རྒྱ་ནག་གི་རྒྱལ་རྒྱུད་ཐང་དང་། སུང་། སོག་པོ་བཅས་ཀྱི་སྐབས་སུ་ཁ་ཆེ་དར་ཁྱབ་ཆེ་བའི་པར་སིག་དང་ཨེ་ཤ་ཡ་དབུས་མའི་ཡུལ་གྲུ་ཁག་ནས་ཕྱི་རྒྱལ་མི་འབོར་གནས་སྤོ་བྱས་པ་མཐོང་རྒྱུ་ཡོད་་ལ། རྒྱལ་རྒྱུད་དེ་ཚོས་ས་ཁུལ་དེ་དག་ནས་ཡིན་པའི་ཁ་ཆེ་བའི་ཚོང་པ་ཚོར་དགའ་བསུ་ཞུས་པ་དང་དབུས་ཨེ་ཤེ་ཡའི་གཞུང་ཞབས་སུའང་བསྐོ་བཞག་བྱས་ཡོད། དེ་ནས་དུས་རབས་རྗེས་མར་ཡུལ་སྤོས་ནས་འོངས་པའི་མི་མང་དེ་དག་ག་ལེར་གཞིས་ཆགས་ཤིང་རྒྱ་སྐད་བཤད་དགོས་པ་སོགས་ཀྱི་གནས་ཚུལ་བྱུང་སྟེ་མཐར་ཧུའུ་མི་རིགས་སུ་གྱུར།❶  ཁོང་ཚོ་རྒྱ་ནག་ཏུ་སླེབས་རྗེས་རྒྱ་ནག་གི་ཞིང་ཆེན་ཕལ་ཆེ་བར་གཞིས་ཆགས་པས་ཡུལ་ལུང་སོ་སོར་ཁྱད་པར་ཆེ། བར་སྐབས་རྒྱ་ནག་ལྷོ་ཕྱོགས་སུ་ཡེ་ཤུ་ཆོས་ལུགས་སྤེལ་མཁན་འོངས་སྐབས། དེ་ཚོས་ནི་ཧན་མི་རིགས་དང་ཧུའུ་མི་རིགས་གཉིས་ཀྱི་ཁྱད་པར་དེ་ཆོས་ལུགས་ཀྱི་ཆ་ནས་མ་གཏོགས་ཆེན་པོ་མཐོང་མེད་པར་གྲགས། དེ་ནས་དུས་རབས་བཅོ་བརྒྱད་པའི་རྗེས་སུ་ཀན་སུའུ་དང་ཧྲན་ཤིའི་ཁུལ་དུ་སླེབས་པའི་ནུབ་ཕྱོགས་པའི་ཆོས་སྤེལ་མཁན་ཚོས། ནུབ་བྱང་ཞིང་ཆེན་ཁག་གི་ཧུའུ་ཨེ་མི་རིགས་ནི་ཏུར་ཀི་དང་། ཧན། ཨ་རབ་མི་རིགས་བཅས་གསུམ་ལས་བྱུང་བའི་མི་རིགས་ཤིག་ཡིན་པར་ངོས་འཛིན་བྱས་ཡོད། 

རིགས་རྫས་ལ་དཔྱད་པ།

༢༠༠༤ ལོའི་ཞིབ་འཇུག་བྱས་འབྲས་སུ་ཧུའུ་ཨི་མི་རིགས་ཀྱི་ཕ་མེས་རྒྱུད་རྒྱུའི་བརྒྱ་ཆ་ ༦་༧ ནི་ཡུ་རེ་ཤི་ཡ་ནུབ་ཕྱོགས་ (West-Eurasian) ཀྱི་རིགས་རྒྱུད་དང། བརྒྱ་ཆ་ ༩༣་༣ ནི་ཡུ་རེ་ཤི་ཡ་ཤར་ཕྱོགས་ (East-Eurasian) ཀྱི་རིགས་རྒྱུད་ཡིན་པར་བཤད། ལོ་རྒྱུས་ཀྱི་ཡིག་ཆར་མི་རིགས་འདིའི་མི་འབོར་གྱི་སྐོར་ལ་གསལ་བཤད་བྱས་པ་ལྟར་ན། རིགས་མི་མཐུན་པའི་གཉེན་སྒྲིག་གི་ལམ་སྟེ། འདི་ཚོས་ཧན་མི་རིགས་ཀྱི་བུད་མེད་དང་གཉེན་སྒྲིག་བྱས་པ་ལས་མི་རིགས་འཕེལ་རྒྱས་སོང་བར་བཤད།❷ ཉིང་ཞ་དང་ཀུའེ་ཀྲོའུ་ (Ningxia and Guizhou) མི་རིགས་ལ་ཞིབ་འཇུག་བྱས་འབྲས་སུ་དེ་དག་ཡུ་རེ་ཤི་ཡའི་ནུབ་ཕྱོགས་ཀྱི་མི་རིགས་ལས་བྱུང་བའི་རིགས་རྫས་དཔང་རྟགས་ཆུང་ངུ་ཞིག་ལས་མ་རྙེད་པར་བཤད།❸ཀུའེ་ཀྲོའུ་ཡི་ཧུའུ་མི་རིགས་ཀྱི་རིགས་རྒྱུན་ཕྲ་རྫས་ (Y chromosomes) དབྱེ་ཞིབ་ལས། ཕ་མའི་རྒྱུད་པ་དབུས་སམ་བྱང་ཨེ་ཤེ་ཡའི་རིགས་རྒྱུད་ཡིན་པའི་ཚད་གཞི་མཐོན་པོ་བསྟན་ཡོད། དེ་ནི་སྐྱེས་པ་གཙོ་བོར་གྱུར་པའི་མི་འབོར་གནས་སྤོ་བྱས་པ་ལས་གྲུབ་པ་དང་། དེ་དག་ཕལ་ཆེར་བྱང་ཕྱོགས་ཀྱི་ལམ་བརྒྱུད་ནས་ཡོང་བ་ཡིན་སྲིད་ལ། དེའི་རྗེས་སུ་རྒྱ་མི་དང་མཉམ་བསྲེས་ཤུགས་ཆེན་བྱས་པ་ལས་གྲུབ་པ་ཞིག་ཡིན་❹ཚུལ་སོགས་ཞིབ་པར་བཤད་འདུག

གཞུང་འབྲེལ་གྱི་ཐོག་ནས་བཤད།

ཕྱི་ལོ་ ༡༩༤༩ ལོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གསར་འཛུགས་ཀྱི་རྗེས་སུ་ལོ་རྒྱུས་ཐོག་ནས་ཁ་ཆེའི་གྲངས་ཉུང་མི་རིགས་བཅུའི་གྲས་ཀྱི་ཧུའུ་ཞེས་པའི་ཐ་སྙད་འདི་རྒྱ་གཞུང་གིས་བཀོལ་སྤྱོད་བྱས་ཡོད་ལ།❺ དེང་སང་རྒྱ་ནག་གཞུང་གིས་ཧུའུ་མི་རིགས་ནི་ཆོས་ལུགས་ཁས་ལེན་པའི་རིགས་ཡིན་པ་དང་། དེའི་ནང་དུ་ཁ་ཆེའི་ཆོས་ལུགས་ཁས་མི་ལེན་པའི་ཧུའུ་མི་རིགས་ཀྱི་མེས་པོ་ཡོད་པ་རྣམས་ཀྱང་ཚུད་ཡོད་པར་བཤད་ཡོད། ❻ 



❶  Lipman 1997, p. 210.
❷ Yao, Y. G.; Kong, Q. P.; Wang, C. Y.; Zhu, C. L.; Zhang, Y. P. (2004). “Different matrilineal contributions to genetic structure of ethnic groups in the silk road region in china”. Molecular Biology and Evolution. 21 (12): 2265–80. doi:10.1093/molbev/msh238. PMID 15317881.
❸ Zhou, Boyan; Wen, Shaoqing; Sun, Huilin; Zhang, Hong; Shi, Ruiming (2020). "Genetic affinity between Ningxia Hui and eastern Asian populations revealed by a set of InDel loci". Royal Society Open Science. 7 (1): 190358. Bibcode:2020RSOS....790358Z. doi:10.1098/rsos.190358. PMC 7029925. PMID 32218926.
❹ Wang, Qiyan; Zhao, Jing; Ren, Zheng; Sun, Jin; He, Guanglin; Guo, Jianxin; Zhang, Hongling; Ji, Jingyan; Liu, Yubo; Yang, Meiqing; Yang, Xiaomin (2021). "Male-Dominated Migration and Massive Assimilation of Indigenous East Asians in the Formation of Muslim Hui People in Southwest China". Frontiers in Genetics. 11: 618614. doi:10.3389/fgene.2020.618614. ISSN 1664-8021. PMC 7834311. PMID 33505437.

❺ Lipman 1997, pp. xxii–xxiii.
❻ Gillette 2000, p. 12–13.

2024/06/16

ཀུ་ཝཻ་ཏི་ (Kuwait) རུ་རྒྱ་གར་བ་ཞེ་ལྔ་མེས་ཚིག་པ།

རྒྱ་གར་གྱིས་ཀུ་ཝཻ་ཏི་ (Kuwait) ནས་ལས་མི་བཞི་བཅུ་ཞེ་ལྔའི་ཕུང་པོ་ཕྱིར་ཁྱེར་ཡོང་བ། རྒྱ་གར་གནམ་དམག་སྡེ་ཚན་གྱི་གནམ་གྲུ་ཞིག་གིས་ཀུ་ཝཻ་ཏི་ནས་མེ་སྐྱོན་གྱིས་ཤི་བའི་རྒྱ་གར་ལས་བཟོ་པ་བཞི་བཅུ་ཞེ་ལྔའི་ཕུང་པོ་ཕྱིར་ཁྱེར་ཡོད་པ་རེད། དོན་རྐྱེན་དེ་ནི་རེས་གཟའ་ལྷག་པའི་ཉིན་རྒྱ་གར་གྱི་ལས་བཟོ་པ་ཆིག་སྟོང་བདུན་བརྒྱ་བདུན་ཅུ་དོན་དྲུག་སྡོད་སའི་མངྒ་ཧྥི་ (Mangaf) གྲོང་ཁྱེར་གྱི་སྡོད་ཁང་ཞིག་ཏུ་བྱུང་ཡོད་པ་རེད། 
    ཀུ་ཝཻ་ཏིའི་འགོ་ཁྲིད་ནས་མེ་སྐྱོན་དེའི་ཁྲོད་རྒྱ་གར་ནས་ཡིན་པའི་མི་བཞི་བཅུ་ཞེ་ལྔ་དང་། ཧྥི་ལི་ཕིན་རྒྱལ་ཁབ་ནས་ཡིན་པའི་མི་གསུམ་བཅས་ཁྱོན་མི་ལྔ་བཅུ་ལྷག་ལ་ཤི་སྐྱོན་བྱུང་ཡོད་པ་རེད་ཅེས་དང་། དེ་ཚོའི་ཁྲོད་ནས་ཕུང་པོ་གཉིས་ད་དུང་ངོས་འཛིན་བྱེད་ཐུབ་མེད་པ་དང་། མེ་སྐྱོན་ཕོག་པའི་མི་བཅུ་ཕྲག་ཁ་ཤས་དེ་དག་ལས་མང་ཤོས་རྒྱ་གར་བ་ཡིན་ཚུལ་བཤད་ཡོད་པ་རེད། 
    སྤྱིར་ཀུ་ཝཻ་ཏིའི་མི་འབོར་གྱི་གསུམ་ཆ་གཉིས་ནི་ཕྱི་རྒྱལ་ནས་ཡོངས་བའི་ལས་མི་དག་ཡིན་ཞིང་། རྒྱལ་ཁབ་འདི་གནས་སྤོ་བྱེད་པ་སོགས་ནང་ཁུལ་གྱི་ལས་ཀ་མང་པོ་ཞིག་ཡུལ་གཞན་ནས་འོངས་བའི་ལས་མི་ལ་ཤུགས་ཆེན་བརྟེན་ཡོད་པ་དང། དམིགས་བསལ་དུ་ཁང་པ་འཛུགས་སྐྲུན་དང་ཁྱིམ་ཚང་ལས་རིགས་སོགས་ནི་ཕྱི་མི་བཟོ་པ་རྣམས་ལ་ཤུགས་ཆེན་བརྟེན་ཡོད་པ་དང། ཡང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པས་ཁོ་ཚོའི་འཚོ་བའི་གནས་སྟངས་ལ་སེམས་ཁྲལ་རྒྱུན་མར་བྱེད་བཞིན་ཡོད་ཅེས་བཤད་ཡོད་པ་རེད། 
    དོན་རྐྱེན་འདི་བྱུང་རྗེས་རྒྱ་གར་གྱི་བློན་ཆེན་ཀིརྟི་ཝར་དྷན་སིཾ་ལགས་ (Kirti Vardhan Singh) ཀྱིས་ཀུ་ཝཻ་ཏི་ལ་བསྐྱོད་དེ་གནོད་འཚེ་ཕོག་ཡུལ་གྱི་མི་དེ་ཚོ་སུ་དང་སུ་ཡིན་པ་ངོ་ཐག་གཅོད་པར་རྒྱུད་རྒྱུའི་ (DNA) བརྟག་དཔྱད་བྱས་ཡོད་སྐོར་བཤད།
    ཡང་ཁོང་གིས་ལྟར་ན། ལས་མི་ཤི་བའི་ཁྲོད་ནས་མི་གྲངས་ཉི་ཤུ་རྩ་གསུམ་ནི་ཀེ་ར་ལའི་མངའ་སྡེ་ནས་ཡིན་པ་དང་། བདུན་ཏ་མཱིལ་ན་དུ། གཞན་ཨནྡྲ་པྲ་དེ་ཤི། ཨུཏྟྲ་པྲ་དེ་ཤི་ནས་གསུམ་རེ་དང་། ཨོ་ཌི་ཤ་ཡ་ནས་གཉིས། བྷི་ཧར་དང་། པན་ཇབ། ཀར་ན་ཊ་ཀ མ་ཧ་ར་ཤི་ཏྲ། ནུབ་བྷང་ག ཇར་ཁཎྜ། ཧར་ཡ་ན་བཅས་ནས་རེ་རེ་བཅས་ཤི་སྐྱོན་བྱུང་ཡོད་པ་རེད། ཡང་སྐུ་ཞབས་སིཾ་ལགས་ཀྱིས། “རྒྱ་གར་གཞུང་གིས་ཕུང་པོ་ཕྱིར་ལེན་ཆེད་དམིགས་བསལ་གནམ་གྲུ་ཞིག་བཀོད་སྒྲིག་བྱས་ཡོད་”ཅེས་གསུངས།
    གནམ་གྲུ་དེ་རེས་གཟའ་པ་སངས་ཀྱི་ཞོགས་པ་ཀེ་ར་ལའི་གྲོང་ཁྱེར་ཀོ་ཆི་རུ་བབས་པ་དང་། དེ་ནས་རྒྱ་གར་ལྷོ་ཕྱོགས་ཀྱི་མངའ་སྡེ་ཁག་གི་ལས་མི་རྣམས་ཀྱི་ཕུང་པོ་གཞུང་ལ་སྤྲད་རིམ་བཞིན་མུ་མཐུད་ལྡི་ལིར་འབྱོར། སྐབས་དེར་ཀེ་ར་ལའི་སྲིད་བློན་པི་ན་རཱ་ཡེ་ཝི་ཇཱན་ (Pinarayi Vijayan) དང་། མངའ་སྡེའི་ཁྲིམས་བཟོ་བ་རྣམས་གནམ་ཐང་དུ་སྐུ་ཕུང་རྣམས་བསུ་བར་བཅར་ཏེ་གུས་འདུད་ཞུས་ཡོད་པ་རེད།
སྐུ་ཞབས་ཝི་ཇ་ཡན་གྱིས་གནས་ཚུལ་འདི་ང་ཚོའི་རྒྱལ་ཁབ་ལ་ཆག་སྒོ་ཆེན་པོ་ཞིག་ཡིན་པ་དང་། ཀེ་ར་ལའི་ལས་མི་རྣམས་ང་ཚོའི་རྒྱལ་ཁབ་ཀྱི་སྲོག་རྩ་ཡིན་པ་དང། ད་ལན་ཀུ་ཝེ་ཏིའི་མེ་སྐྱོན་དེས་ང་ཚོའི་སྤྱི་ཚོགས་ལ་ཆག་སྒོ་ཆེ་ཤོས་དེ་བྱུང་བ་དང་། མེ་སྐྱོན་གྱི་རྐྱེན་པས་ཚེ་སྲོག་ཤོར་བའི་ཁྱིམ་མི་ཚོར་མངའ་སྡེ་དང་རྒྱལ་ཡོངས་སྲིད་གཞུང་གིས་གུན་གསབ་སྤྲོད་རྒྱུའི་གསལ་བསྒྲགས་བྱས་ཡོད།
    ཀུ་ཝེ་ཏི་གཞུང་ཕྱོགས་ནས་རྒྱལ་ཁབ་འདིའི་ནང་དུ་ཕྱི་རྒྱལ་ལས་མི་སྡོད་སའི་ཁང་པ་འགའ་ཤས་ལ་བདེ་འཇགས་ཡོད་མེད་སོགས་རྟོག་ཞིབ་བྱེད་བཞིན་ཡོད་ཅེས་དང། ཨ་རབ་ཀྱི་དུས་བབ་ཚགས་པར་གྱིས་བརྗོད་པ་ལྟར་ན། འགན་འཛིན་པས་བརྟག་དཔྱད་བྱས་པ་ལྟར་ན་མེ་སྐྱོན་དེ་ཐོག་བརྩེགས་དྲུག་ཅན་གྱི་ཁང་པ་དེའི་འོག་ཁང་གི་བདེ་སྲུང་བའི་ཁང་པ་ཨང་གཉིས་པའི་གློག་གི་གློག་སྐུད་ཐུང་ཐུང་ཞིག་ཆད་པ་ལས་བྱུང་བ་ཤེས་རྟོགས་བྱུང་ཡོད་པར་བཤད།
    ཀུ་ཝཻ་ཏི་མེ་གསོད་ཚན་ཁག་གི་ལས་བྱེད་རྒན་པ་ཞིག་གིས་“གཟའ་ལྷག་པའི་ཉིན་ཁང་མིག་དང་སྡོད་ཁང་དབར་གྱི་བར་སྟོང་དུ་འབར་གས་སླ་བའི་དངོས་པོ་བཀོལ་སྤྱོད་བྱས་ཡོད་”ཅེས་བཤད་པ་དང་། ཀུ་ཝཻ་ཏི་སྤྱི་ཁྱབ་ཁྲིམས་ཞིབ་ཁང་གིས་“སྤྱི་འབངས་གཅིག་དང་ཕྱི་རྒྱལ་མི་སྣ་འགའ་ཞིག་ལ་བསམ་བཞིན་མ་ཡིན་པའི་སྒོ་ནས་མི་བསད་པ་དང་། མེའི་ཉེན་འགོག་ཐབས་ཤེས་ལག་བསྟར་མ་བྱས་པའི་འགན་འཁྲིའི་ཉེས་མིང་འོག་བཀག་ཉར་བྱས་འདུག་”ཅེས་དུས་བབ་གསར་འགྱུར་ཁང་ནས་བཤད།
    མེ་ཤོར་བའི་རྗེས་སུ། རྒྱལ་ཁབ་ཀྱི་སྲིད་བློན་གཞོན་པ་རིམ་པ་གཉིས་པ་ཤཱི་ཡེ་ཧྥ་ཧད་ཡུ་སེབ་ཨལ་ས་ཧབ་ (Sheikh Fahad Yusuf al-Sabah) ཀྱིས་“ཁང་བདག་རྣམས་འདོད་རྔམ་ཆེ་དྲགས་པས་ཁང་པའི་ཚད་གཞི་ལས་འགལ་བའི་རྐྱེན་གྱིས་ཆག་སྒོ་བྱུང་བ་རེད་ཅེས་བཤད།

2024/06/12

ཀམྦོ་ཛ། kamboja

 Kamboja (Sanskrit: कम्बोज)

ལོ་རྒྱུས་ཀྱི་ཁུངས།

ཀམྦོ་ཛ་རྣམས་ནི་ཨི་རན་གྱི་རིགས་ཤིག་སྟེ།➊ དེ་དག་རྒྱ་གར་གྱི་ཡུལ་མཚམས་སུ་གནས་པའི་ཨི་རན་ཤར་ལྷོའི་ས་ཁུལ་ཕལ་ཆེ་བར་ཁྱབ་ཡོད་པ་དང་། འདིའི་སྐོར་རྒྱ་གར་ཨཱརྱཎ་གྱི་རྩོམ་རིག་ཁྲོད་གཅིག་པུར་སྣང་ཞིང་། ཡིག་རིགས་དེ་དག་ལས་ཀམྦོ་ཛ་པ་རྣམས་རིག་བྱེད་ཕྱི་མའི་སྐབས་ཙམ་ནས་ཡོད་པ་ར་སྤྲོད་བྱ་ཐུབ་པར་བཤད་འདུག ཀམྦོ་ཛ་པ་དག་གིས་ཨ་ཝེ་སི་ཐན་གསར་མའི་ (Younger Avestan) སྐད་དང་འདྲ་བ་ཅིག་སྨྲ་ལ། སྐད་ཡིག་དེའི་ཚིག་རྣམས་ནི་རྒྱལ་པོ་ཨ་ཤོ་ཀའམ་མཽརྱའི་རྒྱལ་པོ་མྱ་ངན་མེད་ཀྱིས་སྤྱི་ལོའི་སྔོན་གྱི་ ༢༦༨ ནས་ ༢༣༢ བར་དུ་བརྐོས་པའི་ཀནྡ་ཧར་ (Kandahar) གྱི་བྲག་བརྐོས་ཡི་གེར་འཁོད་པའི་ཡིག་རིགས་ལ་བལྟས་ན། དེ་དག་ཕན་ཚུན་འདྲེས་མའི་རང་བཞིན་ཅན་ཡིན་པ་རྟོགས་ནུས་པར་བཤད།
    དེ་དག་གི་ཆོས་ལུགས་ནི་རྫོ་རོ་སྟྲིན་རིང་ལུགས་པ་ (Zoroastrianism) སྟེ།➋ ཁོང་ཚོས་འབུ་སྲིན་དང་། སྦྲུལ། འབུ་དམར། སྦལ་པ་སོགས་སྲོག་ཆགས་ཆུང་ཙག་རྣམས་གསོད་དགོས་པར་འདོད་ཅིང་། ཆོས་ལུགས་གྱི་ལྟ་གྲུབ་བམ་ལག་བསྟར་བྱེད་སྟངས་འདི་ནི་ཨ་ཝེ་སི་ཐན་གྱི་ཝེན་དིདྡ་ (Avestan Vendidad) ཞེས་པའི་བསྟན་བཅོས་སུ་གསལ་བས་སོ། །
    རྒྱ་གར་ཨཱརྱཎ་གྱི་ཡི་གེ་དང་རྩོམ་རིག་ཏུ་ཀམྦོ་ཛའི་སྐོར་ཐོག་མར་གསལ་བ་ནི་རིག་བྱེད་ཀྱི་དུས་རབས་སྨད་དུ་བྱུང་བ་སྟེ། རྒྱ་གར་གནའ་བོའི་སྐད་བརྡ་རིག་པའི་བསྟན་བཅོས་«ནི་རུཀྟ་»རྩོམ་པ་པོ་ཡ་ཤ་ཀས་ (Yaska ) མཛད་པའི་ངེས་བརྗོད་ཀྱི་གཞུང་དུ་“ཤ་བ་ཏི་”ཞེས་པའི་ཚིག་ཅིག་གསལ་ཞིང་ཚིག་འདི་“གཡོ་འགུལ་”གྱི་དོན་ཅན་དུ་ཀམྦོ་ཛའི་སྐད་ཡིག་ཁོ་ནར་བེད་སྤྱོད་བྱེད་པའི་ཚུལ་བཤད་འདུག་ལ། ཕྱིས་ཀྱི་དུས་རབས་གཉིས་པར་པཱ་ཊ་ཛཱ་ལི་ཡིས་མཛད་པའི་བརྡ་སྤྲོད་པའི་བསྟན་བཅོས་སོགས་ལས་ཀྱང་དེ་དང་ཕྱོགས་མཚུངས་པ་ར་སྨྲའོ།། ཀོ་ཊི་ལི་ཡའི་ཨརྠ་ཤཱ་སྲ་ལྟར་ན། ཀམྦོ་ཛ་རྣམས་ཝརྟྟ་ས་ཏྲོ་པ་ཛི་ནཱ་སྟེ་ཚོང་དང་དམག་ལ་བརྟེན་པའི་ཚོ་ཁག་ཅིག་ཡིན་པར་བཤད།➍ 
    ཡང་སྤྱི་ལོའི་དུས་རབས་མ་ཤར་སྔོན་གྱི་ལོ་ ༢༦༨ ནས་ ༢༣༢ བར་བཙུགས་པའི་མཽརྱའི་རྒྱལ་པོ་མྱ་ངན་མེད་ཀྱི་བྲག་བརྐོས་སུ་གསལ་བའི་ཀམྦོ་ཛའི་སྐོར་གྱི་ཡིག་ཆ་དེ་ཡིན་ཞིང་དེའི་དུས་ཚོད་ངེས་ཅན་ང་ཚོས་གཏན་འབེབས་ཐུབ་ཀྱི་ཡོད། དེ་ཡང་བྲག་བརྐོས་ཡི་གེ་བཅུ་གསུམ་པར་“གྷི་རིག་དང་ཀམྦོ་ཛའི་ནང་”ཞེས་དང་། ཡི་གེ་ལྔ་པར་“གྷི་རིག་དང་། ཀམྦོ་ཛ། གནྡྷ་རི་ཡ་”ཞེས་གསལ་བར་བཀོད་ཡོད། འོན་ཀྱང་མྱ་ངན་མེད་ཀྱིས་ཀམྦོ་ཛ་ཙམ་ལ་ཟེར་བ་ཡིན་ནམ་ཡང་ན་ཁོ་པའི་རྒྱལ་ཁམས་སུ་གཏོགས་པའི་ཨི་རན་གྱི་ཚོ་པ་ཐམས་ཅད་ལ་ཟེར་བ་ཡིན་ཐག་གཅོད་དཀའ་བར་སྣང་ཞེས་ཟེར། གང་ལྟར་ཀྱང་གོང་དུ་བཤད་པའི་ཚོ་ཁག་དེ་དག་མཽརྱའི་རྒྱལ་ཁམས་ཀྱི་ཆ་ཤས་ཡིན་ཞིང་། དེ་དག་ལ་མྱ་ངན་མེད་ཀྱི་སྲིད་དབང་གིས་ཤུགས་རྐྱེན་ཐེབས་ཡོད་ལ། རིག་གཞུང་དང་། ཆོས་ལུགས་ཀྱི་སྲོལ་རྒྱུན་བཅས་ཀྱིས་ཤུགས་རྐྱེན་ཡང་ཐེབས་ཡོད་ཅིང་། མ་ཚད་ཁོ་ཚོས་ཀྱང་མྱ་ངན་མེད་ཀྱིས་གཏན་ལ་ཕབ་པའི་ཆོས་ལུགས་ཀྱི་ལྟ་བ་ཡང་རྒྱུད་འཛིན་བྱས་ཡོད་པར་མངོན།➎
    རྒྱ་གར་གྱི་གནའ་སྒྲུང་གྲགས་ཅན་«མ་ཧཱ་བྷ་ར་ཏའི་»ནང་དུ་ཀམྦོ་ཛ་དང་། གྷི་རིག། གན་དྷ་ར། བག་ཏྲིན་སི། རྒྱ་གར་གྱི་སི་ཀའེ་ཐི་ཡའི་མི་བཅས་ཀྱི་སྐོར་གླེང་ཡོད་པ་དང། ལེགས་སྦྱར་གྱི་ས་ཁམས་རིག་པའི་གཞུང་དང་། སྡེ་སྣོད་ཡན་ལག་གི་མདོ་སོགས་སུ་ཀམྦོ་ཛ་ནི་སངས་རྒྱས་ཞལ་བཞུགས་སྐབས་སུ་རྒྱ་གར་གླིང་ཟུར་གྱི་རྒྱལ་ཕྲན་བཅུ་དྲུག་གི་གྲས་སུ་ཡོད་པར་འཁོད།
    སཾསྐྲྀཏ་དང་། པཱ་ལིའི་སྐད་ཡིག་གི་ནང་དུ་ཀམྦོ་ཛའི་མི་རིགས་ཀྱི་ཁྱད་ཆོས་སྣ་ཚོགས་ཤིག་གསུངས་ཡོད། ཁོང་ཚོས་རྒྱུན་དུ་མགོ་སྐྲ་བཞར་གྱི་ཡོད་པ་དང་། ཁོང་ཚོར་རྒྱལ་པོ་ཡོད་ཅིང་དེའི་རྒྱལ་སའི་་མིང་ལ་“རཱ་ཛ་པུ་ར་”སྟེ་རྒྱལ་པོའི་གྲོང་བྱ་བར་བཏགས་ཡོད་པར་བཤད་ཀྱང་། ས་གནས་དེ་གང་དུ་ཡིན་པ་ངོས་འཛིན་བྱས་པ་མི་གསལ། དེ་བཞིན་ཨི་རན་གྱི་མི་ཐུན་མོང་ལ་ཡོད་པ་ལྟར། ཁོང་ཚོ་རྟ་གསོ་སྐྱོང་བྱེད་པར་མཁས་ཤིང་། ཁོང་ཚོས་གསོ་སྐྱོང་བྱས་པའི་རྟ་རྣམས་ནི་དམག་འཁྲུག་ལ་སྤྱོད་རྒྱུར་ཆེས་འཚམ་ཤོས་ཡིན་པ་དང་། ཁོང་ཚོས་རྒྱ་གར་དུ་རྟ་འབོར་ཆེན་ཁྲིད་ཏེ་འབུལ་མཚོན་དུའང་ཕུལ་མྱོང་བར་གྲགས།➏ འདི་ཡན་ཆད་ཝི་ཀེ་རིག་མཛོད་ལ་གཞི་བཅོལ་ནས་བྲིས།

སངས་རྒྱས་པའི་གསུང་རབ་ནས་གསལ་བ།

ནང་ཆོས་ནས་ཀམྦོ་ཛའམ་ཀམ་པོ་ཛ་ཞེས་པ་དེ་གང་ཞིག་ལ་ངོས་འཛིན་དགོས་སམ་ཞེས་ན།
དང་པོ་«འཇམ་དཔལ་གྱི་སྒྲ་བརྡ་སྤྲོད་པའི་འགྲེལ་པ་སྟོང་ཕྲག་བརྒྱད་པ་» (D, 238a6-7) ལས། “ཀམྦོ་ཛ་སོགས་ལས་འཇིག་གོ། །དེ་ལ་བུ་རྒྱུད་རྒྱལ་པོ་ལ་བྱས་པའི་རྐྱེན་འཇིག་པར་འགྱུར་ཏེ། ཀམྦོ་ཛ་རྣམས་ཀྱི་བུ་རྒྱུད་དམ་རྒྱལ་པོ་ནི། ཀམྦོ་ཛཿ ཀེ་ར་ལཿ ཙོ་ལཿ ཤ་ཀཿ ཡ་བ་ནཿ ཨ་ཙ་གཉིས་པ་ལས་ཨཎ་འཇིག་གོ །”ཞེས་“ཀམྦོ་ཛ་”ཡི་བརྡ་དག་ཇི་བཞིན་པ་འབྱུང་ལ། གཞན་འོག་ནས་འབྱུང་བའི་ལུང་ཕལ་མོ་ཆེ་ལས་ནི་“ཀམ་པོ་ཛ་”ཞེས་སྒྲ་འདྲ་བ་ཙམ་ལས་བརྡ་དག་ཇི་བཞིན་པ་མི་འབྱུང་། ལུང་འདིའི་དོན་ནི་ཀམྦོ་ཛའི་མི་རྒྱུད་དམ་རྒྱལ་རིགས་ཀྱི་བྱུང་བ་བཤད་ཡོད་པ་ཙམ་ལས་ཡུལ་གང་ཡིན་སོགས་བཀོད་མེད།

༡༽ ཨ་ཤོ་ཀའི་རྡོ་བརྐོས་དང་མཚུངས་པར་གསལ་བའི་གཞུང་ཀག་ལས་དང་པོ། «དཀོན་བརྩེགས་གསང་བ་བསམ་གྱིས་ཁྱབ་པ་བསྟན་པ་» (D, vol. Ka, fol. 141b56) ལས། ཡུལ་ཀ་ཤ་དང་། བ་ཧུ་པ་དང་། ཐོ་གར་ཡུལ་ (Tokharistan) དང་། ཡ་བ་ན་དང་། ཀམ་པོ་ཛ་དང་། [...] ལྔ་ལེན་དང་།” ཞེས་དང་། གཉིས་པ་«ཐུབ་པ་ཆེན་པོ་དྲང་སྲོང་གར་གས་ལྟས་ཀྱི་རྣམ་པ་བསྟན་པ་ཞེས་བྱ་བའི་གཙུག་ལག་» (D, vol. Ngo, fol. 22a6) ལས། “ཡུལ་ཀམ་པོ་ཛ་དང༌། ཡུལ་བར་བར་དང༌། ཡུལ་སྤོས་འཛིན་དང་བཅས་པ་དག་ཏུ་ཡང་འཁྲུག་ཅིང་ཕན་ཚུན་མི་མཐུན་པ་དང༌།” ཞེས་དང་ཡང་དེ་ཉིད་ (D, vol. Ngo, fol. 43a3-5) ལས། ཡོལ་ཏ་རུ་ན་དང་། ཡུལ་རུ་ག་ཀ་ཏི་ས་རའི་མི་རྣམས་དང་། ཡུལ་ཀམ་པོ་ཛ་ནས་སྐྱེས་པའི་མི་རྣམས་དང་། ཐོ་གར་གྱི་ཡུལ་ (Tokharistan) དང་།” ཞེས་ཀམྦོ་ཛ་དང་ལྷན་དུ་འབྱུང་བའི་ཡུལ་གྲུ་དེ་དག་ཨི་རན་དང་ཉེ་བ་རྐྱང་རྐྱང་ཡིན་པས་གོང་གསལ་ཨ་ཤོ་ཀའི་རྡོ་བརྐོས་ཡི་གེའི་ནང་དོན་དང་མཚུངས་པར་གསལ།

༢༽ རྒྱ་གར་གྱི་ཡུལ་ཞིག་ཡིན་ལ་ཉེ་བ་དང་ཡང་ན་མ་ངེས་པའི་རིགས་གསལ་བའི་གཞུང་ཁག་གཅིག་སྟེ། དང་པོ་«མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ་» (D, vol. Sa, fol. 200b45) ལས། 

ཀམ་པོ་ཛ་ཡི་བུ་མོ་བརྒྱ། །
ནོར་བུ་རྣ་ཆ་གདུབ་འཁོར་ཐོགས། །
གསེར་གྱི་དཔུང་རྒྱན་འཆང་བ་དང་། །
མགྲིན་པ་གསེར་གྱིས་ལེགས་བརྒྱན་པ། །
བསྐོར་བའི་གོམ་པ་གཅིག་བོར་བའི། །
བཅུ་དྲུག་ཆར་ཡང་མོ་ཕོད་དོ། །

ཞེས་ཀམ་པོ་ཛའི་བུད་མེད་ཀྱི་རྒྱན་ཆ་རྣམས་གནའ་བོའི་རྒྱ་གར་གྱི་རྣམ་པ་ཇི་བཞིན་གསལ་བས་རྒྱ་གར་གྱི་ས་གནས་ཤིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པར་མངོན་པ་དང་། ཡང་«འདུལ་བ་ཕྲན་ཚེགས་ཀྱི་གཞི་» (D, vol. Tha, fol. 296a3) ལས། “ཡུལ་འཁོར་གང་ན་བུད་མེད་བཟང་། དེ་ན་ཁ་ཅིག་གིས་སྨྲས་པ། ལྷ་ཀ་ནྱཱ་ཀུབ་ཛ་ན་བུད་མེད་བཟང་ལགས་སོ། །གཞན་དག་གིས་སྨྲས་པ། ལྷ་ཀམ་པོ་ཛི་ཀ་པའི་བུད་མེད་བཟང་ལགས་སོ། །”ཞེས་ཀཱ་ནྱ་ཀུབ་ཛ་སྟེ་རྒྱ་གར་བྱང་ཕྱོགས་ཨུཏྟར་མངའ་སྡེའི་བུད་མེད་དང་ཀམ་པོ་ཛའི་བུད་མེད་དག་ལས་གང་ཞིག་མཛེས་དང་མི་མཛེས་ཀྱི་བསྡུར་བ་བྱས་པའི་གཏམ་རྒྱུད་འདིས་ཀྱང་རྒྱ་གར་གྱི་ཡུལ་ཞིག་ལ་གསུངས་ཡོད་པར་ཉེ་བ་དང་། 
    དེ་བཞིན་ཀམྦོ་ཛའི་ཡུལ་ལ་ཆ་ེ་ཆུང་གཉིས་ཡོད་པར་བཤད་པ་ནི་«རལ་པ་གྱེན་བརྫེས་ཀྱི་རྟོག་པ་ཟ་ [...] འཕགས་མ་སྒྲོལ་མའི་རྩ་བའི་རྟོག་པ་» (D, vol. Tsa, fols. 222a6) ལས། ཀམ་པོ་ཛ་དང་། ཀམ་པོ་ཛ་ཆེན་པོ་དང་།” ཞེས་པས་གསལ་ལ། ཡང་ཀོ་ཤཱམྦ་ཡི་རྒྱལ་པོ་ཞིག་གི་མིང་ལའང་ཀམ་པོ་ཛ་ཞེས་འབྱུང་ཚུལ་ནི་«ནག་པོ་ཆེན་པོ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་» (vol. Ca, fol. 68a 23) ལས། ཡུལ་དེ་ལ་མ་ཌ་ཞེས་སོ། །དེར་ཀམ་པོ་ཛ་ཞེས་པའི་རྒྱལ་པོ་འབྱུང་བར་འགྱུར་རོ། །དེའི་བུའི་མིང་ཀོ་ཤཱམྦ་ཞེས་པ་དང་ལྡན་པའི་རྒྱལ་པོ་འབྱུང་ཞིང་གྲོང་ཁྱེར་གྱི་མིང་ཡང་ཀོཤཱམྦ་ཞེས་པ་འབྱུང་ངོ་། །”ཞེས་སོགས་གསལ། 
    ཡང་ཀམྦོ་ཛ་ནས་རིགས་ལྡན་མཁའ་འགྲོ་མ་འཚོལ་བར་བཤད་ཡོད་པ་སྟེ། «
དཔལ་མཁའ་འགྲོ་རྒྱ་མཚོ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་» (vol. Kha, fol. 154a3
4) ལས། “ཀམ་པོ་ཛ་མ་ཌོམ་བི་མ། །གཏུམ་མོ་དང་ནི་གདོལ་པ་མོ། །བྲམ་ཟེ་མོ་དང་དམངས་རིགས་མོ། །རྒྱལ་པོའི་བུ་མོ་འཕྲུལ་ཆེན་མོ། །”ཞེས་དང་། 
ཨིནྡྲ་བྷཱུ་ཏའི«དཔལ་ཁ་སྦྱོར་ཐིག་ལེ་ཞེས་བྱ་བ་རྣལ་འབྱོར་མའི་རྒྱུད་ཀྱི་རྒྱལ་པོའི་རྒྱ་ཆེར་འགྲེལ་པ་ཡང་དག་པར་ལྟ་བའི་དྲན་པའི་སྣང་བ་» (D, vol. Ca, fol. 311a7) “དེ་བཞིན་དུ་ཕྱིའི་ཁ་སྦྱོར་བྱ་བའི་ཕྱིར། ཀམ་པོ་ཛ་ལ་སོགས་པའི་རྣལ་འབྱོར་མ་རྣམས་བཀུག་ནས་འདོད་པ་སྤྱད་པར་བྱའོ། །”ཞེས་སྔགས་ཀྱི་སྤྱོད་པར་མཁོ་བའི་བུད་ཀྱི་རིགས་ཀམྦོ་ཛ་པའི་ནང་དུ་འཚོལ་དུ་ཡོད་པར་བཤད།
    ཡང་ཀམྦོ་ཛའི་བུད་མེད་རྣམས་གདོན་འདྲེ་ཡིན་པར་བཤད་པའི་གཞུང་ཁག་གཅིག་སྟེ། «འཕགས་པ་རིག་པ་མཆོག་གི་རྒྱུད་ཆེན་པོ་» (D, vol. Dza, fol. 34b2–6) ལས། “ལོག་འདྲེན་རྣམས་ཀྱི་ལོག་འདྲེན་གྱི་རིགས་ནི་བཞི་མཆིས་ཏེ། སོ་གཅིག་པའི་རིགས་དང་། ཀམ་པོ་ཛའི་རིགས་དང་། […] ཀམ་པོ་ཛའི་རིགས་ལ་ནི་དབང་ཕྱུག་ཆེན་པོའི་གཡོག་འཁོར་བ་ལང་རྣ་བ་ལ་སོགས་པ་ལ་བགེགས་དྲུག་ཁྲི་མཆིས་ཏེ། དབང་ཕྱུག་ཆེན་པོའི་ཆོ་ག་རྒྱས་པ་ལ་བགེགས་བགྱིད་ཅིང་ […] རིག་པ་ཡང་འཇོམས་པར་བགྱིད་དོ། །ཞེས་དངོས་མེད་འབྱུང་པོའི་རིགས་ཤིག་ལའང་ཀམྦོ་ཛ་ཞེས་བཤད་ཡོད།

རྒྱ་གར་ལས་འདས་པའི་ཤར་ཕྱོགས་སུ་ཡོད་པར་འདོད་པ།

ཡང་ཇོ་ནང་པ་ཏཱ་ར་ནཱ་ཐ་ (1575–1634) དང་། མཀས་དབང་དགེ་འདུན་ཆོས་འཕེལ་ (1903–1951) གཉིས་ཀྱིས་ནི་ལྷོ་ཨེ་ཤི་ཡིའི་རྒྱལ་ཁབ་ཀམ་བྷོ་ཌི་ཡ་ (Cambodia) ལ་ངོས་འཛིན་བྱས་ཡོད་པ་ལྟར་སྣང་སྟེ། དང་པོ་ཏཱ་ར་ནཱ་ཐས་རྒྱ་གར་བྱང་ཤར་མངའ་སྡེ་ཨ་སམ་ལ་ཡོད་པའི་ཀཱ་མ་རཱུ་པ་ལས་ཀྱང་འདས་པའི་ཤར་ཕྱོགས་སུ་ཡོད་པར་འདོད་པས། ཕལ་ཆེར་ཀམྦོ་ཛ་ནི་ཀམ་བྷོ་ཌི་ཡའི་ཕྱོགས་དེ་བར་ངོས་འཛིན་བྱས་ཡོད་དམ་སྙམ་པ་ཞིག་སྟེ། དེ་ཉིད་མཛད་པའི་«དམ་པའི་ཆོས་རིན་པོ་ཆེ་འཕགས་པའི་ཡུལ་དུ་ཇི་ལྟར་དར་བའི་ཚུལ་གསལ་བར་སྟོན་པ་དགོས་འདོད་ཀུན་འབྱུང་» (pp. 634-636) ལས། “སོ་དགུ་པ། ཤར་ཕྱོགས་ཀ་ཀའི་ཡུལ་དུ་བསྟན་པ་དར་བའི་སྐབས་ཀྱི་གཏམ། རྒྱ་གར་ཤར་ཕྱོགས་ལ་དུམ་བུ་གསུམ་སྟེ། བྷཾ་ག་ལ་དང་། ཨོ་ཊི་བི་ཤ་ (Orissa) ཉི་འོག་ལ་གཏོགས་པས་ཉི་འོག་ཤར་ཕྱོགས་ཟེར། བྱང་ཤར་གྱི་ཡུལ་ཀཱ་མ་རཱུ (Assam) ཏི་པུ་ར། (tripura) ཧ་ས་མ་རྣམས་ལ་གི་རི་ཝརྷ་སྟེ་རིས་བསྐོར་བ་ཟེར། དེ་དག་ལས་ཤར་ཕྱོགས་སུ་ཕྱིན་པ་བྱང་ཕྱོགས་ཀྱི་རི་ངོས་ལ་ཉེ་བའི་ནཾ་ག་ཊའི་ཡུལ་རྣམས་དང་། རྒྱ་མཚོ་ལ་ཉེ་བའི་ཡུལ་པུ་ཁཾ་དང་། བལ་ཀུ་སོགས་ར་ཁང་གི་ཡུལ་དང་། ཧཱཾ་ས་ཝི་ཏི། མ་རྐོ་ལ་སོགས་པ་མུ་ཉུང་གི་ཡུལ་དང་། གཞན་ཙཀྨ་དང་། ཀམྦོ་ཛ་ལ་སོགས་པ་དེ་ཐམས་ཅད་ཀྱི་སྤྱི་མིང་དུ་ཀོ་ཀི་ཞེས་ཟེར་ཏེ། དེ་ལྟར་ན་ཀོ་ཀའི་ཡུལ་དེ་རྣམས་སུ་རྒྱལ་པོ་མྱ་ངན་མེད་ཀྱི་དུས་ཙམ་ནས་བཟུང་སྟེ་དགེ་འདུན་གྱི་སྡེ་བྱུང་ལ།  […] སྔར་གྱི་རྒྱུན་ལས་ད་ལྟའི་བསྟན་པ་ཤིན་ཏུ་དར་བར་ཡོད་དོ། ཤར་ཕྱོགས་ཀ་ཀའི་ཡུལ་དུ་བསྟན་པ་དར་བའི་སྐབས་ཀྱི་གཏམ་སྟེ་སོ་དགུ་པའོ།། །།”ཞེས་པའི་བར་རྒྱས་པར་བཤད་ཡོད་ལ། གཉིས་པ་དགེ་ཆོས་ཀྱི་«གཏམ་རྒྱུད་གསེར་ཐང་» (p. 70.12-14) ལས། “བྷར་མ་དང་། ཤྱཱམ་དང་། ཀམྦོ་ཛ་སོགས་ནང་པའི་རྒྱལ་ཁབ་རྒྱང་རིང་པོ་ནས་ཀྱང་མི་མང་པོ་ལྟད་མོར་སླེབས།” ཞེས་གསུངས་ཚུལ་ལ་དཔགས་ན། སྐབས་དེར་ནང་པའི་རྒྱལ་ཁབ་ཞིག་ལ་མིང་ཀམྦོ་ཛ་ཞེས་པ་ནི་ཀམ་བྷོ་ཌི་ཡ་མ་གཏོགས་འགྲོ་ས་མེད་པ་ཤེས་པར་བྱའོ། །མཁས་ཁོང་གཉིས་ཀྱི་གསུངས་ཚུལ་འདི་ཡད་གཞི་མེད་རྫུན་སྒྲིག་ཅིག་གཏན་ནས་མིན་ཏེ། ཀམ་པོ་ཌི་ཡའི་རྒྱལ་ཁབ་ཀྱི་མིང་གི་བྱུང་བ་བཤད་སྐབས་ཀམྦོ་ཛ་དང་དམིགས་བསལ་འབྲེལ་བ་ཡོད་ཚུལ་གསལ་བར་བཤད་ཡོད།

མདོར་ན། 

ཀམྦོ་ཛ་པ་རྣམས་ནི་གོང་གསལ་ཨི་རན་ནས་བྱུང་ཚུལ་དང་། ཡང་ལོ་རྒྱུས་གཞན་དུ་རྒྱ་གར་གོ་པ་ལ་གཉིས་པའི་སྲིད་དབང་བཟུང་སྐབས་པཱ་ལའི་རྒྱལ་རྒྱུད་ཀྱིས་བཙན་འཛུལ་བྱས་རྗེས། དུས་རབས་བཅུ་པ་ནས་བཅུ་གཅིག་པའི་བར་ཀམྦོ་ཛ་པཱ་ལའི་རྒྱལ་རྒྱུད་ཀྱིས་བྷངྒ་ལའི་ཡུལ་གྲུ་ཁག་ཅིག་ལ་དབང་སྒྱུར་བྱས། དུས་རབས་བཅུ་གཅིག་པའི་ནང་རྒྱ་གར་ལྷོ་ཕྱོགས་ཀྱི་རྒྱལ་པོ་རཱ་ཛེནྡྲ་དང་པོས་ (Rājendra-I) ཀམྦོ་ཇའི་རྒྱལ་པོ་མཐའ་མ་དྷརྨ་པཱ་ལ་ཕམ་ཉེས་སུ་བཏང་➓ཚུལ་གསལ་བས། ཀམྦོ་ཛ་ནི་ཨི་རན་ནས་བྱུང་ཞིག་རྒྱ་གར་དུ་གཞིས་ཆགས་པའི་མི་རིགས་ཤིག་གོ་ཞེས་ངོས་འཛིན་བྱས་ན་ཆོས་པར་སེམས།

་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
➊ Schmitt 2021; Boyce & Grenet 1991, p. 129; Scott 1990, p. 45; Kubica 2023, p. 88; Emmerick 1983, p. 951; Fussman 1987, pp. 779–785; Eggermont 1966, p. 293.
Schmitt 2021; Boyce & Grenet 1991, pp. 129–130.
➍ Majumdar, Ramesh Chandra (1922). Corporate Life in Ancient India. The Oriental Book Agency, p-29.
Schmitt 2021Boyce & Grenet 1991, pp. 129–130.
➏ Boyce & Grenet 1991, pp. 129–130; Sharma 2007, p. 145–152.
➐ kanyākubja ནི་རྒྱ་གར་ཨུཏྟར་མངའ་སྡེའི་ཁོངས་ཀྱི་རྫོང་ཞིག་ཡིན།
➑ རྒྱ་གར་བཙན་འཛུལ་དུ་ཡོང་བའི་གྷི་རིག་གི་རིགས་རྒྱུད།
➒ Kaushambiནི་རྒྱ་གར་ཨུཏྟར་མངའ་སྡེའི་ཁོངས་ཀྱི་རྫོང་ཞིག་ཡིན།
➓ Ancient Indian History and Civilization by Sailendra Nath Sen p.281; B-The Cambridge Shorter History of India p.145; C-West Bengal District Gazetteers: Nadīa p.63.

2024/06/04

རོ་སྒམ་ནང་གི་ལྐོག་གྱུར་གྱི་དོན་རྐྱེན། In Eiffel Tower coffin mystery

BBC News Jun 3, 2024
ཕ་རན་སིའི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་པ་ཚོས་ཡིད་ཆེས་བྱས་པ་ལྟར་ན། ཨུ་རུ་སུས་གཡོ་བྱུས་བྱས་ཏེ་ཕུང་པོ་བླུག་སའི་རོ་སྒམ་ལྔ་ཐམ་པ་ཨེ་ཕེལ་ལྕོགས་ (Eiffel Tower) ཀྱི་ཉེ་འགྲམ་དུ་བཞག་ཡོད་པ་དང་། རོ་སྒམ་དེ་དག་ཧྥ་རན་སིའི་རྒྱལ་དར་གྱིས་དཀྲིས་ཤིང་དེའི་ངོས་སུ་“ཡུ་ཁུ་རཱན་ལ་ཡོད་པའི་ཧྥ་རན་སིའི་དམག་མི་”ཞེས་བྲིས་ཡོད་པ་རེད།
རེས་གཟའ་སྤེན་པའི་ཉིན་གྱི་ཆུ་ཚོད་དགུ་པ་ཙམ་ལ་རླངས་འཁོར་ཆུང་བ་ཞིག་གི་ནང་མི་གསུམ་སླེབས་པ་གཞན་གྱིས་མཐོང་ཡོད་པ་དང་། མི་བཞི་པོ་དེ་དག་ཐོན་ཚར་བའི་རྗེས་སུ་རོ་སྒམ་ནང་དུ་ས་དཀར་བླུགས་པའི་རྩྭ་རས་ (sacks of plaster) ཁ་ཤས་བླུགས་ཡོད་པ་ཕྱིས་སུ་ཤེས་རྟོགས་བྱུང་ཡོད་པ་རེད།
དེ་མཚུངས་ཉེན་རྟོག་པས་རླངས་འཁོར་ཁ་ལོ་བ་དེ་མགྱོགས་མྱུར་ངང་འཛིན་བཟུང་བྱས་པ་དང་། ཁ་ལོ་བ་དེས་ཁོ་ལ་རོ་སྒམ་དབོར་འདྲེན་བྱེད་པར་མི་གཞན་གཉིས་ཀྱིས་ཡུ་རོབ་སྒོར་མོ་བཞི་བཅུ་སྤྲད་སོང་ཞེས་དང་། ཁོ་རང་བྷུལ་གྷ་རི་ཡ་ (Bulgaria) ནས་ཉིན་གཅིག་གི་སྔོན་ལ་རྒྱལ་ས་པེ་རི་སི་ལ་འབྱོར་བ་ཡིན་ཚུལ་བཤད།
དེ་རྗེས་ཉེན་རྟོག་པས་མི་གཞན་པ་དེ་གཉིས་རྒྱལ་ས་ཕེ་རི་སིའི་དབུས་ཀྱི་བྷེར་སི་ཁོ་ཆི་རླངས་འཁོར་འབབ་ཚིགས་ (Bercy coach station) ནས་འཛིན་བཟུང་བྱས་པ་དང་། སྐབས་དེར་ཁོ་གཉིས་འཇར་མན་གྱི་གྲོང་ཁྱེར་བྷེར་ལིན་ (Berlin) ལ་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་དུ་འགྲོ་འཆར་བྱེད་བཞིན་ཡོད་ཚུལ་དང་། ཁོང་གཉིས་ལ་ཡང་གཞན་གྱིས་རོ་སྒམ་འཇོག་གླ་ལ་སྒོར་མོ་བཞི་བརྒྱ་སྤྲད་སོང་ཞེས་བཤད།
ཡང་ཉེན་རྟོག་པས་བཤད་པ་ལྟར་ན། ཁ་ལོ་བ་དེ་ནི་བྷུལ་གྷ་རི་ཡའི་མི་ཞིག་དང་། གཞན་གཉིས་ལས་གཅིག་ཡུ་ཁེ་རན་དང་གཞན་པ་དེ་འཇར་མན་ནས་ཡིན་པར་ངོས་ལེན་བྱས་སོང་ཞེས་བཤད།
རེས་གཟའ་ཉི་མའི་ཉིན་ཁྲིམས་དཔོན་གྱི་མདུན་དུ་ཁོང་ཚོ་ཁྲིད་ནས། ཁྲིམས་དཔོན་གྱིས་“སྔོན་ཚུད་ནས་འཆར་གཞི་བཏིངས་ཏེ་དྲག་སྤྱོད་བྱས་པའི་སྐོར་”ལ་ཁྲིམས་ཞིབ་འགོ་འཛུགས་རྒྱུ་ཡིན་པར་བཤད། སྤྱི་ཁྱབ་ཁྲིམས་དཔོན་གྱི་ལས་ཁུངས་གཉིས་པ་ནས་བཤད་པ་ལྟར་ན། ལས་བྱེད་པ་ཚོས་གནས་ཚུལ་འདི་“ཕྱི་རྒྱལ་ནས་བཀོད་སྒྲིག་”བྱས་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བཤད།
ཉེ་ཆར་བྱུང་བའི་དོན་རྐྱེན་གཉིས་ལ་བསམ་བློ་བཏང་ན། ཨུ་རུ་སུའི་གསང་མྱུལ་བ་རྣམས་ཀྱང་དོན་རྐྱེན་འདིའི་ནང་དུ་ཞུགས་ཡོད་སྲིད་པར་ཧྥ་རན་སིའི་ཉེན་རྟོག་པས་འདོད་ཀྱི་ཡོད་ལ། དོན་རྐྱེན་དེ་གཉིས་ཀས་མང་ཚོགས་བློ་འགུག་ཐབས་བྱས་པར་མངོན།
མི་རིང་བའི་ཟླ་བ་བཅུ་པའི་ནང་། ཧ་མ་སིས་ (Hamas) ཨི་སི་རལ་གྱི་ཐོག་ཏུ་སྔོན་ཆད་བྱུང་མྱོང་མེད་པའི་དྲག་རྒོལ་བྱས་པས། མི་ ༡༢༠༠ ཙམ་བསད་ཅིང་མི་བརྒྱ་ཕྲག་མང་པོ་བཙོན་དུ་བཟུང་། དུས་ཡུན་མི་རིང་བར་ཨི་སི་རལ་གྱི་རྒྱལ་དར་གྱི་སྐར་མ་ཟུར་དྲུག་གི་རི་མོ་ཅན་རྒྱལ་ས་ཕ་རེ་སིའི་རྩིག་གྱང་ངོས་སུ་བཀལ་བའི་དོན་རྐྱེན་བྱུང་། སྐབས་དེར་ཧྥ་རན་སི་གཞུང་ནས་མོལ་ཌོ་ཝན་ (Moldovan) བཟའ་ཚོ་གཉིས་འཛིན་བཟུང་བྱས་ཡོད་པ་དང་། ཧྥ་རན་སིའི་དཔོན་རིགས་ཚོས་བཟའ་ཚོ་དེ་གཉིས་ལ་ཨུ་རུ་སུའི་གསང་ལས་ཀྱིས་གླ་ཕོགས་སྤྲད་ཡོད་པར་ཡིད་ཆེས་བྱས་ཡོད། 
ཞེས་སོགས་འཁོད་ཡོད།

2024/06/02

འཛམ་གླིང་གི་གྲོང་ཚོ་སྔ་ཤོས།

གཽ་པེཀ་ལི་་ཊེ་པེ་ (Göbekli Tepe) ཞེས་པ་ནི་ཏུར་ཀེས་ (Turkey) རྒྱལ་ཁབ་ཀྱི་ལྷོ་ཤར་ཨ་ན་ཏོ་ལི་ཡའི་ (Anatolia) ས་ཁུལ་དུ་ཆགས་པའི་རྡོ་ཆས་གསར་མའི་གནའ་རྫས་རིག་དངོས་ཡོད་པའི་ས་ཁུལ་ཞིག་ཡིན། གནའ་གྲོང་སྡེ་དེ་ནི་ཧ་ལམ་ཕྱི་ལོ་སྔོན་གྱི་ ༩༥༠༠ ནས་མ་མཐའ་ཡང་ཕྱི་ལོ་སྔོན་གྱི་ ༨༠༠༠ བར་ལ་ཆགས་མྱོང་བ་ཞིག་དང་། སྐབས་དེ་ནི་རྫ་ཆས་སྔོན་གྱི་རྡོ་ཆས་གསར་མའི་དུས་ཡིན་པ་རེད། སྐད་གྲགས་ཅན་གྱི་གནའ་བོའི་རིག་དངོས་འདིའི་ཆགས་དབྱིབས་ནི། རྡོ་ཡི་ཀ་བ་ཆེན་པོ་བསླངས་ཤིང་བཟོ་བཀོད་སྒོར་དབྱིབས་ཅན་ཞིག་དང་། རྡོ་ཡི་ཀ་བ་དེ་དག་ནི་འཛམ་གླིང་སྟེང་གི་ཆེས་རྙིང་ཤོས་ཀྱི་རྡོ་རིང་གི་གྲས་ཡིན་པར་བཤད། དེ་ཡང་རྡོ་ཡི་ཀ་བ་མང་པོ་ཞིག་ལ་མི་ཡི་ཆས་གོས་ཀྱི་རྣམ་པ་སྣ་ཚོགས་དང་། རི་དྭགས་ཀྱི་འབུར་གཟུགས་སོགས་ཀྱིས་བརྒྱན་ཡོད་པས། གནའ་རྫས་རྟོག་དཔྱོད་པ་ཚོས་སྔ་རབས་ཆོས་ལུགས་ཀྱི་ལོ་རྒྱུས་ལས་བརྒལ་བའི་སྐུ་འདྲའི་བྱུང་རབས་སྐོར་ལ་ཤེས་རྟོགས་རྙེད་པར་དཀའ་བ་ཞིག་བྱུང་ཡོད་པར་བཤད། མཐོ་ཚད་ལ་མི་ཊར་ ༡༥ དང་རྒྱ་ཁྱོན་ལ་ཨེ་ཀར་ ༢༠ ཡོད་པའི་གནའ་བོའི་ཁང་པ་མང་པོས་ཡོངས་སུ་ཁེངས་ཡོད་པ་དང། རྡོ་ཆས་གསར་མའི་དུས་ཀྱི་ཁང་ཆུང་དང་། རྡོ་རྐོས། རྡོ་བརྐོས་ཆུ་མཛོད་བཅས་ཡོད་པ་མ་ཟད། དུས་ཕྱིས་བྱས་པའི་རྗེས་ཤུལ་ཡང་འགའ་ཞིག་ཡོད། ད་ལྟའི་ས་སྔོག་འདོན་པ་ཚོས་བཤད་ན། གནའ་ཤུལ་འདི་གྲོང་གསེབ་ཀྱི་བཟོ་བཀོད་དང་ཁྱད་ཆོས། ཆུའི་མ་ལག་རྡོ་ཆས་གསར་མའི་ཁྱིམ་སྤྱོད་ཡོ་བྱད་སོགས་ཉེ་བའི་ཆར་རྙེད་སོན་བྱུང་བའི་དངོས་རྫས་ཁག་ལ་གཞི་བཅོལ་ནས་གནའ་བོའི་གྲོང་གསེབ་ཅིག་ལ་ངོས་འཛིན་བྱས་ཡོད། ས་གཏེར་སྔོག་འདོན་བྱེད་མཁན་ཁུ་ལའོ་སི་ཤ་མེ་ཏི་ (Klaus Schmidt) ཡིས་བཤད་རྒྱུར། རྩ་ཆེའི་གནས་དེར་མཚམས་རེར་ཕྱོགས་མཐའ་གྲུ་ནས་རྔོན་པ་དང་འབྲོག་པའི་ཚོ་ཁག་འདུས་ཤིང་བྱེད་སྒོ་སྤེལ་བ་ལས། ས་གནས་དེར་གཏན་སྡོད་བྱེད་མཁན་ཉུང་ངུའམ་ཡང་ན་གཏན་སྡོན་བྱེད་མེད་སྲིད་པར་ཡང་བཤད།

➊ Breuers & Kinzel 2022, p. 471.
➋ Schönicke 2019, p. 214-215.

2024/06/01

གངས་རིན་པོ་ཆེ།

 མཁན་པོ་ཨོ་རྒྱན་རིག་འཛིན་གྱིས་བརྩམས།

གངས་ཏི་སེའམ་གངས་རིན་པོ་ཆེ་ (Kailāsa, 冈仁波齐峰) ནི་བོད་ལྗོངས་སྤུ་ཧྲེང་རྫོང་གི་བྱང་རྒྱུད་མཚོ་མ་ཕམ་དང་ཁད་ཉེར་དུ་ལྷུན་ཆགས་སུ་ཡོད་ཅིང་། རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་ (6,638 m (21,778 ft) ཡོད་པ་དང་། གང་སྐོར་ཐེངས་གཅིག་ལ་སྤྱི་ལེ་ ༥༢ དང་སྒྲོལ་མ་ལ་ཡི་མཐོ་ཚད་སྨི་ ༥༧༢༣ ཡོད། གནས་འདིར་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་ནང་པ་སངས་རྒྱས་དང་། ཕྱི་རོལ་རིག་བྱེད་པ་སོགས་ཀྱིས་ངོས་འཛིན་ཚུལ་མི་འདྲ་བ་བྱུང་ཡོད། གང་ལྟར་ས་གནས་འདི་བོད་ནུབ་ཁུལ་རྒྱ་ནག་དང་། རྒྱ་གར། བལ་ཡུལ་བཅས་ཀྱི་ས་མཚམས་སུ་ཆགས་ཡོད།

མིང་དོན།

གངས་རི་འདི་ལ་ཀཻ་ལཱ་ས་ (कैलास Kailāsa)ཞེས་པ་ནི་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་དུ་“ཤེལ་”ཞེས་པའི་དོན་ཅན་ཡིན་ལ། དེ་བཞིན་“ཏི་སེ་”ཞེས་པ་ཡང་བསིལ་བའི་དོན་ལ་འཇུག་པར་བཤད། ཡང་འགའ་རེས“ཏི་སེ”ཞང་ཞུང་ཕྱོགས་ནས་ཆུ་ཡི་མིང་ཡིན་པས་ཆུ་ཡི་ཕུགས་ལྟ་བུ་ཞིག་ལ་གོ་ཆོག་ཚུལ་བཤད་པའང་ཡོད། དེ་བཞིན་“གངས་རིན་པོ་ཆེ་”ཞེས་པ་ནི་བོད་སྐད་དེ“གངས་ནི་ཁ་བ་དང་“རིན་པོ་ཆེ་”ནི་རྩིས་ཐང་ཆེ་བའི་དོན་ཅན་ལ་འཇུག་པ་གོ་སླ།

ས་ཁམས།

གངས་ཏི་སེའམ་གངས་རིན་པོ་ཆེ་ནི་ཨེ་ཤ་ཡའི་ཆུ་བོ་མང་པོ་ཞིག་གི་འབྱུང་ཁུངས་ཡིན་པ་སྟེ། ཡར་ཀླུང་གཙང་པོ། སེང་གེ་གཙང་པོ། ཆུ་ཀླུང་སུ་ཏ་ཛེ། གངྒཱའི་ཡན་ལག་ཀརྞ་ལི་རྣམས་ཡིན་ལ། གཙང་པོ་འདི་དག་ཚང་མ་ཀཻ་ལ་ཤའི་ས་ཁུལ་སྤྱི་ལེ་གྲུ་བཞི་མ་ ༢༣ ནས་འབབ་མགོ་བརྩམས་ཡོད། མ་ཕམ་གཡུ་མཚོའམ་མཱ་ན་ས་རཽ་ཝ་ར་ (मानसरोवर / Mānasarōvara) ནི་གཡས་གཡོན་གྱི་གངས་རི་དང་གངས་ཕྲན་ནས་བབས་པའི་ཆུ་བོ་ཆེ་ཆུང་དུ་མ་འདུས་ནས་མཚོ་འདི་་གྲུབ་པ་ཡིན་ལ། དེའི་འཁྲིས་སུ་་ཧ་ལམ་མ་ཕམ་མཚོ་འདྲ་ལ་ཁད་པའི་ལག་ངར་མཚོའམ་རཱཀྵ་ས་ཏཱ་ལ་ (Rākṣasatāla) ཞེས་པའི་ཚྭ་ཆུའི་མཚོ་ཞིག་ཡོད། མཚོ་དེའི་རང་བཞིན་ཚྭ་མཚོ་ཡིན་ལདེའི་ནང་དུ་མ་ཕམ་མཚོའི་འཚོ་ཆུ་འབབ་ཀྱིན་ཡོད།

ནང་པའི་ལུགས།

དེ་ལྟ་བུའི་གངས་རི་ནི་«མཛོད་འགྲེལ་»ལས།➊ རི་ནག་པོ་དགུ་འདས་པའི་ཕ་རོལ་ན་གངས་རི་དང་ཚུར་རོལ་ན་མཚོ་མ་དྲོས་པ་ཞེས་བྱ་བ་ལས་ཆུ་ཆེན་པོ་བཞི་སྟེ་གངྒ་དང་སིནྡྷུ། སི་ཏཱ། པཀྵུ་བཅས་འབབ་ཀྱི་ཡོད་ཅེས་དང་། པདྨའི་ལུང་བསྟན་བཀའ་རྒྱ་མ་ལས་གངས་ཏི་སེ་ཤེལ་གྱི་མཆོད་རྟེན་འདྲ་བའི་ཤར་ཕྱོགས་སུ་ཟངས་ལུང་ཡོད་ཅེས་དང་། «བློན་པོ་བཀའ་ཐང་»ལས། “རྡོ་རྗེ་གདན་ནས་བྱང་ཕྱོགས་བཙལ་བ་ན། རི་ནག་དགུ་འདས་ཕ་རོལ་གངས་ཏི་སེ། །”ཞེས་པ་དང་། དཔལ་ལྡན་ཨ་ཏི་ཤ་ (d. ༡༠༥༤) མངའ་རིས་ཀྱི་རྒྱལ་པོ་ལྷ་བཙུན་བྱང་ཆུབ་འོད་ (cent. ༡༡) ཀྱིས་གདན་དྲངས་སྐབས་ཏི་སེའི་མདུན་དུ་ཕེབས་ཚེ། ཇོ་བོ་རྗེའི་ཞལ་ནས། ཏི་སེའི་གངས་ནས་གནས་བརྟན་རྣམས་གདུགས་ཚོད་ཀྱི་གནྜི་རྡུང་བྱུང་། རང་རེ་ཡང་གུང་གི་དྲོ་གྱིས་ཤིག་གསུངས་པ་སོགས་རྒྱ་བོད་པཎ་གྲུབ་སུས་ཀྱང་ཏི་སེ་ཞེས་པ་ནི་བོད་ཀྱི་རི་འདི་ལ་ངོས་འཛིན་པ་ཡིན།

གནས་ཁྱད་པར་ཅན་འདི་ནས་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་(༡༡༤༣–༡༢༡༧)ནས་རྗེ་དཀོན་མཆོག་ཕན་བདེ་ཉི་མའི་བར་གངས་ཏི་སེའི་རིག་པ་འཛིན་པ་མཁན་རྡོར་འཛིན་དང་འབྲི་གུང་པའི་གྲུབ་མཐའ་འཛིན་པའི་དགེ་འདུན་གྱི་སྡེ་མ་ཆད་པ་བྱུང་། ཁྱད་པར་དུ་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་སྒྲུབ་གནས་སུ་གྱུར་ཚུལ་ནི། རྗེ་ལྷོ་བྲག་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ (༡༠༡༢–༡༠༩༧) ཀྱིས་ལུང་བསྟན་ལྟར་རྗེ་བཙུན་མི་ལ་རས་པ(༡༠༤༠–༡༡༢༣) གནས་འདིར་སྒྲུབ་པ་ཡུན་རིང་མཛད། དེ་བཞིན་དུ་འབྲི་གུང་སྤྱན་སྔ་ཤེས་རབ་འབྱུང་གནས་ (༡༡༧༥–༡༢༥༥) དང་། གྲུབ་ཐོབ་སེང་གེ་ཡེ་ཤེས་ (༡༡༨༡–༡༢༥༥) རྒོད་ཚང་པ་མགོན་པོ་རྡོ་རྗེ(༡༡༨༩༡༢༥༨)སོགས་གཙོ་བོ་འགྲོ་མགོན་བཀའ་རྒྱུད་པའི་བསྟན་པ་རྒྱ་ཆེར་དར། གཞན་ཡང་དགེ་ལྡན་པའི་སྐྱེས་ཆེན་པཎ་ཆེན་བློ་བཟང་ཆོས་རྒྱན་ (༡༥༧༠–༡༦༦༢) དང་རྙིང་མའི་གྲུབ་ཆེན་ཞབས་དཀར་ཚོགས་དྲུག་རང་གྲོལ་ (༡༧༨༡–༡༨༥༡) སོགས་མཁས་གྲུབ་མང་པོས་ཞབས་ཀྱིས་བཅགས་མྱོང་བའི་གནས་ཁྱད་པར་ཅན་ཞིག་ཡིན།

ཧིན་དྷུའི་ཆོས་ལུགས།

ཧིན་དྷུ་ཆོས་ལུགས་ཁྲོད་དུ་སྲོལ་རྒྱུན་ལྟར་ན། གངས་ཏི་སེ་ནི་ལྷ་ཆེན་པོ་ཤི་བའ་དབང་ཕྱུག་ཆེན་པོ་ (Śiva) ཡི་བཞུགས་གནས་ཡིན་པ་དང་། ཁོང་དང་ལྷན་དུ་བཙུན་མོ་པརྦ་ཏི་ (Parvati) དང་སྲས་ག་ནེ་ཤ་ (Ganesha) དང་ཀར་ཏི་ཀེ་ཡ་ (Kartikeya) རྣམས་ཀྱང་བཞུགས་པར་ཡིད་ཆེས་བྱེད་ཀྱི་ཡོད། རྒྱ་གར་གྱི་གཏན་རྒྱུད་གྲགས་ཅན་«ར་མ་ཡ་ནའི་རྟོག་བརྗོད་ནང་»གི་ཨུཏྟ་ར་ཀནྡ་ཞེས་པའི་ཚན་པའི་ནང་གསལ་ལྟར་ན། རྒྱལ་པོ་རཱ་ཝ་ཎ་ (Rāvaṇa) ནའམ་སྲིན་པོ་ལངྐ་མགྲིན་བཅུ་ཡིས་ལྷ་དབང་ཕྱུག་ལ་འཁོན་ལན་སློག་པའི་ཆེད་དུ་གངས་རི་ཏི་སེ་རྩ་མེད་དུ་གཏོང་རྩིས་བྱས་ཀྱང་། ལྷ་ཆེན་དབང་ཕྱུག་གིས་རྐང་གཡས་ཀྱི་མཐེ་མོས་མནན་ཏེ་བདུད་ཀྱི་ལམ་བཀག་པར་བཤད། དེ་བཞིན་«མ་ཧཱ་བྷཱ་ར་ཏ་» (Mahābhārata) དང་«ཝིཥྞུ་པུ་རཱ་ཎ་» (Viṣṇu purāṇa) སོགས་སུ་གངས་ཏི་སེའི་སྐོར་རྒྱ་ཆེར་འབྱུང་།

གཅེར་བུ་པའི་ལུགས།

གཅེར་བུ་པའམ་ཇེན་གྱི་གསུང་རབ་ལྟར་ན། ཨཤྟ་པ་ད་ནི་ཏཱིརྠཾ་ཀ་ར(tīrthaṅkara) ཞེས་ཇེན་གྱི་བླ་རབས་ནང་གི་ཆེས་ཐོག་མ་དྲང་སྲོང་རྀཥ་བྷ་དེ་བ་ (Ṛṣabhadeva) མཆོག་ཐར་པའམ་གྲོལ་བ་ཐོབ་པའི་གནས་ཡིན་པར་འདོད། དེ་ཡང་རྒྱལ་བ་པའི་ལུགས་ལ། རྀཥ་བྷ་དེ་ན་ཐ་མྱ་ངན་ལས་འདས་པའི་རྗེས་སུ་དེའི་སྲས་རྒྱལ་པོ་བྷ་ར་ཏས་ཡུལ་དེར་མཆོད་རྟེན་གསུམ་དང་། གནས་ཉེར་ལ་ཏིརྠི་ཀའི་ལུགས་ཀྱི་མཆོད་ཁང་ཉེར་བཞི་བཞེངས་ཤིང་། དེ་དག་གི་སྐུ་གཟུགས་ལ་རིན་པོ་ཆེས་སྤྲས་ཏེ་སིྃཧ་ནི་ཤིདྡྷ་ཞེས་མིང་བཏགས་ཞེས་སོགས་འཁོད།


མཆན།

 «མཛོད་རང་འགྲེལ་» (D, fol. 147b5–7): ལས། “འདི་ནས་བྱང་ན་རི་ནག་པོ། །དགུ་འདས་གངས་ཅན། འཛམ་བུའི་གླིང་འདི་ཉིད་ཀྱི་འཛམ་བུའི་གླིང་གི་བྱང་ཕྱོགས་ན་རི་ནག་པོ་གསུམ་མོ། །དེ་འདས་པའི་ཕ་རོལ་ན་ཡང་གསུམ། དེ་འདས་པའི་ཕ་རོལ་ན་ཡང་གསུམ་སྟེ་དགུ་འདས་པའི་ཕ་རོལ་ན་གངས་རིའོ། །དེ་ནས་ནི། སྤོས་དང་ལྡན་པའི་ཚུ་རོལ་ན། །ཆུ་ཞེང་ལྡ་བཅུ་ཡོད་པའི་མཚོ། །རི་གངས་ཅན་དེའི་ཕ་རོལ་ན་མཚོ་མ་དྲོས་པ་ཞེས་བྱ་བ་ལས་ཆུ་བོ་ཆེན་པོ་བཞི་སྟེ། གང་གཱ་དང༌། སིན་དྷུ་དང༌། པ་ཀྵུ་དང༌། སི་ཏཱ་རྣམས་འབབ་པ་ཡོད་དེ། དེ་ནི་ཞེང་དུ་དཔག་ཚད་ལྔ་བཅུ་ཆུར་ཡང་དཔག་ཚད་ལྔ་བཅུ་སྟེ། དེར་ནི་རྫུ་འཕྲུལ་དང་མི་ལྡན་པ་རྣམས་ཀྱིས་བགྲོད་པར་དཀའོ། །”
➋ «བློན་པོ་བཀའ་ཐང་» (ed. p. 428.15–20) ལས། “འཛམ་མིང་སྙིང་པོ་རྒྱ་གར་རྡོ་རྗེ་གདན། །རྡོ་རྗེ་གདན་ནས་རྒྱང་ཕྱོགས་བཙལ་བ་ན། །རི་ནག་དགུ་འདས་ཕ་རོལ་གངམ་ཏི་སི། །གངས་རིའི་བྱང་ངོས་རི་བོ་སྤོས་ངད་ལྡན། །དེ་གཉིས་བར་ན་མ་དྲོས་མཚོ་ཞེས་ཡོད། །གྲུ་བཞི་ཆུ་ཞེང་དཔག་ཚད་ལྔ་བརྒྱ་སྡོང་། །ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ། །རྟག་ཏུ་བསིལ་གནས་དབྱིབས་ལེགས་ལྟ་ན་སྡུག །”
➌ Allen, Charles. (1982). A Mountain in Tibet, pp. 21–22. André Deutsch. Reprint: 1991. Futura Publications, London. ISBN.
➍ "To heaven and back". The Times of India. 11 January 2012. Archived from the original on 7 July 2012. Retrieved 2 March 2012.