2011/02/16

ཨ་མ།

ཨ་མ་དགའ་བའི་འཛུམ་དཀར་གྱི་ཁྲོད་དུ།།
འཛའ་བརྩེ་དྭངས་མོའི་མེ་ཏོག་བཞད་སོང་།།
མ་ངུས་པའི་སྤྱན་ཆབ་ཀྱི་གསེང་ནས།།
སྐྱོ་སེམས་སྟོང་གི་གསང་བ་དེ་བརྡོལ་སོང་།།

ཨ་མ་ཁྲོས་པའི་ང་རོ་རེས་སྤྱོས་ཀྱང་།།
གཤེས་གཉེན་དམ་པའི་གདམས་ངག་རེ་ཐོབ་འདུག།
ཨ་མས་བརྡེགས་པའི་འགྲམ་ལྕག་རེ་རག་ན།།
སྔགས་པ་སྟོང་གི་གཏོར་བཟློག་རེ་འགྲུབ་འདུག།

ཨ་མས་རྨིས་པའི་རྨི་ལམ་གྱི་ནང་དུ།།
བུ་ཕྲུག་སྐྱིད་པའི་དག་ཞིང་རེ་གཟིགས་འདུག།
ཨ་མ་ངལ་བའི་རྔུལ་ཆུ་ཡི་བཞིན་ལ།།
ལོ་ཟླའི་ཁུར་གྱི་རྒས་གཉེར་དེ་བརྩེགས་འདུག།

ཨ་མ་དྲན་ཚད་མེ་དཔུང་ཞིག་ཡིན་ན།།
འཇིག་རྟེན་ཚིག་པའི་ཐལ་ཙམ་མི་འདུག།
དྲན་པའི་སྐྱོ་བ་གཙང་ཆུ་ཞིག་ཡིན་ན།།
མཐའ་ཡས་རྒྱ་མཚོར་ཤོང་ཐབས་ཤིག་མ་མཆིས།།

ཨ་མ་དྲན་པའི་སྦུ་ཆང་འདི་མེད་ན།།
ཆང་བཟི་ང་རང་འདུག་ཐབས་ཤིག་མི་འདུག།
དྲན་པའི་མཆོད་ཆང་འཐུང་ཚོད་ཅིག་མེད་ན།།
ཡུས་པའི་འཆི་མ་འབབ་ཚོད་ཀྱང་མི་འདུག།

ཨ་མ་ཨ་མ་འབོད་གྲངས་དེ་མང་ན།།
ཨ་མའི་སེམས་པ་སྐྱོ་གདུང་གིས་བཟི་འགྲོ།
ཨ་མ་མ་བོས་ཨུ་ཚུགས་ཀྱིས་བསྲན་ན།།
བུ་ངའི་བླ་སེམས་འཁྱགས་རེངས་སུ་ཤོར་འགྲོ།།

2011/02/12

རང་དོན་དམ་པ།





འདོད་འབྱུང་ནོར་བུའི་ལྷ་སྒྲུང་ཞིག་བཙལ་བས། །
རྒྱ་མཚོའི་དེད་དཔོན་ཆུ་སྲིན་གྱིས་མིད་སོང་། །
ཤ་བའི་གླིད་བུ་གསེར་ཕྱེ་ཡིས་བཀང་དུས། །
པཎ་གྲུབ་ཕེབས་ལམ་བོད་ཡུལ་དུ་ཟུག་འདུག །

ནང་ཁུལ་སྤུན་ཟླའི་རྩོད་རྙོག་ཙམ་བསལ་བར། །
མཐའ་མི་ཧོར་སོག་གཤེད་མ་རུ་བོས་འདུག །
རི་འཛེགས་ཟིན་ཐོའི་མཚན་སྙན་ལ་བརྔམས་ཏེ། །
དབུ་སེར་དབུ་ནག་འཁྱགས་རེངས་སུ་ཤོར་སོང་། །

ཕྱི་རྒྱལ་མི་རིགས་ནང་ཆོས་ལ་དད་དུས། །
རིན་པོ་ཆེ་ཡིས་འཛམ་གླིང་འདི་བཀབ་སོང་། །
ཚོགས་སྡེ་ཆོས་སྡེའི་ཡོང་ཁུངས་དེ་གཟིགས་དུས། །
གྲྭ་ཚང་དགོན་སྡེ་གང་ས་རུ་བཞེངས་འདུག །

སྔོན་ཐོན་གསར་བརྗེའི་བསྟོད་བསྔགས་ལ་བསམ་སྟེ། །
རང་རིགས་སྤུན་ཟླ་འདམ་བུ་ལྟར་བཅོམ་སོང་། །
གནའ་ཤུལ་རྟེན་རྙིང་རིན་ཐང་གིས་ཕྱུག་དུས། །
སྐྱབས་གནས་མཆོག་གསུམ་ཤོག་སྒོར་དང་བརྗེས་འདུག །

ཨོ་སུ་ཀྲོ་ལིའི་གཞིས་ཆགས་ལ་དམིགས་ཏེ། །
བོད་དོན་བྱས་པའི་བདེན་དཔང་དག་འཚོལ་གྱི། །
ཐོངས་མཆན་ཐོབ་པའི་དགེ་མཚན་དག་གཟིགས་དུས། །
ཁྱིམ་པ་ཕོ་མོས་བཙུན་ཆས་ཀྱང་མནབས་སོང་། །

ཨ་རིར་གཞིས་འཕོའི་དྲན་གདུང་གི་འོག་ནས། །
དམིགས་བསལ་ལས་འགུལ་ག་ཤེད་ནས་སྤེལ་སོང་། །
འགྲོ་བ་མི་ཡི་རང་གཤིས་ལ་གཟིགས་དང་། །
རང་དོན་ཁོ་ནས་བདེན་གྲུབ་ཏུ་བཞེངས་འདུག །

བླ་མས་གདམས་ཟབ་ནོར་ལྡན་ལ་གནང་སོང་། །
དཔོན་པོས་གཟིགས་སྐྱོང་ཕྱུག་པོ་ལ་གནང་སོང་། །
བུ་ཕྲུག་གཉོར་སྐྱོང་དྲིན་ལན་རེ་འདུག །
ཕ་མར་གུས་ཚུལ་ཤུལ་འཛིན་དུ་དམིགས་འདུག །

དགའ་ཉེ་མཛའ་བརྩེ་རྒྱུ་ནོར་ལ་རག་ལས། །
ཁྱིམ་མཚེས་བྱམས་སྡང་དབུལ་ཕྱུག་ལ་ལྟོས་འདུག །
ལྷ་ཆོས་དགེ་བ་ཕྱི་མ་ཡི་རང་དོན། །
མི་ཆོས་མཁས་མཛངས་ད་གང་འདིའི་རང་དོན། །

གཞན་དོན་ལྷག་བསམ་ཞེ་ཕུག་གི་རང་དོན། །
ང་གསོན་ཁྱོད་ཤི་ཁ་ཐད་ཀྱི་རང་དོན། །
མདོར་ན་ཡོད་ཚད་རང་དོན་འདིའི་ཆེད་དུ། །
ཐོབ་ཤོར་རྩོད་པས་མི་ཡུལ་འདི་དཀྲུགས་ནས། །
གོང་མ་ལྷ་ཡང་མགོ་ཡོར་གྱིས་བཟི་འདུག །

ཀྱེ་མ་དབེན་པའི་སྤང་ལྗོངས་ལ་གཟིགས་དང་། །
དམིགས་ཡུལ་མེད་པར་བརྩེ་དུང་གིས་འཚོ་བའི། །
རི་དྭགས་མ་བུའི་མཛའ་བཅུགས་ལ་ལྟོས་དང་། །
བྱོལ་སོང་ཞེས་པའི་ངན་མིང་གིས་སྨོད་ཀྱང་། །
ང་ཚོ་མི་ལ་ངོ་ཚ་ཞིག་སྟེར་སོང་། །

2011/02/11

ཨ་མ་དྲན་པ།

Image result for mother art

དབུས་སུ་གནས་སྐོར་ལ་འགྲོ་བའི། །
རྫུན་ཞྭ་ཨ་མ་གཡོགས་དུས། །
ལག་པར་འདར་སིག་ཙམ་མེད་ན། །
སྲ་མོ་ལྕགས་སྐམ་ཞིག་ཨེ་ཡིན། །

རྡོག་ཁྲེས་རྡོག་པོ་ཞིག་ཁུར་དུས། །
ཨ་མའི་ཐོན་སྐྱེལ་གྱི་རྫོངས་བ། །
འགྲམ་པར་དུངས་སེམས་ཀྱི་འོ་དེའི། །
དྲོད་ཁུལ་ད་དུང་ཡང་མ་ཡལ། །

སྤྲིན་པའི་ལོ་འདབས་ཀྱི་ཁྲོད་ནས། །
ཁ་བ་མེ་ཏོག་ཏུ་བསྙིལ་བ། །
ཨ་མའི་ཚར་ཞྭ་རུ་གྱུར་པའི། །
སྣང་བརྙན་ད་དུང་ཡང་མ་ཡལ། །

བུ་ལ་སེམས་གསོ་ཞིག་འདོད་དེ། །
བཙན་གྱིས་འཛུམ་དཀར་ཞིག་བྱིན་ཡང་། །
གྱེས་གདུང་འགོག་མེད་ཀྱི་འཆི་མ། །
རྒས་གཉེར་རི་མོ་ནས་བཞུར་སོང་། །

2009/10/14

རྒྱང་བལྟས།

ཕྲག་སྟེང་ཕབ་པའི་ལྕང་ལོ་རླུང་དང་རྩེ། །
མཉེན་ལྕུག་ལུས་ཀྱི་གོམ་སྟབས་སྒེག་ཅིང་ལྡེམ། །
ཁྱེད་ཀྱི་རྒྱབ་གཟུགས་རྒྱང་ནས་བལྟས་བའི་ཚེ། །
དར་གྱི་ཆུན་འཕྱང་སེར་བུས་སྐྱོད་པ་བཞིན། །

ནན་གྱིས་བལྟས་ན་གཞན་གྱིས་མཐོང་དོགས་ཏེ། །
མཁྲིག་མའི་ཆུ་ཚོད་བཏེགས་ཏེ་ལྟ་བའི་ཟོལ། །
འཁྲིས་སུ་ལྷག་ཚེ་བཞིན་ལ་ལྟ་བ་ཡི། །
སྤོབས་པ་ཞུམ་སྟེ་གཞན་དུ་བྱོལ་བར་བརྩོན། །

གང་ཁྱེད་མཐུན་གྲོགས་གཞན་དང་ཕན་ཚུན་དུ། །
དགའ་བའི་འཛུམ་དཀར་སྤྲོས་བ་མཐོང་ན་ཡང་། །
ཁོ་བོའི་ཡིད་ཀྱི་ཀུད་ད་བཞད་པ་འདི། །
གཞན་གྱིས་ཐོས་ན་སུ་ཡིས་བདེན་ཁ་སྤྲོད། །

བརྗོད་མི་ཤེས་པའི་ཚོར་སྣང་ཞིག་གི་ངང་། །
སློབ་གྲྭའི་གཤམ་གྱི་ནགས་སུ་ཐོན་མ་ཐག །
འདང་ཅན་བྱིས་པ་མ་དང་བྲལ་བ་ལྟར། །
སེམས་པ་ཕྲ་མོ་ཁྱེད་ཀྱིས་རྗེས་སུ་བསྙེགས། །

ཤིང་ལོ་བཏིང་སྟེ་དེབ་ཅིག་ཁ་ཕྱེས་ཀྱང་། །
ཡིག་འབྲུ་རེ་བཞིན་ཁྱེད་ཀྱི་གཟུགས་སུ་སྣང་། །
ལག་གི་སྙིམ་པས་མིག་ཟུང་བཀབ་ན་ཡང་། །
ཡིད་ཀྱི་རྫིང་བུར་ཁྱེད་གཟུགས་ཡལ་དུ་མེད། །

2009/09/07

ཚེགས།

ལོ་ཟླ་ཡི་འཁོར་འགྲོས།
ཅི་འདྲའི་མགྱོགས་བ་ལ།
འདི་འཛི་ཡི་བྱ་་བ།
ཅི་འདྲའི་བྲེལ་བ་ལ།
གོ་རིམ་མེད་པའི་བདེ་སྡུག་གི་རི་མོ།
ཅི་འདྲའི་མགོ་རྙོག་ཅིག
བལ་མདུད་ལས་ལྷུང་བའི་ལྕགས་ཀྱི་གོང་བུ།
ཅི་འདྲའི་ལྗིད་པ་ལ།
མེ་ཏོག་གིས་བརྒྱན་པའི་ཚེར་མ།
ཅི་འདྲའི་རྩུབ་པ་ལ།
སྤྲིན་པ་མེད་པའི་ནམ་མཁའ་ནས།
ཉི་འོད་ནི་མེ་མདག་གི་ཆར་པ་ཞིག
མུ་མཐའ་མེད་པའི་བྱེ་ཐང་ན།
ང་རྐང་པ་ཚིག་ཀྱིན་ཡོད།
༢༠༠༩། ༩། ༧།

2009/01/29

ཆོས་གྲོགས།།

ཁ་སང་ཁ་ཉིན་ངོ་སྐྱི་འཛུམ་པའི་ཟླ་བ་གསུམ་གྱི་ནམ་དུས་ཟད།།
དེ་རིང་ད་ཚོད་མཇལ་ཐེངས་རེ་འགར་ཆོས་གྲོགས་རྙིང་པའི་བཞིན་མདངས་འགྱུར།།
རྩམ་པ་ཕོར་གང་བྱིན་པའི་ནང་ནས་བརྙས་སྨོད་ནག་པོའི་སྐྱུར་དྲི་ཁ།།
གཟན་ལ་རྩད་གཅོད་བྱེད་པའི་ཟོལ་གྱིས་བསྟིང་ཚིག་དྲག་པོས་ཤུགས་ཀྱིས་བསྡབས།།
ཀ་ཡེ་ཁྱོད་ཅག་དགེ་བསྐོས་ཡིན་ནམ་མེག་ལོར་ཨ་ནིའི་དགོན་པ་རེད།།
རང་ལུས་འདོམ་གང་རང་དབང་ཡིན་ལ་ཆ་ལུགས་གང་བྱས་རང་འདོད་ཡིན།།
དེང་རབས་མི་ཡི་གཤིས་ལ་བསམ་ན་ངུ་མ་དགོད་ཀྱི་ཚོར་བ་འདྲེན།།
ཉམས་ཆུང་སྐྱེ་བོས་མགོ་བོ་རྒུར་ཡང་རྡོག་པས་བརྫི་བར་ཡ་མི་ང༌།།
འབྱོར་ལྡན་སྐྱེ་བོའི་ཨ་ཀྲད་ཟུར་ནས་དམར་ཆུར་ལྕེ་ཡིས་བལྡག་པར་བརྩོན།།
དབང་ཆེན་དཔོན་གྱི་རྒྱ་སྒོའི་འགྲམ་ནས་སྤྲང་ཁྱི་འཁྱམ་པོའི་བརྟུལ་ཞུགས་བཟུང༌།།
དམར་ཤམ་གྲྭ་ཆས་མཛེས་པའི་ཕག་ནས་ཚུལ་འཆོས་བྱི་ལའི་རྫུ་བག་གིས།།
དད་ལྡན་ཉ་མའི་བླ་ཡིད་འགུགས་པའི་གསང་ཚིག་འདི་ཉིད་ངས་མི་ཤེས།།
ཚུལ་འཆོས་ཁ་བསག་ཐག་ནག་སྣེ་ནས་གཏམ་ནོར་འདྲེན་པའི་རྒྱུ་རྩལ་དང༌།།
ཆ་ལུགས་སྤྱོད་ལམ་ཤིན་ཏུ་ལེགས་པས་དང་བ་འདྲེན་པའི་འཕྲུལ་མེད་ཅིང་།།
ཁ་ཞེ་སྤྱོད་གསུམ་ཁ་ཁ་མེད་པ་ཁོ་བོའི་ལྷན་སྐྱེས་རང་གཤིས་ཉིད།
༢༠༠༩། ༡། ༡༩།

ཁ་བརྡ།

ང་ཚོས་རྒྱང་རིང་གི་གནའ་གཏམ་ཟློ་བཞིན་ནམ་ཟླ་བསྐྱལ།
མགོ་མཇུལ་མེད་པའི་གནའ་གཏམ་སྒྲ་འཛིན་ལ་བརྡབ་དུས།
མི་ཚེའི་སྐྱོ་གདུང་གི་ཚེར་མ་བསལ།
རྨ་ཁར་བྱིན་པའི་ཚྭ་ཁུའི་བྲོ་བ་ལྟར།
སྔར་སོང་གླེང་བཞིན་གླེང་བཞིན།
དྲན་འཛིན་ལ་ན་ཟུག་ཆེ།
བྱིས་དུས་ཀྱི་སྤྲོ་སྣང་སྨག་རུམ་དུ་ཡལ་རྗེས།
ངལ་དུབ་ཀྱི་མུན་པའི་ལོ་ཟླ་བསྐྱལ།
འཇིགས་སྐྲག་བུ་ཡུག་གིས་བྲབ་པའི་དགོང་མོ་ནས།
ཁྱེད་དང་གཏན་དུ་ཁ་བྲལ།
ང་། ངའི་དྲན་འཛིན་དུ་ནམ་ཡང་གསལ།
ནམ་ཡང་བརྟེན།
༢༠༠༩། ༡། ༢༩།