2011/12/24

ཙ་རིའི་ཀྲད་པ་དང་ཨ་མའི་དད་པ། གཉིས་པ།

ཙ་རིའི་ཀྲད་པ་དང་ཨ་མའི་དད་པ། གཉིས་པ།
ད་ཚོད་དུམ་བུ་དང་པོའི་ལོ་རྒྱུས་དེ་བྱུང་ནས་མི་ལོ་སུམ་ཅུ་ལྷག་བརྒལ་ཟིན་ལ་ནོར་རྗེས་འདེད་མཁན་གྱི་བུ་ཆུང་སྣབ་འཛར་དེ་ད་ལྟ་དཔྲལ་བར་གཉེར་རིས་བབས་པའི་དལ་ཡོལ་ཞིག་དུ་གྱུར་འདུག་པས། དད་འདུན་ཟབ་པའི་ཨ་མ་ཁོང་ནི་རྣམ་པ་ཚོར་ཞུ་མི་དགོས་པར་སྐྲ་དཀར་གྱི་ཚར་ཞྭ་མནབ་པའི་བགྲེས་མོ་ལོ་ལོན་ཞིག་ཏུ་གྱུར་ལོས་ཡོད་ཨང་། སྟབས་ལེགས་པ་ཞིག་ལ་དེང་རབས་འཕྲུལ་རིག་གི་དཔལ་ཡོན་རབ་ཏུ་དར་བའི་གནས་སྟངས་བཟང་པོ་འདིའི་འོག་ནས་ཨ་མ་དངོས་སུ་མ་མཇལ་རུང་། རྒྱུན་དུ་དྲོད་ཁོལ་མ་ཡལ་བའི་ཞལ་གསུང་སྙན་མོ་དག་ལག་འཕྲིན་ནས་ཉན་ཆོག་ལ་མཚམས་རེ་་དྲྭ་ཐོག་མེ་ལོང་ནས་ཞལ་རས་ཡང་ཉི་མ་འདེ་འདེ་བྱེད་ཆོག
ད་ནི་སྔོན་མའི་འཕྲོ་ནས་བཤད་ན། ང་རང་ལོ་ན་བཅུ་མ་ཟིན་པའི་སྔོན་ནས་བཟུང་ཞོགས་ལྟར་ནོར་ཕྱུགས་རྩ་ཁར་བསྐྱལ་རྗེས་ཁྱིམ་དུ་སྔ་དྲོ་བོད་ཡིག་ཀློག་འདོན་སྦྱོང་། དགོས་མོ་རི་རྒྱབ་ན་ནོར་བསྡུ་རུ་འགྲོ་དགོས་ཀྱི་ཡོད། སྐབས་དེར་ང་ལ་ཆེས་བཟོད་པར་དཀའ་བའི་དཀའ་ཚེགས་གཉིས་ཡོད་པ་སྟེ། གཅིག་ནི་རི་ཁར་གྲོང་ཚོ་དང་གྲོང་ཚོའི་ཕྱུག་རྫི་བྱིས་པ་དག་གི་དབར་རྫོགས་དུས་མེད་པའི་འཁྲུག་འཛིང་གི་ནམ་ཟླ་རིང་མོ་དེ་ཡིན་ཞིང་ང་ལ་མཚོན་ན་དོན་དངོས་ཀྱི་གཡུལ་ས་ཞིག་ཏུ་ཡང་ཆགས་ནས་ཡོད། ང་ཚོའི་གྲོང་པར་དུད་ཚང་བཅོ་ལྔ་ལྷག་ཡོད་རུང་དགུན་ཁར་ནོར་ཕྱུགས་ཡུལ་པར་ཚགས་མཁན་ཁྱིམ་ཚང་གཉིས་གསུམ་ལས་མེད་རྐྱེན་ང་ཚོ་ཉིན་རི་བའི་ཕྱུགས་རྫི་རྡོག་མ་གཉིས་གསུམ་དེ་གཡུ་གྲོང་བ་དང་། སྐྱིད་མཁར་བ། ཝ་ལ་བ་སོགས་ཀྱི་དབང་འོག་ཏུ་རིག་གནས་གསར་བརྗེའི་སྐབས་གྲལ་རིག་འཐབ་རྩོད་ཀྱི་མནར་གཅོད་དང་ཕྱོགས་མཚུངས་པ་རེ་མྱོང་དགོས་ཙང་ཡིན། ད་རུང་ང་ཚོ་བྱིས་པ་གསུམ་པོ་ལམ་ཁར་རྩེ་འཇོས་གཡེངས་ཏེ་མུན་པ་རུབ་སྐབས་གཞི་ནས་བྲེལ་འཚུབ་འཚུབ་ཀྱིས་ནོར་རྗེས་སུ་བརྒྱུགས་རུང་ནོར་ཚང་བར་མི་འདུས་པ་དང་ཕྱི་འགྱངས་ཤོར་ཐེངས་རེར་ཨ་མས་བརྡུང་རྒྱུ་དེ་ཡང་དཀའ་ཚེགས་ཆེ་བ་ཞིག་ཡིན།
གཉིས་པ་ནི་ངས་མི་འདོད་པའི་སྤོ་བོ་ལགས་ཀྱིས་བོད་ཡིག་ཀློག་བསླབས་པ་དག་སྦྱོང་དགོས་ཀྱི་ཡོད་ཙང་ཡིན། གང་ལྟར་ཁོང་གི་བཀའ་དྲིན་ལས་ང་རང་བོད་ཡིག་ཀློག་བདེ་པོ་གང་མཚམས་ཡོད་པས་ཉིན་མ་རེར་འབུམ་གླེགས་བམ་རེ་སྔ་འདོན་བྱེད་ཐུབ་ཀྱི་ཡོད། 
ངས་འབུམ་བཏོན་ཚུལ་བཤད་དུས་ཀློག་པ་པོས་ང་ཆུང་དུས་ནས་གྲྭ་པ་ཞིག་མིན་འགྲོ་བསམ་སྲིད་ཀྱང་དེ་འདྲ་ཞིག་གཏན་ནས་མ་རེད། ང་ཚོའི་ཡུལ་སྲོལ་ལ་བུ་མང་ཆེ་བས་ཆོས་དཔེ་ཀློག་ཤེས་ཤིང་དགུན་ཁར་སྤྱི་སྒེར་གྱི་རིམ་གྲོ་འཚོགས་སར་ཕོ་གསར་དག་འཛོགས་ནས་བཀའ་འགྱུར་དང་འབུམ་སོགས་འདོན། དམིགས་བསལ་ཚིགས་བཅད་ལ་འདོད་དབྱངས་སྙན་པོ་མི་འདྲ་བ་རྣམ་གྲངས་དུ་མས་གྱེར་ཞིང་། ཚིགས་ལྷུག་ལ་ཡང་གྱེར་ཆོག་པ་སྟེ་མདོ་སྡེ་ཕལ་པོ་ཆེའི་བགྲང་བརྩི་དང་འབུམ་ཉ་པའི་རྒྱུ་རློམ་འགྲེ་སོགས་ལ་དབྱངས་སྙན་མོ་དག་འགུགས་སྲོལ་ཡོད། རིམ་གྲོའི་གོ་སྐབས་འདི་བརྒྱུད་ནས་ཨ་མཆོད་ཚོ་དང་ཁྱིམ་ཚང་གི་བུ་མོ་གཉིས་འགྲིགས་སོང་བ་ཉུང་ཉུང་མིན་ལ་ཐ་ན་བདག་མོ་དང་ཨ་མཆོད་གཉིས་ཀྱིས་ནལ་བཤམས་པའི་ལོ་རྒྱུས་ཀྱང་ཁ་ཤས་ཡོད།

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག