2025/12/17

རྒྱ་ཡིག་ཤོའུ་ (shòu 壽) ངོ་སྤྲོད།

ངོ་སྤྲོད།

མཚོན་རྟགས་འདི་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱ་ཡིག་གི་ཡིག་གཟུགས་ཤིག་སྟེ། ཡིག་འབྲུ་འདིའི་ནང་དོན་ཚེ་རིང་ (shòu 壽) བར་མཚོན་ཞིང་། དུས་རབས་ཀྱི་འགྱུར་བ་བསྟུན་ཏེ་ཡིག་འབྲུ་ (壽) འདིའམ་སྟབས་བདེའི་ཡིག་འབྲུ་ (寿) འདི་བཀྲ་ཤིས་པའི་དུས་སྟོན་གྱི་ཉེར་མཁོ་སོགས་ཀྱི་ཐོག་ལ་རྣམ་པ་མི་འདྲ་བ་དུ་མ་བཀོད་ཡོད་པ་རེད། རྒྱ་ནག་གི་སྲོལ་རྒྱུན་བསམ་བློའི་ནང་། མི་ཚེའི་ནང་དམིགས་ཡུལ་གལ་ཆེ་ཤོས་གསུམ་སྟེ། བདེ་སྐྱིད་ (fú 福) དང་། དཔལ་འབྱོར་ཕུན་ཚོགས་པ་ (lù 祿) དང་། ཚེ་རིང་ (shòu 壽) བཅས་ཡིན་ཞིང་། ཡིག་འབྲུས་དེ་དག་མཚོན་པར་ཡིད་ཆེས་བྱེད། མཚོན་རྟགས་ལ་"སྐར་མའི་ལྷ་"གསུམ་ཞེས་གོན་ཆས་དང་། ལག་ཆ་མི་འདྲ་བ་བཟུང་བའི་སྐྱེས་པའི་གཟུགས་བརྙན་གསུམ་ཡོད། རྒྱ་ཡིག་ "ཚེ་" (壽 - Shòu) ཞེས་པ་འདི་གཙོ་བོ་རས་ཆ་དང་། ཁྱིམ་ཆས། རྫ་ཆས། རྒྱན་ཆ་བཅས་ཀྱི་སྟེང་དུ་མཐོང་རྒྱུ་ཡོད། ཡི་གེ་འདི་རྐྱང་པ་འབྲི་བའམ། ཡང་ན་མེ་ཏོག་དང་། སྲོག་ཆགས་ཕ་ཝང་། བཀྲ་ཤིས་པའི་མཚོན་རྟགས་གཞན་གྱིས་བསྐོར་ནས་འབྲི་སྲོལ་ཡོད།

འདིའི་འབྱུང་འབྱུང་ཁུངས་ནི།

དང་པོ། རུས་སྦལ་ལྐོག་པགས་ལ་བྲིས་པའི་ཡིག་འབྲུ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་ 14–11 བར་སྐབས་སུ་བྱུང་ཞིང་། དེའི་ཐོག་མའི་རྣམ་པ་ནི་མི་ཞིག་གིས་འཁར་རྒྱུག་བཟུང་ཡོད་པས་རྒས་རྒོག་མཚོན་པ་དང་། སྐབས་རེར་ལག་པས་ཅ་དངོས་ཤིག་འབུལ་བ་མཚོན་པ་དེས་ཚེ་རིང་པོར་སྨོན་པའི་མཚོན་དོན་མཚོན་ཡིན་པར་བཤད།
གཉིས་པ། ཟངས་ཀྱི་བརྐོས་ཡིག་ལ་གསལ་བའི་ཡིག་འབྲུ་དེ་ནི་ཀྲོའུ་རྒྱལ་རབས་སྐབས་ (1046–771 BC) བྱུང་ཞིང་དེའི་རྣམ་པ་ནི་མི་ཞིག་དང་ཐིག་རིང་པོ་ལྟ་བུར་སྣང་བ་དེས་ཚེ་རིང་ཞིང་གསོན་ཤུགས་རྒྱས་པའི་མཚོན་དོན་ཡོད་པར་བཤད།
གསུམ་པ། ཐམ་ཁའི་ཡིག་འབྲུ་ནི་སྤྱི་ལོའི་སྔོན་གྱི་དུས་རབས་གསུམ་པ་ཆིན་རྒྱལ་རབས་སྐབས་སུ་བྱུང་ཞིང་། ཡི་གེ་དེ་དག་སྔར་ལས་ཚད་ལྡན་ཅན་དང་། དབྱིབས་རིང་དུ་བཏང་བ་མ་ཟད་རྒྱན་སྤྲོས་ཀྱི་ཡིག་གཟུགས་ཅན་ཞིག་ཡིན་པར་གསལ།
བཞི་པ། ཧན་རྒྱལ་རབས་ནས་བཟུང་གཞུང་གི་ལས་བྱེད་པའི་ཡི་གེ་དང་། དཔེ་དེབ། དེ་མིན་དངོས་རྫས་མི་འདྲ་བ་དུ་མ་ཞིག་ལ་ཡིག་འབྲུ་འདི་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་བེད་སྤྱོད་བྱེད་པའི་རྣམ་པ་གཏན་འཁེལ་ལྟ་བུ་བྱུང་ཡོད་པར་བཤད།

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག