2011/11/17

ལོ་ན་རྒན་ཤོས་ཀྱི་མི།


ཨན་ཊི་ས་ཁཝིག་ཆ་ན་{Antisa Khvichava}ནི་རྗོར་རྗི་ཡའི་ནུབ་ཊབྷི་ལི་སི་ནས་སྤྱི་ལེ་༣༧༠ ཐམ་པའི་བར་ཐག་ཆོད་པའི་ས་ཆི་ནོ་ཞེས་པའི་གྲོང་གསེབ་ནས་ཡིན། ཁོང་མོ་༢༠༡༠ ལོར་མི་ལོ་ཧྲིལ་པོ་༡༣༠ ཐམ་པ་འཁོར་བའི་དགའ་སྤྲོའི་བཙས་སྟོན་མལ་ཁྲི་དྲོན་མོའི་སྟེང་དུ་ཞུས་ཡོད། ཨ་ཕྱི་ལགས་ཁོང་ནི་སའི་གོ་ལ་འདིའི་སྟེང་གི་འགྲོ་བ་མི་རིགས་ཀྱི་ལོ་ན་རྒན་ཤོས་དེ་ཡིན་འདུག་ཀྱང་། བར་ལམ་སྐྱེས་ཚེས་ལག་འཁྱེར་བོར་སྟོར་ཤོར་སྟབས་ལོ་ངོ་བཅུ་དྲུག་གི་རིང་ལ་ཁོང་མོའི་
སྐྱེས་ལོ་༡༨༨༠ ཡན་མན་ཡིན་པ་ཁ་གསལ་བྱུང་མེད། འོན་
ཀྱང་སོ་ཝེ་ཊིའི་(ར་ཤི་ཡིའི་དམར་པོའི་སྐབས་ཁྲིམས་བཟོ་ལྷན་ཚོགས་ཁག་)དུས་སྐབས་ཀྱི་ཡིག་ཆ་རྙིང་པའི་ཁྲོད་ནས་ཁོང་མོ་དུས་རབས་བཅུ་དགུ་པའི་ཕྱེད་ཕྱི་མའི་ནང་སྐྱེས་ཡོད་པ་ར་སྤྲོད་བྱུང་ཡོད། རྒྱུན་ལྡན་མ་ཡིན་པ་ཞིག་ལ་ད་ལྟ་ལོ་ན་༧༠ ལ་སོན་པའི་ཁོང་མོའི་བུ་རྒན་པ་དེ་སྐྱེ་སྐབས་མོ་རང་ལོ་ན་དྲུག་ཅུ་ཡོངས་སུ་ཟིན་ཚར་དགོས།
གང་ལྟར་ད་སྐབས་ཨ་ཕྱི་ཨན་ཊི་ས་ཁཝིག་ཆ་ན་ལ་ཁྱིམ་ཚང་ཆེན་པོ་ཞིག་ཆགས་ཡོད་པ་སྟེ་བུ་དང་། ཚ་བོ་༡༠། ཡང་ཚ་༡༢། ཡང་ཚའི་བུ་ཕྲུག་༦ བཅས་ཡོད་འདུག
མདོ་དོན་ཨ་ཕྱི་ཨན་ཊི་ས་ཁཝིག་ཆ་ན་ལགས་ནི་སྤྱི་ལོ་༡༨༨༠། ཟླ་བ་༧། ཚེས་༨ ལ་སྐྱེས་ཤིང་ཨ་ཕྱིས་གསུངས་ན་ཁོང་མོའི་མི་ཚེ་གང་པོ་བདེ་ཐང་ངང་བསྐྱལ་རྒྱུ་བྱུང་བ་དང་། མོ་རང་ལོ་ངོ་༨༥ མ་ཟིན་བར་ཨ་ཤོམ་གཏོག་སར་ལས་ཀ་བྱས་པ་ཡིན་གསུངས་ཡོད།
ཡིན་ནའང་དེང་སྐབས་རྒན་ཆོས་རིག་པའི་ལྷན་ཚོགས་
{The Gerontology Research Group }ཀྱིས་ལོ་ན་༡༡༤ ལོན་པའི་ཧྥརན་སིའི་ཨ་ཕྱི་ཨཱུ་རྗེན་ནཱས་བྷུ་ལེན་ཆར་ཌི་{Eugenie Blanchard}ལགས་ནི་ས་སྟེང་འདིའི་ལོ་ན་རྒན་ཤོས་དེ་ཡིན་པ་ངོས་འཛིན་བྱེད་ཀྱིན་ཡོད་འདུག །

3 comments:

  1. ནམ་རྒྱུན་རྒན་རྒོན་ཚོ་མཐོང་དུས་ངའི་བསམ་བློར་འདི་འདྲ་ཞིག་འཁོར་འོངས།
    མི་རྣམས་ཀྱིས་ཚེ་རིང་པོ་སྡོད་པར་སྨོན་ལམ་འདེབས་པ་དེ། དངོས་གནས་ཡིན། སྡུག་བསྔལ་མི་ཟད་པ་འཐོབ་པར་སྨོན་ལམ་འདེབས་པ་དང་ཀུན་ནས་མཚུངས། བགྲེས་སོང་ཁོང་ཚོའི་བརྩེ་དུང་དང་ལང་ཚོ། བྱ་གཞག་མཐའ་དག་རྒྱ་སེ་མེ་ཏོག་ཅིག་རྙིང་རྐྱང་ཆགས་པ་ཇི་བཞིན་ཡིད་དུ་འོང་བའི་ཆ་ཤས་ཕྲ་མོ་ཙམ་ཡང་མེད་པར་གྱུར་ཟིན་ཅིང་། ལྡུམ་རའི་ལྟ་སྐྱོང་བས་ནམ་ཞིག་གཙང་མ་བཟོ་རྒྱུར་བསྒུག་བསྡད་པ་དང་གཉིས་སུ་མེད། ད་ལྟ་སུ་ཞིག་གིས་ཀྱང་ཁོང་ཚོའི་ལག་པ་ནས་བཟུང་བ་དང་། བྲང་ཁར་དམ་པོར་སྦྱར་བ། དཔྲལ་བའམ་མཁུར་འཚོས་སོགས་ལུས་ཀྱི་ཆ་ཤས་གང་དུའང་འོ་སྦྱོར་མི་འདོད་ཅིང་། ཐ་ན་ཁོང་ཚོའི་ཤ་ལས་ཆད་པའི་བུ་ཕྲུག་དག་གིས་ཀྱང་ཁོང་ཚོར་གཙོག་པར་འཛིན་གྱི་ཡོད་ངེས། འོན་ཀྱང་ཁོང་ཚོ་ནི་དེ་ལས་ལྡོག་ཏེ་རང་གི་བུ་ཕྲུག་དག་ལ་བརྩེ་ཞེན་གྱིས་ཀུན་ནས་བཅིངས་ཤིང་ཡུད་ཙམ་ཞིག་ལའང་འབྲལ་མི་ཐུབ། ཀྱེ་མ་ཕན་ཚུན་འདྲ་མཉམ་མིན་པའི་བརྩེ་དུང་གིས་གདུངས་བ་ནི་འཇིག་རྟེན་ན་གང་གིས་ཀྱང་མཚོན་མི་ནུས་པའི་གདུང་བ་གཅིག་པ་བ་དེ་མ་ཡིན་ནམ།

    ReplyDelete
  2. དེ་བདེན་ནོ།
    ངས་ཀྱང་ལོ་ན་བདུན་ཅུ་ལས་བརྒལ་ན་བདེ་བ་ལས་སྡུག་བསྔལ་ཆེ་སྲིད་པའི་ཚོད་དཔག་བྱེད་ཀྱིན་ཡོད། འོན་ཀྱང་སྐྱེ་བོ་ཚང་མའི་གནས་སྟངས་དང་འཁོས་ཀ་
    མི་གཅིག་ཕྱིར་གང་ཟག་འགའ་རེ་ལོ་ག་ཚོད་བསྡད་ཀྱང་འབྱུང་བ་རྒུད་པའི་དཀའ་ཚེགས་ཙམ་ལས་ཚང་མས་དད་གུས་བྱ་ས་དེ་འདྲ་ཡང་ཡོད་པ་རེ། དཔེ་ན་རྙིང་མའི་བླ་ཆེན་བྱ་བྲལ་རིན་པོ་ད་ལྟ་དགུང་ལོ་བརྒྱ་ལ་ཁ་གཏད་ཡོད་པ་ལྟ་བུ་རེད།

    ReplyDelete
  3. དེང་སང་དྲ་བ་འདིའི་མཛེས་སྡུག་གྱེན་དུ་འཕྱུར་སོང་བ་ལྟར་འདུག ཁ་དྲོ།

    ReplyDelete

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག