2011/06/04

ཞོགས་པ།


མཐའ་མེད་གཉིད་ཀྱི་ཞིང་ལས་གློ་བུར་དུ།།
དྲིལ་བརྡ་གཟན་མོ་རྣ་བའི་གཏིང་དུ་ལྷུང༌།།
མི་འདོད་སུན་སྣང་ཞིག་གིས་དབང་མེད་དུ།།
མགོ་བོ་གོས་ཀྱིས་བཏུམས་ཏེ་ཉལ་འདོད་ཀྱང༌།།
ཞོགས་འཚོགས་རྗེས་ལུས་ཤོར་བའི་སེམས་མཚེར་གྱིས།།
ག་ལེར་གཉིད་མ་སད་ཀྱིས་ཡར་ལངས་ཏེ།།
ལག་ཟུང་གནམ་དུ་བརྒྱངས་ཏེ་གླལ་ཞིག་འཐེན།།
རྐང་ཟུང་ས་རུ་ཉུལ་ནས་བསིལ་ལྷམ་བཙལ།།
མིག་ཟུང་རབ་མ་རིབ་དེ་འབྱིད་བཞིན་དུ།།
མི་འདོད་གོམ་ཁ་དལ་མོས་ཕྱི་རུ་ཐོན།།

ཨེ་མ་འདི་ནི་ཞོགས་པའི་ཞིང་ཁམས་ཏེ།།
དྭངས་བསིལ་སྦྲང་ཆང་བཅུད་ཀྱིས་མི་མཚོན་པའི།།
རང་བྱུང་ཞོགས་རླུང་བསིལ་མོ་ཧུབ་གཅིག་གིས།།
ལུས་སེམས་སྤྲོ་དགའི་མེ་ཏོག་ཅི་ཡང་བཞད།།

དྲི་མེད་དར་གྱིས་ཕྱིས་འདྲའི་ནམ་མཁའ་ལ།།
མ་བཀོད་མཚམས་སྤྲིན་གསར་པ་མཛེས་ཤིང་སྡུག།
བསིལ་ཆུའི་མུ་ཏིག་ཁུར་བའི་ལྗོན་བཟང་སྟེང༌།།
སྤུ་སྡུག་བྱ་ཚོགས་སྤྲོ་བས་ཅ་ཅོ་སྒྲོགས།།
ཁད་རིང་ལྷུན་གྱིས་འགྱིང་བའི་རི་ཚོགས་ལ།།
ཆུ་འཛིན་དགའ་མ་དགྱེས་པས་མགུལ་ནས་འཁྱུད།།
སྔོ་ལྗང་གཡུ་ལོའི་ཁུར་གྱིས་དུབ་པ་ཡི།།
རང་བྱུང་ནགས་ཀྱི་མཛེས་ལྗོངས་ལྟ་ན་སྡུག།
རི་གྲོང་མཚམས་ཀྱི་སྨུག་སྤྲིན་དུམ་བུ་དག།
ཉལ་ལམ་བགྲོད་པའི་རྣམ་དབྱེར་ཆ་མ་འཚལ།།
རྒྱང་རིང་གངས་ནས་ཕེབས་པའི་ཉལ་འགྲོ་མས།།
ཤབ་ཤུབ་རང་བྱུང་ཁམས་ཀྱི་གསང་ཚིག་ཟློ།།
ཞོགས་པའི་ཉི་གཞོན་ཟིལ་དེ་མ་བཟོད་ནས།།
ནུབ་ཁའི་རི་བོང་འཛིན་པའི་གཟི་མདངས་ཤོར།།
ཨ་ཧ་འདི་ནི་སྐྱིད་པའི་མི་ཡུལ་ཞེས།།
འཕུར་ལ་ཕྱོགས་པའི་ཁྲུང་ཁྲུང་ཞིག་འདྲ་བར།།
ལག་གཉིས་ཤེད་ཀྱིས་བསྐྱངས་ནས་ཕྱོགས་བཞིར་བསྐོར།།
མིག་གཉིས་ཟིམ་བུར་བཙུམས་དེ་དལ་གཅིག་འགྲེངས།།
སླར་ཡང་མཁའ་རླུང་དྭངས་མོ་ཧུབ་གཅིག་གིས།།
མཁར་རུ་ཤོག་སྦག་གས་པའི་མེ་ཏོག་གམ།།
མཚོ་རུ་རྦ་རླབས་འཕྱོ་བའི་ངང་ཚུལ་ཅན།།
དགའ་མའི་རེག་པ་སྟོང་གིས་མི་བསྒྲུན་པའི།།
བརྗོད་མེད་སེམས་ཀྱི་དགའ་སྤྲོ་འདི་ཅི་ཞིག།

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག