2011/04/17

ང་དང་བོད་མི་རིགས་ཀྱི་གཤིས་ཀ།

དྲྭ་ནང་གི་གྲོགས་པོ་ཁག་ཅིག་གིས་མུན་པའི་ཕག་ནས་མདའ་རྩེ་གཟས་ཀྱིན་པའི་སྣང་ཚུལ་ཞིག་ལས་འཕྲོས་པའི་བསམ་གཞིག་ཅུང་བྱེད་འདོད། དང་པོ་ང་རང་ཉིད་ཀྱི་གཤིས་སྤྱོད་ནས་འགོ་བཙུགས་ནས་བཤད་ན་ང་ཡང་ཚོད་ཚོད་གཅིག་ལས་མེད་དེ། སྔོན་མ་བོད་དུ་ཆོས་དད་རང་མོས་འགོ་བཙུགས་རྗེས་དགོན་པ་བཤིག་ཤུལ་གྱི་ས་རྡོ་བསལ་སྐབས་ངའི་སྤུན་ཆུང་གིས་གཟི་ཆག་ཞིག་རྙེད་སོང་། ང་དགའ་སྤྲོས་རྒྱུག་ཤར་ཐེངས་གཅིག་གིས་ལྟ་བར་ཕྱིན་ཀྱང་ཕ་དམ་པས་རེ་དོགས་ཅི་ཡང་མེད་པར་དགོན་པའི་ལས་བྱེད་ཀྱི་ཕྱག་ཏུ་ཕུལ་ཚར་སོང་། ངའི་སེམས་སུ་“སེམས་ཅན་ལ་ཁ་ནས་རྙེད་ཀྱང་རྙེད་པ་མིན། གཡུ་ཆུང་གོ་ཁ་ནས་རྙེད་ཀྱང་རྙེད་པ་ཡིན་”ཞེས་པའི་གཏམ་དཔེ་དེ་རྒྱབ་ལྗོངས་སུ་བཞག་ཏེ་དེ་ཕར་ཕུལ་དགོས་དང་མི་དགོས་ལ་ཐེ་ཚོམ་ཞིག་སྐྱེས་མྱོང་། ཉིན་དེའི་དགོང་མོར་དགོང་ཟས་ཟ་སྐབས་ཕ་དམ་པས་ཨ་མ་དང་གླེང་མོལ་གནང་ཁུལ་གྱིས་“ང་ཚོའི་བུ་དེ་རིང་བརྒྱུག་ཡོང་སྟངས་ལ་བལྟས་ན་ཕལ་ཆེར་དགོན་པའི་རྒྱུ་ཕར་འབུལ་རྩིས་མེད་པ་འདྲ། བུ་ཡི་རྒྱུ་དག་ཀྱང་ཚོད་ཚོད་གཅིག་ལས་མི་འདུག་”གསུངས་པ་དང་འཕྲོ་མཐུད་དེ་ཨ་མས་ཀྱང་གཟབ་ནན་མེད་པའི་ཉེས་སྐྱོན་མང་པོ་ཞིག་བགྲངས་སོང་། མིས་རང་སྐྱོན་མཐོང་རྒྱུ་དངོས་གནས་ཁག་པོ་རེད། ངས་དེ་སྔོན་རང་ཉིད་མི་བཟང་བའི་གྲས་སུ་ཡོས་ཤག་ཡིན་ཡང་། དུས་དེ་ནས་བཟུང་ང་རང་ཉིད་མི་ཡག་པོ་ཞིག་ཡིན་བསམ་ཕོད་མ་མྱོང་། 
མཚམས་འདིར་ཨ་ཕ་དྲན་ནས་ངུ་ཤོར་སོང་། ད་ནི་ངུས་ཚར། ངས་བཤད་ཀྱི་ཡིན། ང་ཚོའི་བོད་ལ་མཁས་མཛངས་ཀྱི་སྙན་གྲགས་ཆེ་བའི་བློན་པོ་མགར་ལ་བསམ་ན་ངལ་བརྒྱའི་ཁུར་གྱིས་བླངས་བའི་རྒྱ་ཡི་ཚ་མོ་དེའི་ལང་ཚོ་བརྐུས་ཏེ་སྲོང་བཙན་ལ་དབུ་སྐོར་ཞུས་སོང་པས། ཁོང་མཛངས་བློན་ཟེར་བའི་ཁོངས་སུ་ཡོད་པའི་མི་ཞིག་གི་རྒྱུ་འབྲས་དྲང་གཞག་དེ་ཙམ་རེད། བོད་ཀྱི་བླ་ཆེན་མི་ཆེན་ཚོས་སོག་པོའི་དམག་དཔུང་ཁྲིད་ནས་རང་རིགས་དམར་གསོད་བྱས་པ་དེས་བོད་ཀྱི་ཆེན་པོ་ཚོ་ལ་ཁྲེལ་གཞུང་དང་སྙིང་རྗེ་དེ་ཙམ་མེད་པ་མངོན་གསལ་མིན་འགྲོ།
ད་ཡང་མང་ཚོགས་ཚོ་ཡག་པོ་ཞེ་དྲག་་ཡོད་བསམ་ན་ངས་བརྗོད་པར་བྱ་སྟེ། ཡུན་རིང་མ་སོང་བའི་ལོ་ཤས་སྔོན་ལ། བོད་སྨད་ཕྱོགས་ཀྱི་ཡུལ་ལུང་ག་གེ་མོར་དངོས་ཟོག་གིས་བཀང་བའི་བོད་པའི་དོལ་སྐྱེལ་འཁོར་ལོ་ཞིག་བརྡབ་སྐྱོན་བྱུང་སྐབས། ཉེ་འཁྲིས་ཀྱི་བོད་མི་ཚོས་སྨས་མ་ཚོར་རོགས་སྐྱོར་བྱེད་རྒྱུ་ལྟ་ཞོག བྱ་རྒོད་ཤ་ལ་འཐབ་པ་བཞིན་དུ་དུས་སྐད་ཅིག་གི་རིང་ལ་དངོས་རྫས་ཚང་མ་རྐུ་འཕྲོག་བྱས་ཚར་སོང་ཟེར། སྙིང་རྗེ་གང་ན་འདུག རྒྱུ་འབྲས་གང་ན་འདུག ནང་ཆོས་གང་དུ་སོང་བ་རེད།
ངས་འདི་གོ་དུས་གནའ་བོའི་ཀློ་པ་ཚོ་ནང་ཕན་ཚུན་འཁྲུག་སྐབས་ཀི་ཙིར་རྒྱག་གིན་རྒྱུག་ཡོང་བ་དེའི་རྣམ་པ་ཞིག་མིག་ལམ་དུ་ཤར་སོང་། མི་རིགས་གཞན་པ་ཞིག་ཡིན་ན་མ་མཐར་ཡང་གནད་ཡོད་མི་སྣར་སྙན་གསང་འབུལ་བ་དང་། ནད་པ་ཚོར་སྨན་གཡོག་གང་ཐུབ་བྱེད་པ་དེ་ཚིག་ཐག་བཅད་ནས་ངས་བཤད་ཐུབ། གྲོང་པ་དེའི་ནང་དུ་དུད་ཚང་ལྔ་བཅུ་ཡས་མས་ཡོད་པ་མང་ཆེ་བས་ཁྱེར་སོང་ཟེར། གལ་ཏེ་མང་ཆེ་བས་འཕྲོག་མེད་ན་གཅིག་གཉིས་གིས་འཁྱེར་ཕོད་ཀྱི་མ་རེད།
དེ་དང་འདྲ་བ་ཞིག་ངའི་ཕ་ཡུལ་གྱི་ཡུལ་མི་ཁག་ཅིག་གིས་བྱས་འདུག་ཀྱང་བསམ་ཡོད་གཅིག་གཉིས་ཀྱིས་བཀག་འགོག་བྱས་ཚུལ་འདུག དེ་བཞིན་དུ་དྲྭ་ནང་གི་མིང་མེད་པའི་གྲོགས་པོ་ཚོར་གཟིགས་དང་དོན་དངོས་ཐོག་སྙན་ཞུ་ཡག་པོ་ཞིག་འབྲི་རྒྱུའི་ཤེས་ཚད་མེད་ཀྱང་མི་ལ་ཚིག་མཚོན་འཕེན་རྒྱུའི་ལྟ་གོན་ལ་ཞུགས་རྐྱང་རེད། མདོར་ན་ང་ཚོའི་མི་གཤིས་དེ་ཚོད་ཚོད་གཅིག་རེད་འདུག་ཞུ་རྒྱུ་ཁེལ་སོང་།

2011/04/15

ནང་ཆོས་བྱ་དགོས་ན།

གོ་ཐོས་ལྟར་ན་ཐཱ་ལན་གྱི་རྒྱལ་ཁབ་དེ་ནང་པའི་རྒྱལ་ཁབ་ཁམས་གཙང་གཅིག་ཏུ་བརྩི་སྲོལ་འདུག་མོད། དེང་སང་ཐཱ་ལན་དུ་ཁ་ཆེའི་བསྟན་པ་ཡང་ཤུགས་ཆེན་དར་བ་ཙམ་མ་ཟད་དྲག་པོ་འཇིགས་སྐུལ་གྱི་ལམ་སྲོལ་ཡང་དབུ་ཡོངས་སུ་བརྙེས་ཚར་ཡོད། དེའི་རྒྱུ་རྐྱེན་ངོ་མ་དེ་གྲྭ་པ་སེར་པོ་རྣམས་སྤྱི་ཚོགས་དང་འབྲེལ་འདྲིས་མེད་པར་རི་ཁྲོད་དུ་རྩེ་གཅིག་སྒོམ་ལ་གཞོལ་སོང་ནས་རྒྱ་ཆེའི་མི་མང་ཚོར་ལྟ་གྲུབ་ཀྱི་སྲོག་དང་ལྡན་པའི་ནང་ཆོས་ཀྱི་གོ་རྟོགས་མ་སྤེལ་པས་རེད་ཟེར།
དེའི་གནས་སྟངས་དང་གཅིག་མཚུངས་རང་ཅག་གངས་ཅན་པའི་སྤྱི་ཚོགས་སུ་བྱུང་དང་འབྱུང་མུས་ཡིན་པ་སྟེ། དགོན་སྡེ་ཁག་ཏུ་གྲྭ་པ་ཚོས་མདོ་སྔགས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུར་འཆད་རྩོད་རྩོམ་གསུམ་གྱི་སྦྱང་བ་ཇི་ལྟར་གནང་ཡང་། རྒྱ་ཆེའི་མང་ཚོགས་ཀྱི་ཁྲོད་དུ་བསམ་ན་དཀོན་མཆོག་གསུམ་པོའི་ཁོངས་སུ་ཨ་ཁུ་དགྲ་ལྷ་བགྲང་མཁན་ལྟ་བུ་མང་པོ་ཡོད།
དེས་སྟབས་ཀྱིས་ནང་ཆོས་ཀྱི་གོ་རྟོགས་མེད་པར་ནང་ཆོས་བྱེད་ཚུལ་ནི་སྤྲེའུས་མི་ཡི་ལད་མོ་བྱས་པ་དང་འདྲ་བར་ཁ་ཆོས་མ་ཎི་འདོན་པ་དང་ལུས་ཆོས་གནས་སྐོར་དང་ཕྱག་འཚལ་བ་ཙམ་གྱིས་ཡིད་ཚིམས་ཤིང་༼རྡེལ་དཀར་༽སྦར་མོ་གང་ཞིག་ཨ་ཞང་ཆོས་རྒྱལ་ལ་རྩིས་སྤྲོད་བྱ་རྒྱུ་ཙམ་ཞིག་བསམ་ནས་ཡོད།
མདོར་ན་ནམ་མཁའི་མཐོངས་སུ་ཁྲ་ལམ་ལམ་གྱི་ལྷ་ཚོགས་ལ་འདོད་སྲེད་དང་། ས་འོག་ཏུ་དམར་འུར་འུར་གྱི་དམྱལ་བའི་མེ་དཔུང་གཉིས་ལ་འཇིགས་སྲེད་སྐྱེས་ཏེ། མི་ཡུལ་དུ་འུར་ལྷང་ལྷང་གི་ཆོས་བརྒྱད་སྒྲུབ་ཀྱིན་ཡོད། གནས་ཚུལ་དེ་དག་ལ་གཞིགས་ནས་༌༸གོང་ས་མཆོག་གིས་མང་ཚོགས་ཀྱི་ཁྲོད་དུ་ནང་ཆོས་ངོ་མའི་གོ་རྟོགས་སྤེལ་རྒྱུ་གལ་ཆེན་ཡིན་ཚུལ་གསུངས་འདུག།

2011/04/14

ངར་རང་དབང་མི་འདུག

Image result for beautiful girl artནམ་ཞིག་ཏུ་ངས་ཁྱེད་ལ་ལྟ་མི་བཟོད་པའི་གནས་ཚུལ་འདི་བྱུང་སོང་བ་ངས་ཀྱང་མི་དྲན་མི་སོས། གང་ལྟར་དེང་སང་ང་ལ་ཁྱོན་ནས་ལྟ་མི་ཕོད་པའི་ན་ཚ་ཞིག་ཕོག ཐ་ན་བསམ་ཡང་མི་ཕོད། གལ་སྲིད་བསམ་སོང་ན་དེ་ནི་ཟུག་གཟེར་ཉག་གཅིག་རེད། ཉིན་མ་རེ་རེའི་ཞོགས་པའི་ལས་བྱ་ལ་འགྲོ་དུས་སྒོ་སྲུབ་ནས་བསྒྲགས་འོང་བའི་ཞལ་འདོན་པའི་དབྱངས་རྟ་སྙན་མོ་དེ། དེང་སང་རྦད་དེ་ཆད་སོང་འདུག གཅིག་བྱས་ན་ངས་ཁྱེད་རང་གིས་ལས་འགན་སྒྲུབ་སྟངས་ཐད་ལ་ལྐོག་ནས་བསྔགས་པ་ཙམ་དེས་ཨེ་ཡིན་ན། དེང་སང་གང་ལྟར་ཕར་འགྲོ་དང་ཚུར་འོང་གི་ལམ་ཁ་གང་ཞིག་ཏུ་ཁྱེད་དང་ཐུག་སོང་ན་ང་ནི་ནག་ཅན་ཀྱི་རྐུན་མ་ཞིག་ཉེན་རྟོག་པས་རིག་སོང་བ་དང་ཆ་རེད་འདུག དོན་ངོ་མ་ངས་ཉེས་པ་གང་ཞིག་བསགས་འདུག

2011/04/05

ཉི་སྐྱ།

Image result for bhuntar bridge

དྲོད་ཁོལ་མེད་པའི་ཉི་འོད་མོག་པོ་མགོ་ཐོག་ན་འབབ་ཀྱིན།
སྐོར་རླུང་གིས་དེད་པའི་ཐལ་རྡུལ་སྐྱ་མོ་ངོ་གདོང་ལ་བྲབ་ཀྱིན།
བསིལ་ལྷམ་གྱི་ཤིང་རྟ་འདྲེན་པའི་རྐང་པའི་གླང་ངུ་དོར་གཅིག་པོ།
ཅི་འདྲའི་ངལ་ཞིང་དུབ། 
ཅི་འདྲའི་འགོར་ཞིང་དལ།
བྱ་བྲུན་གྱིས་སྦག་པའི་ལྕགས་ཟམ་བཙའ་མ་དེའི་འཁྲིས་ནས།
གཟི་འོད་ཤོར་བའི་མིག་ཟུང་གཉོམ་པོས།
མིག་ལྤགས་ལྕི་མོ་འདི་ཡར་འདེབས་པར་ཅི་འདྲའི་དཀའ་ཚེགས་ཤིག
ཟམ་འོག་གི་གཙང་པོ་དྭངས་མོ།
ངའི་སེམས་པ་དང་འདྲེས་ནས་འབབ་ཀྱིན།
གཙང་པོ་ངའི་སེམས་ཁོང་ནས་འབབ་ཀྱིན།

2011/04/02

གྲྭ་པ་ལགས།

སེམས་ཁོང་ནས་གཟེར་བའི་གནོད་པ་ཞིག་བྱུང་ན། །
ནམ་ཞར་དུ་དྲན་པའི་ན་ནད་གཅིག་བྱུང་ན། །
དྲན་སེམས་ཀྱི་གློག་བརྙན་འགོག་མེད་དུ་ལྟ་དུས། །
གྲྭ་པ་ཁྱེད་རིམ་གྲོ་ལ་ཕེབས་དགོས་ཤིང་བྱུང་ཡང་། །
ཁྱིམ་བདག་མའི་འཛུམ་ཞལ་གསོལ་ཇ་དང་བསྡོངས་ཀྱང་། །
དམ་ཚིག་གི་བཅད་ཁྲ་ཀློག་རྒྱུ་དེ་མ་བརྗེད། །
ཁྱིམ་སྦུག་གི་གཡང་སྒམ་ཟུར་མིག་གིས་གཟིགས་ཀྱང་། །
ལག་ཟུང་གི་ཕྱག་རྒྱ་མདུད་རྒྱ་རུ་སྡོམས་དང་། །
དད་ལྡན་གྱི་མིག་ཟུང་ཡིད་ཆེས་ཀྱི་བཙུམས་དུས། །
ཁྲིགས་ལྡན་གྱི་གྲྭ་པས་གསོན་མིག་དག་མ་བྲུས། །
ཁྱིམ་ཆེན་ཀྱི་ཕ་མ་བློས་གཏོང་རང་ཐུབ་ཀྱང་། །
ཁྱིམ་ཆུང་གི་གྲྭ་ཕྲུག་སྐྱུར་ཐབས་འདི་མེད་ན། །
འཇིག་རྟེན་ཀྱི་འཚོ་བ་ངོ་མ་དེར་རོལ་དང་། །
རང་བཞིན་གྱི་དྲོ་སྐྱིད་ཐོབ་རྒྱུ་རང་ངེས་སོ། །

2011/03/29

གྲྭ་པ།

ལས་འབྲས་ཀྱིས་འཇིགས་སྐུལ་བྱུང་སོང་། །
འགྱོད་གདུང་དང་བཤགས་པ་གྱིས་དང་། །
མིག་ཟུང་གིས་སྙིང་རྗེ་འཕང་སོང་། །
གསོལ་འདེབས་དང་སྨོན་ལམ་སྐྱོར་དང་། །
ཚུལ་འཆོས་ཀྱིས་ཚུལ་ཁྲིམས་སྲུང་འདུག །
དད་པ་དང་དག་སྣང་སྒོམས་དང་། །
གྲྭ་ཆུང་ཞིག་མནའ་མ་བླངས་འདུག །
གཞིས་ཁྱིམ་གྱི་འདུག་ཆུས་མཛོད་དང་། །
མོ་ལུང་གི་བརྟག་པའི་ནང་དུ། །
ཞབས་རིམ་གྱི་ལེ་འུ་བསླངས་སོང་། །
སྐུ་རིམ་གྱི་རྩིས་ཁྲ་ནང་ནས། །
བླ་གྲྭ་ཚོའི་འཚོ་རྟེན་བརྡོལ་འདུག །
མཐོ་བརྗིད་ཀྱི་གསེར་ཁྲིའི་སྒང་ནས། །
སྤྱན་ཟུང་དེ་མཛེས་མར་ཟུག་འདུག །

2011/03/25

ནང་ཆོས།

ཁ་བཤད་ཀྱི་ནང་ཆོས།
ཚིག་བུ་རམ་ལས་མངར་ཞིང་སྦྲང་རྩི་ལས་ཞིམ་པའི་ནང་ཆོས།
ནང་དོན་གློ་བ་བཞིན་སྟོངས་ཞིང་ཤོག་བུ་ལས་ཡངས་བའི་ནང་ཆོས་དག་སྟེ།
སྒྲུབ་ཁང་དུ་མིག་ཟུང་ཟིམ་ཟིམ་གྱི་གཟེབ་ནས་ཁ་ཆར་བཞིན་འཐོར་ཡོང་བའི་ནང་ཆོས།
ཕྱག་ཟུང་ཐལ་མོ་སྦྱར་གསེབ་ནས་ལུ་མ་བཞིན་བརྡོལ་ནས་ཡོང་བའི་ནང་ཆོས།
ཁྲི་སྟེང་ན་སེང་གེ་བཞིན་འགྱིང་སྟེ་འབྲུག་སྒྲ་ལྟར་བསྒྲགས་པའི་ནང་ཆོས།
སྒོ་འགྲམ་ན་ཌ་དྲིལ་གྱི་ཀང་སྒྲའི་ཁྲོད་ནས་སྤྲང་འབོད་བྱས་པའི་ནང་ཆོས།
དགོན་སྡེ་རུ་རྔ་སྦུབ་དང་དུང་སྐད་ཁྲོད་ནས་འུར་སྒྲོགས་བྱས་བའི་ནང་ཆོས།
རྨོ་རྨོའི་མ་ཎི་འདོན་དབྱངས་དང་སྡེབ་པའི་ནང་ཆོས།
ཨ་མྱེས་ལག་འཁོར་བསྐོར་འགྲོས་དང་སྡེབ་པའི་ནང་ཆོས།
ཨ་ཕས་ནང་སྔ་མོར་ལྷ་གསོལ་བཏང་བའི་ནང་ཆོས།
ཨ་མས་དགོང་ཕྱི་མོར་རྨི་ལམ་བརྟག་པའི་ནང་ཆོས།
འདི་དག་ཚང་མ་ཁ་བཤད་ཙམ་གྱི་ནང་ཆོས་རེད།
གཟུགས་བརྙན་ཙམ་གྱི་ནང་པ་རེད།