སྟོན་པ་ཡེ་ཤུའི་འཁྲུངས་སྐར་ངོ་སྤྲོད་མདོར་བསྡུས། (ཁི་རི་སུ་མ་ Christmas)
(ཊིན་ལམ་བྷརྚའི་། (Tim Lambert) རྩོམ་ལ་གཞི་བཅོལ་ཏེ་རིག་འཛིན་ཁྱུང་པོས་བགྱིས། རྒྱ་ཆེའི་ཀློག་པ་པོ་ཡོངས་རྫོགས་དུས་ཆེན་སྤྲོ་པོ་ཡོང་བར་སྨོན།)
ཁརིས་མསྶ་ (Christmas) ནི་སྟོན་པ་ཡེ་ཤུའི་འཁྲུངས་སྐར་གྱི་དགའ་སྟོན་ཉིན་མོ་ཞིག་ཡིན་ལ་དེའི་སྒྲ་དོན་ནི་ཡེ་ཤུའི་ཚོགས་འཁོར་ (Christ's mass) ཞེས་མིང་ཚིག་གཉིས་འདུས་ནས་བྱུང་བ་སྟེ་ཁརྶ་ཡེ་ཤུའི་མཚན་དང་མསྶ་ནི་ཚོགས་འཁོར་རམ་དུས་མཆོད་ལ་གོ་ཆོག་པར་སེམས། སྤྱིར་མསྶ་ཕུང་གསོག་དང་། ཚོགས། འདུ་ཚོགས། ཆོས་སྤྱོད་སོགས་ལ་གོ་བས་དུས་མཆོད་དང་ཚོགས་ལ་གོ་བ་བླངས་ན་ཆོག་པར་སེམས།
སྤྱི་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ལ་སྟོན་པ་ཡེ་ཤུ་དངོས་སུ་འཁྲུངས་བར་གྲགས་ཀྱང་། གཏན་ནས་མ་ངེས་པ་ཞིག་སྟེ་གདོད་མའི་ཆོས་ལུགས་ལྷ་འདྲེ་མཆོད་མཁན་གྱི་དགུན་གཞུང་དུས་མཆོད་བྱེད་སྲོལ་ཁག་གཅིག་བསྣུབས་ཤིང་། སྤྱི་ལོ་ (134) ལོར་དེའི་ཚབ་ཏུ་ལོ་རེའི་ཟླ་བ་ (12) པའི་ཚེས་ (25) ཉིན་ཡེ་ཤུའི་འཁྲུངས་སྐར་གཏན་ལ་ཕབ་ཡོད་པར་བཤད།
ཐོག་མར་དབྱིན་ཇིའི་ཡུལ་དུ་དུས་སྟོན་འདིར་ཡཱུལ་ (yule) ཟེར་འབོད་ཅིང་ས་སོན་ (Saxon) སྟེ་གདོད་མའི་དབྱིན་ཇི་བའི་སྐད་དུ་དགུན་གཞུང་ལ་གོ་བ་སྟེ་དཔེར་ན་བོད་པའི་དབྱར་མཆོད་ཅེས་འདོགས་པ་དང་འདྲ་བར་མངོན། ཚིག་དེ་ཡེ་ཤུ་བས་སྟོན་པ་ཡེ་ཤུའི་འཁྲུངས་སྐར་ལ་གོ་བ་བསྒྱུར་ཡོད་ཀྱང་དུས་རབས་བཅུ་གཅིག་པའི་བར་ ཁརིས་མསྶ་ (Christmas) ཞེས་པའི་ཚིག་འདི་འབོད་སྲོལ་མེད་པར་མངོན་ལ། ལོ་རྒྱུས་ཕལ་མོ་ཆེར་བལྟས་ན་དུས་རབས་ (19) བར་དབྱིན་ཡུལ་དུ་དུས་མཆོད་འདི་ལོ་འཁོར་དུས་ཆེན་སྤྱིར་བཏང་བ་ཞིག་ལས་དམིགས་བསལ་གལ་འགངས་ཆེ་བའི་དུས་ཆེན་ཞིག་ཏུ་བརྩི་སྲོལ་དེ་བས་མེད།
ཁྱད་པར་དུ་དབྱིན་ཡུལ་ལ་མཚོན་ན་རྒྱན་སྤྲོས་ཅན་གྱི་དུས་ཆེན་འདིའི་བྱེད་སྒོའི་རྒྱུན་སྲོལ་ཕལ་མོ་ཆེ་སྟེ། ཁརིས་མསྶའི་སྐྱེ་ཤིང་དང་། འཛིན་བྱང་། ཤོག་པག ཤོག་བུའི་མཛེས་སྤྲོས། དམིགས་བསལ་སན་ཏ་ཁལཱས་ (Sanata Claus) སྟེ་གྱོན་པ་དམར་ཞིང་རྒྱ་སྨར་དཀར་བའི་ཡབ་ཆེན་གྱི་གསོབ་གཟུགས་བཞེངས་བ་སོགས་ནི་དུས་རབས་བཅུ་དགུ་པར་གཞི་ནས་དར་སྲོལ་བྱུང་ཡོད་པར་མངོན། དེ་སྔོན་དུས་རབས་བཅུ་བདུན་པ་སྟེ་ (1647) ནང་དབྱིན་ཡུལ་ན་ཡེ་ཤུ་གསར་མའི་རྗེས་འབྲང་བ་ ཕུ་རི་ཊན་ (Puritan) དག་གིས་དུས་ཆེན་འདི་དང་མཉམ་གཅིག་ཏུ་དུས་ཆེན་གཞན་ཡང་འགོག་སྡོམ་བྱས་ཡོད། རྒྱུ་མཚན་སྐབས་དེར་ཡེ་ཤུ་རྙིང་པ་ཁེ་ཐོ་ལིག (Catholic) ཕྱོགས་གཏོགས་གཙང་སེལ་ལམ་རྩ་མེད་བྱེད་འདོད་ཁོ་ནར་དམིགས་ཏེ་འགོག་སྡོམ་བྱས་པ་ཞེ་ཅིག་ཡིན་པ་དང་ཕྱོགས་མཚུངས་དེའི་ཚབ་ལྟ་བུར་ཟླ་བ་རེའི་རེས་གཟའ་མིག་དམར་གཉིས་པ་ལ་དུས་ཆེན་སྲུང་བརྩི་ཞུ་བའི་ལམ་ལུགས་བཅོས་ཡོད་རུང་། མང་ཚོགས་ཀྱིས་ཉིན་དེར་སྤྲི་ཐུད་ཀེག་(Cake) མི་ཟ་བ་དང་། ཚོང་ཁང་སྒོ་རྒྱག་པ་སོགས་ངོ་རྒོལ་གྱི་རྣམ་པ་བསྟན་ཏེ་དུས་སྟོན་ཁས་ལེན་ཞུས་མེད། སྤྱི་ལོ་ (1660) ལོར་དབྱིན་རྒྱལ་ཆརལྶེ་ (Charles) རྒྱལ་ཁྲིར་འཁོད་རྗེས་དུས་ཆེན་ཁག་བསྐྱར་གསོ་བྱུང་བ་དང་འབྲེལ། དུས་རབས་བཅོ་བརྒྱད་པའི་ནང་སྔར་ཡོད་གོམས་སྲོལ་མུ་མཐུད་བསྐྱངས་ཡོད།
བྷོག་སིན་ཌས་ (Boxing Day) ཅེས་པ་ནི་ཡེ་ཤུའི་འཁྲུངས་སྐར་རྗེས་ཀྱི་ཉིན་(26) དེར་ཟེར་ཞིང་། བྷོགྶ་ནི་སྒམ་དང་ཌས་ནི་ཉི་མ་ལ་གོ མིང་འདིར་ཐོག་མར་མཆོད་ཁང་ནང་གི་ཞལ་འདེབས་སྒམ་ཁ་ཕྱེས་ཏེ་ཉམས་ཐག་ཚོར་མཆོད་སྦྱིན་གནང་སྲོལ་ལ་གོ་ཡང་། རྗེས་སོར་གཡོག་པོ་ཚོར་གནང་སྦྱིན་བྱེད་སྲོལ་ཞིག་ཏུ་གྱུར་ཡོད། དེ་མིན་དུས་ཆེན་ཀྱི་སྒྲིག་གཤོམ་དང་། གླུ་དབྱུངས་སོགས་ཀྱི་བཤད་པ་མང་དག་ཡོད་ཀྱང་འདིར་བརྗོད་ཀྱི་མི་ལང་བས་རེ་ཞིག་བཞག་པར་བྱ། དུས་ཚོད་ལ་འདོད་ཚུལ་མི་འདྲ་བ་གཉིས་ཡོད་པ་སྟེ་ཕལ་མོ་ཆེས་སྤྱི་ཟླ་བཅུ་གཉིས་པའི་ཚེས་ཉེར་ལྔ་ལ་ངོས་འཛིན་གནང་གི་ཡོད་མོད་ཁག་གཅིག་གིས་སྤྱི་ཟླ་དང་པོའི་ཚེས་དྲུག་ལ་འདོད་པ་ཡང་ཡོད།
This comment has been removed by the author.
ReplyDelete