2013/04/08

གསེར་སྤྲང་མ།

ཨ་ཕྱི་གསེར་སྤྲང་མ། ཁ་སེང་ངས་གྲོགས་པོ་ཞིག་གི་ཁ་ནས་“གསེར་སྤྲང་མའི་”སྐོར་ཐོས་འོངས་དུས། ངས་ཨ་མའི་སྐད་ཆ་རྙིང་པ་ཞིག་བསྐྱར་དུ་དྲན་བཅུག་སོང་། གནའ་སྔ་མོ་ང་ཆུང་ཆུང་ཨ་མའི་འཁྲིས་ན་ཡོད་དུས་གསེར་སྤྲང་མའི་ལོ་རྒྱུས་ཐེངས་ཁ་ཤས་ཤིག་གསུངས་པ་དྲན། གསེར་སྤྲང་མ་ནི་དུས་འགྱུར་མ་བྱུང་བའི་སྔོན་ཙམ་ལ་ངེད་ཅག་རྨེ་རུའི་ནང་དུ་བྱུང་བའི་སྤྲང་མོ་བདག་མེད་ཅིག་ཡིན་འདུག་ལ། མོ་རྒྱུན་དུ་རོམ་ཐང་གནས་ཁྲ་མོའི་སྐོར་ལམ་ན་ཁྱི་དང་ཁྱི་གུའི་ལྷན་དུ་འཚོ་བ་སྤྱོད། མོས་ཁྱི་གུ་མོ་ལ་བཀྲ་མཚོ་དང་། ལྷ་མོ། བདེ་ཆེན་སོགས་འབོད་ཅིང་ཕོ་ལ་ཚེ་རིང་དང་། རྒྱལ་མཚན་སོགས་བཏགས་ཡོད་ཟེར། མོས་ཁྱི་དང་མི་ལ་དབྱེ་འབྱེད་གཏན་ནས་མེད་པས་སྤྲང་ཟས་ཡོད་ཟད་ཁྱི་དང་མཉམ་དུ་ཟ་ཞིང་ཐ་ན་ཁྱི་གུ་ཚོར་རྒྱུན་དུ་ཁ་ཡིས་ནོ་ནོ་སྦྱིན། (སོས་བལྡད་ཟིན་པའི་ཟས་གཞན་ལ་བྱིན་པ།) མཚན་མོ་ཁྱི་གུ་ཆུང་ཆུང་དང་ནད་པ་རུམ་ནས་དྲོད་ཀྱིས་གསོ། གལ་ཏེ་གཞན་གྱིས་ཁྱི་ལ་རྡུང་རྡེག་དང་ངན་སྨྲས་བྱས་ན་འཁྲུགས་འཛིངས་གཏན་ནས་མི་བྱེད་ཀྱང་སེམས་ཁོང་ནས་སྐྱོ་བའི་མིག་ཆུ་ཤར་ཤར་དུ་འདོན་ཡོང་ཟེར། གང་ལྟར་ངའི་ཨ་མས་གསེར་སྤྲང་མ་བྱང་ཆུབ་སེམས་མ་ཞིག་ཡིན་པར་ཡིད་ཆེས་གནང་འདུག དེ་ནི་ཆབ་མདོ་འཕགས་པ་ལྷས་གསེར་སྤྲང་མའི་ཕུང་པོ་དུར་ཁྲོད་དུ་བསྐྱལ་སྐབས་རོ་སྙོམ་བརྟུལ་ཞུགས་ཀྱི་སྤྱོད་པའི་སྒོ་ནས་ཤ་ཁམ་གང་མཆོད་མྱོང་བའི་གཏམ་རྒྱུད་དང་། སྤྲང་མོས་མི་ཚེ་གང་པོར་ཁྱི་གུ་རྐྱང་བྱམས་ཀྱིས་བསྐྱངས་པའི་དངོས་ཡོད་རྒྱུ་མཚན་དང་གཉིས། འདས་ལོག་མ་ག་གེ་མོས་གསེར་སྤྲང་མ་ལ་བྱེ་མ་སྡེར་མ་གང་གི་ཚད་དང་མཉམ་པའི་སེམས་ཅན་འདྲེན་སྟོན་འདུག་ཟེར་གསུངས་པའི་ལུང་བསྟན་བཅས་རྒྱུ་མཚན་གསུམ་ལ་བརྟེན་ནས་ཡིད་ཆེས་གནང་ཡོད་པ་འདྲ། ཀློག་པ་པོར་ཞུ་རྒྱུར་ངས་འདི་ལྟར་བརྗོད་བྱ་སྐྱོ་བའི་མཐར་ཐུག་སྤྲང་མོ་ཞིག་ལ་རྗོད་བྱེད་ཚིག་སྦྱོར་མགོ་མཇུག་མེད་པ་རྐྱང་གིས་རོ་བྲོ་བ་ཅི་ཡང་མེད་པའི་རྩོམ་འདི་འདྲ་ཞིག་འབྲི་དུས་“རྭ་ཅོའི་ཕྲེང་བ། ཕྲེང་ལུང་རྩིད་སྐུད་”ཅེས་པའི་དཔེ་ལས་མ་འདས་པས་བཞད་གད་འཆོར་བ་ལས་ཅི། རེད་དེ་ཁ་དཔེར་“ལྐོ་ཤུབ་མཚོན་ལ་བརྙས་རྒྱུ་མེད། །ཕོ་དཔའ་བོའི་སྲོག་རྩ་ཧ་ལ་འཕེན། །སྤྲང་པོའི་ཁུར་པོར་བརྙས་རྒྱུ་མེད། །ནང་དེ་ན་གསེར་དངུལ་རྐྱང་རྐྱང་ཡིན། །”ཟེར་བ་ལྟར་འདི་ལྟ་བུའི་སྤྲང་མོ་ཡིན་རུང་མཐའ་གཅིག་ཏུ་བརྙས་པར་བྱ་མི་རུང་སྟེ། ང་ཚོའི་སྐྱབས་གནས་སུ་བརྩི་བའི་རྒྱ་གར་གྲུབ་ཆེན་བརྒྱད་ཅུ་ཞུ་བ་དེ་དག་ལས་མང་ཆེ་བ་ཞིག་སྤྲང་མོ་འདི་ལས་ལྷག་པའི་བཟོ་ལྟ་ཞིག་མེད་ངེས། ཀུ་ཀུ་ར་ཛཱ་ཁྱི་མོའི་ཁྱོ་བོ་རེད། །ཤ་བ་རི་པ་སྡིག་སྤྱོད་རྔོན་པ་རེད། །འདི་དང་འདི་འདྲ་བཤད་ཀྱིས་མི་ལང་བ་ཡིན་དུས་གཅིག་བྱས་ན་“གསེར་སྤྲང་མ”དེའང་བྱང་ཆུབ་སེམས་མ་ཞིག་སྲིད་པ་རེད།

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག