2016/07/25

ནུ་བོ་ཐ་ཆུང་།


kunsang
ནུ་བོ་ཐ་ཆུང།
ཁྱོད་རང་ཐོག་མར་འཇིག་རྟེན་འདི་ན་འོངས་པའི་དུས་ཚོད་གསལ་པོ་མི་དྲན། ཨ་མས་གསུངས་ན་ཁྱོད་རང་རྒས་བུ་མགོ་འགྱ་རེད་ཟེར། (མགོ་ཆེ་བའི་དོན)
གང་ལྟར་ཨ་འཕེལ་ཁྱེད་གཉིས་སྤུན་མཆེདགཞན་ལས་ལུས་སྟོབས་ཆེ་བས། བཙའ་སྐབས་ཨ་མ་ལ་དཀའ་ཚེགས་མི་ཉུང་བ་ཞིག་འཕྲད་ཡོད་ལ། ལྷག་པར་ཨ་འཕེལ་སྐྱེ་སྐབས་ཨ་ཕ་ཡང་མེད་ལ་ཨ་མ་བང་ཁྲག་བཞུར་ཚད་མང་དྲགས་རྐྱེན་ཏོག་ཙམ་མིན་ན་མེད་པ་ཆགས་གྲབས་ཡིན། དཀོན་ཅོག་མཁྱེན།

འོ་རེད།  ངས་གཞན་མི་དྲན་མོད་ངག་དབང་རྡོ་རྗེ་དང་།  གྲགས་པ་གཉིས་ནི་ལུས་ཚད་ཧ་ཅང་ཆུང་བས་བྱི་ལའི་ཕྲུ་གུ་ལྟ་བུ་ཞིག་ལས་མེད་ལ་པདྨ་དང་རྣམ་རྒྱལ་གཉིས་ལ་ཡང་ཆེན་པོ་དེ་ཙམ་མེད་སྣང་ཡིན། སྒྲོལ་མ་བཟང་མོ་ངས་ཁུར་དུས་ལྗིད་ཏིག་ཏིག་ཅིག་ཡོད་པ་ལས་གཞན་མི་དྲན་ལ། མེ་ཏོག་སྐྱེ་སྐབས་ནི་ངས་སྐད་ཆ་ཡང་བཤད་ཐུབ་མདོག་ཁ་པོ་མ་རེད། 
ང་བྱིས་དུས་སུ་ཨ་མས་བྱམས་ཀྱིས་བསྐྱངས་ལུགས་གསལ་པོ་མི་དྲན་མོད། ཨ་མས་ཁྱོད་ལ་གཅེས་སྐྱོང་གནང་རིམ་བཞིན་ང་ཇི་ལྟར་བསྐྱངས་ཚུལ་དེ་ངོ་སྤྲོད་གནང་སོང་བ་འདྲ་པོ་ཞིག་རེད། ངས་ངོ་མ་བཟླས་ལེ། ཨ་མས་ཁྱོད་ལ"པད་སྣ་ཨ་མིག"ཅེས་པའི་གཅེས་མིང་གིས་འབོད་དུས་ཁྱོད་ཀྱིས་ཅི་ཡང་གོ་གི་མེད་པ་ཐག་ཆོད་མོད། ཨ་མས་གསུངས་ན། སྲིང་མོ་པད་མའི་སྣ་དང་གཅེན་པོ་ཨ་འཕེལ་གྱི་མིག་གཉིས་དེ་ཁྱོད་ལ་འཛོམས་འདུག་ཟེར་གསུང་གི་ཡོད་པ་རེད་ཨ། 
རེད་ཡ། ཁྱེད་རང་ཆུང་དུས་གཅེན་གྲགས་ཚེ་དང་འདྲ་བརཨབ་རའི་མིག་ཟུང་གྲུང་པོ་དེ་གཉིས་མེད་ཀྱང་སྒམ་བརླིང་གི་ངང་ཚུལ་ལྡན་པའི་བྱིས་པ་ཞིག་ཡིན། དངོས་གནས་ཡིན། ཕ་མ་གཉིས་པོས་ཀྱང་རྒྱུན་དུ་དེ་ལྟར་བཤད།
ནུ་བོ་ཆུང་ཆུང་།
ཁྱོད་ལོ་ངོ་གསུམ་ཙམ་ལ་སླེབས་པའི་དགུན་དུས་གངས་ཤུལ་ཉིལ་བའི་ནང་སྔ་ཞིག་ལ་ཉལ་ས་དྲོན་མོའི་ནང་ཉལ་རོགས་མི་བྱེད་པར་སྐད་ཤུགས་ཧ་ཅང་ཆེན་པོས་ངུས་སོང་ལ་ངུ་མཚམས་ཡང་གཏན་ནས་འཇོག་རོགས་མ་བྱས། དེ་དུས་ཨ་མས་ཟོག་ལ་གཟན་པ་གཟན་བཞིན་ཡོད་པ་འདྲ། ང་ནི་ཁོང་ཁྲོ་ལངས་ཏེ་ཁྱོད་གཅེར་བུར་སྒོ་ཕྱིར་ཁྱེར་འོངས་ཏེ་གངས་ཞུ་མ་ཆབ་ཆོབ་ནང་ཏོག་ཙམ་ལང་བཅུག་སྟེ། "གཡའ་ད། ད་སྐྱིད་པོ་ཨེ་གདའ། ཉལ་ས་ཚན་མོའི་ནང་ཉལ་རོགས་མི་བྱེད་ནས། ད་ངུས་ར།" སོགས་ཚིག་རྩུབ་ཀྱིས་གཤེ་གཤེ་བཏང་།
རེད་དེ་ཁྱོས་ད་རུང་ངུ་རྒྱུན་གཅོད་རོགས་མ་བྱས་ཐལ། ཨ་མས་དེ་རིག་མ་ཐག་"ཨ་ཉོག་གསོད་ཀྱི་ཡིན་ནམ་"གསུངས་ནས་ང་ལ་གཤེ་གཤེ་དྲག་མ་ཞིག་བཏང་། ཁྱོད་མལ་ས་དྲོད་མོའི་ནང་སླར་ཡང་བསྙལ་སོང་མོད། ཁྱོད་ནི་ཨུ་ཚུགས་ཅན་ཞིག་ཡིན་པས་གྲང་འདར་བརྒྱབ་བཞིན་ད་རུང་ངུ་མཚམས་གཏན་ནས་བཞག་མ་སོང་བས་རྒྱལ་ཁ་ཁྱོད་རང་ལ་ཐོབ་སོང་ཨང་སྤུན་ཆུང་།
ཨ་ཙི་ཀུ་རེ། སྐབས་དེར་ངའི་སེམས་སུ་མི་ཞིག་ལ་ཟས་གོས་གཉིས་བྱུང་ན་འགྲིག་ཚར་བའི་ལྟ་བ་ཞིག་ཡོད་པའི་རྐྱེན་གྱིས་ཁྱེད་རང་ཞོགས་པ་མལ་ས་ཚ་པོའི་ནང་གཉིད་སྐྱིད་པོ་ཞིག་ཁུག་མི་འདུག་པར་ངུ་ཅོར་སྒྲོགས་པ་ནི་ཆེས་མ་འོས་པ་ཞིག་རེད་བསམ་པའི་ཚོར་སྣང་ཞིག་ཡོད་རྐྱེན་རེད། ཚིག་པ་མ་ཟ།
ཨོ་ནུ་བོ་ཐ་ཆུང་། ངའི་སྐད་ཆ་འདི་གོ་བ་དང་མི་སུ་ཡིན་རུང་"བྱིས་པ་ན་ཡོད་ན་ཇི་ལྟར་བྱེད། བསམ་མནོ་མེད་པ་རང་རེད།" ཅེས་ཟེར་ཆོག་ཆོག་རེད་ལ་བདེན་པ་རེད། འོན་ཏེ་ངས་དྲན་གསལ་ལ་སྤུན་མཆེད་གཞན་ཞིག་གི་དངོས་པོ་ཁྱོད་ལ་དགོས་ཟེར་ནས་ངུས་ཡིན་བསམ་སོང་། མ་གཞི་མིང་སྲིང་གཞན་ལ་དྲིས་དང་བཤད་རྒྱུ་ཡོད་སྲིད། 
དོན་དངོས་སུ་ང་ཚོས་བྱིས་པས་ཅི་ཞིག་དགོས་ཟེར་ནའང་འདྲ། ཐབས་ཤེས་བཏང་སྟེ་འཇམ་པོའི་ལམ་ནས་མ་མཐར་ཡང་བྱིས་པ་ངུ་མ་དགོས་པ་ཞིག་བཟོ་དགོས་ངེས་ཅན་རེད། རེད་དེ་གཅིག་ནས་མི་ཆོས་རིང་ལུགས་ཀྱི་སློབ་གསོ་མེད་ཅིང་གཉིས་ནས་ཁོང་ཁྲོ་ལངས་ཐོག་ང་དང་འདྲའི་གྲོང་གསེབ་པ་ཚོས་འདི་ལྟར་བྱེད་སྲིད། 
ངས་ཡི་གེ་ལོ་ཤས་སྔོན་ནས་འབྲི་འགོ་བརྩམས་ཀྱང་ད་ལྟའི་བར་ལྷག་སོང་བས་དེ་རིང་མཇུག་བསྡས་པ་ཡིན།

No comments:

Post a Comment

གལ་ཏེ་དགོངས་འཆར་ཡོད་ན་གཤམ་གྱི་ཤོག་སྟོང་དེར་བྲིས། google account ཡོད་ན་དེས་ཆོག མེད་ན་དྲ་ཤོག་གཤམ་གྱི་ anonymous བདམས་སྟེ་ post comment ཐོག་ལ་མནན་ཞིང་སླར་ཡང་ཨང་ཡིག་གི་ལྡེའུ་མིག་དག་མནན་ན་ཆོག