2011/10/28

ཐ་ལན་ཌའི་ཆུ་ལོག

Bangkok residents sit in a truck as they drive away from a flooded area of the capital on 26 October 2011
༢༠༡༡་ཟླ་བ་༡༡་ཚེས་༢༧་ཉིན་མོར་ཐ་ལེན་ཌའི་རྒྱལ་ས་བྷེང་ཀོག་ལ་ཆུ་ལོག་གིས་གནོད་འཚེ་ཕོག་ཏེ་མི་མང་སྟོང་ཕྲག་མང་པོ་ཞིག་རྒྱལ་སའི་སྡོད་ཁྱིམ་གཡུགས་ཏེ་ཉེན་གཡོལ་དུ་འགྲོ་བཞིན་པ། 
ད་ལན་ཆུ་ལོག་འདི་ཤུགས་དྲག་ཧ་ཅང་ཚ་ཞིང་ཉེན་ཚབས་ཆེ་བའི་རང་བྱུང་གི་གོད་ཆག་ཆེན་པོ་ཞིག་ཡིན་སྟབས། ཉེན་གཡོལ་དུ་འགྲོ་མཁན་གྱི་མི་ཚོགས་མང་དྲགས་ཏེ་འཁོར་རིགས་བབ་ཚུགས་ལ་འཚང་ཁ་དང་གཞུང་ལམ་ཆེ་ཕྲ་ཕལ་ཆེར་འགག་སྟེ་དཀའ་ངལ་མི་ཆུང་བ་ཞིག་འཕྲད་ཡོད། དེ་མིན་ཆུས་བརྒྱ་ཆ་༩༠་ནུབ་སོང་བའི་བྱང་གི་རྫོང་ཁ་ཤས་ནང་གི་མི་དམངས་རྣམས་འཕྲལ་དུ་གནས་སྤོས་བྱས་ཡོད། ད་ལྟའི་ཆུ་ལོག་འདི་ལོ་བཅུའི་ནང་གི་ཚབས་ཆེ་ཤོས་དེ་ཆགས་ཡོད་ཅིང་རྐྱེན་ངན་འདིའི་ནང་དུ་མི་གྲངས་༣༦༠་ལས་བརྒལ་བ་རྐྱེན་ལམ་དུ་སོང་ཡོད། 
རྟགས། དམར་པོ། ཆུས་ཁྱབ་ཚད།
ནག་པོ། ཁྱབ་སྲིད་པའི་སྔོན་དཔག
དཀར་པོ། འགོག་སྲུང་བྱས་ཁག
Map

2011/10/27

དྷི་ཝ་ལི། Diwali, Dīpāvalī

དྷི་ཝ་ལིའི་ (Dīpāvalī) དུས་ཆེན་ངོ་སྤྲོད།

དེ་རིང་དུས་ཆེན་འདི་སྲུང་བརྩི་ཞུ་བཞིན་པ་དང་སྟབས་བསྟུན་ཏེ་ངོ་སྤྲོད་ཅུང་འབྲི་འདོད་སོང་། དཱི་པཱ་ཝ་ལི་(Dīpāvalī)འམ་དི་ཝ་ལི་སྟེ་མར་མེའི་ཕྲེང་བ་ཞེས་གྲགས་པ་འདི། ཧིན་དུའི་སྒྲོན་མེའི་དུས་ཆེན་ཞིག་ཡིན། མ་ཟད་རྒྱ་གར་གྱི་ཆོས་ལུགས་གཞན་དག་སྟེ་ཇཻན་སྟེ་གཅེར་བུ་པའི་ཆོས་ལུགས་དང་། པུན་ཇབ་སིཀ་ཀྱི་ཆོས་ལུགས་ནང་དུའང་རྣམ་པ་མི་འདྲ་བའི་སྒོ་ནས་བརྩི་སྲུང་ཞུ་བཞིན་ཡོད་ལ། མ་ཟད་སྤྱི་ཚོགས་ཀྱི་ཤུགས་རྐྱེན་འོག་བལ་པོ་ནེ་བལ་སངས་རྒྱས་པའི་རིང་ལུགས་འཛིན་པ་ཚོས་ཀྱང་སྲུང་བརྩི་བྱེད། དུས་ཆེན་འདིས་ནི་ཆོས་མིན་ལས་ཆོས་རྣམ་པར་རྒྱལ་བ་དང༌། མུན་པ་ལས་འོད་རྒྱལ་བ། སྡིག་པ་ལས་དགེ་བ་རྒྱལ་བ། མ་རིག་པ་ལས་ཤེས་རབ་རྣམ་པར་རྒྱལ་བ་བཅས་མཚོན་གྱི་ཡོད། དུས་ཚིགས་ནི་ཧིནྡུའི་ཨ་མཱནྟ་ལུགས་ཀྱི་ཟླ་ཐོ་ལྟར་ཨ་ཤྭིན་དང་ཀཱརྟིཀ་ཟླ་བའི་ནང་སྟེ། ཕྱི་ཟླ་དགུ་པའི་དཀྱིལ་ཙམ་ནས་བཅུ་གཅིག་པའི་དཀྱིལ་བར་བརྩི་སྲུང་ཞུ་ཡི་ཡོད། དུས་ཆེན་གྱི་རྟེན་འབྲེལ་འདི་ཕལ་ཆེར་ཉིན་ལྔའམ་དྲུག་གི་རིང་ལ་གཏོང་གི་ཡོད། སྤྱིར་དུས་ཆེན་འདི་རྒྱ་གར་ཙམ་མིན་པར་སིང་གྷ་པུར་ལ་སོགས་པའི་ལྷོ་ཨེ་ཤའི་མངའ་ཁུལ་གྱི་ཡུལ་གྲུ་མི་ཉུང་བ་ཞིག་གིས་དུས་ཆེན་འདི་སྲུང་བརྩི་ཞུ་སྲོལ་ཡོད།

དུས་ཆེན་གྱི་ལོ་རྒྱུས་ནས་ཅུད་ཟད་བཤད་ན།

རྒྱ་ཆེ་བའི་གནའ་བོའི་ཧིན་དྷུའི་གསུང་རབས་གྱི་མཁའ་དབྱིངས་ན་གྲངས་མང་བའི་ལོ་རྒྱུས་ཀྱི་རྣམ་གྲངས་སྐར་ཚོགས་ལས་ཆེས་མང་བ་ཡོད་པ་དག་ལས། ལྷ་སྲས་རཱ་མ་ཡ་ཎ་(Ramayana)དཔའ་ཞིང་རྟུལ་ཕོད་པའི་སྙིང་སྟོབས་དང་། ངོ་མཚར་ཞིང་ཉན་སྤྲོ་བའི་རྫུ་འཕྲུལ་གྱི་བཀོད་པ་དུ་མས་རཱ་ཝ་ཎ་(Rāvaṇa)་ལ་སོགས་པའི་བདུད་སྲིན་མཐའ་དག་རྣམ་པ་ཀུན་ཏུ་ཕམ་པར་བྱས་ཏེ་འཇིགས་མེད་གཡུལ་ལས་རྣམ་པར་རྒྱལ་བའི་རུ་དར་མཁའ་རུ་བསྙེགས་ཏེ། རང་གི་རྒྱལ་ས་ཨ་ཡོ་དྷྱ་(Ayodhya)་རུ་ཆུང་མ་སཱི་ཏཱ་(Sītā)་དང་སྤུན་མཆེད་ལཀྵ་མ་ཎ་(Lakṣmaṇa)་དང་བཅས་པ་ཕྱིར་ཕེབས་པའི་བཀྲ་ཤིས་པའི་དགའ་སྟོན་ཞུས་པའི་དུས་སྟོན་ཞིག་ཡིན་འདུག་ལ། གཞན་ཡང་ནོར་གྱི་ལྷ་མོ་དཔལ་ཆེན་མོ་(Lakṣmī)་དང་མགོན་པོ་ཚོགས་བདག་དེ་བཞིན་ཤེས་རབ་ཀྱི་ལྷ་དང་གནོད་པ་བཟློག་པའི་ལྷ། ཡང་ཁྱབ་འཇུག་དང་། ནག་པོ་ཀྲྀཥྞ། ལྷ་མོ་དུརྒཱ། དབང་ཕྲུག། ཀཱ་ལཱི་ནག་མོ། ཧ་ནུ་མཱན། ནོར་ལྷ་ཀུ་ཝེ་ར། འཆི་བདག་གཤིན་རྗེ། ལྷ་མོ་ཡ་མི་ནཱ། སྨན་གྱི་ལྷ་དྷན་ཝན་ཏ་རི། བཟོ་བོའི་ལྷ་བི་ཤྭ་ཀརྨཱ་སོགས་ཀྱང་དུས་སྟོན་འདི་དང་འབྲེལ་བ་ཡོད་པར་བརྩི།
སྤྱིར་དུས་ཆེན་འདི་ནི་ཉིན་གྲངས་ལྔ་ཐམ་པ་བརྩི་གི་ཡོད་ལ་ཉིན་རེ་རེ་ལའང་གལ་འགངས་ཆེ་བའི་ལོ་རྒྱུས་དང་མཚོན་དོན་ཆེན་པོ་ཡོད་འདུག ༡། ཉིན་དང་པོར་དྷན་ཝན་ཏ་རི་་ཏྲ་ཡོ་ད་སི་འམ་དྷན་དྷེ་ར་སིས་ (Dhanvantari Trayodasi Or Dhanteras) ཟེར་ཞིང་ཁྱབ་འཇུག་གི་འཇུག་པ་གཅིག་དང་སྨན་གྱི་ལྷ་ཞིག་གི་དུས་ཆེན་ཡིན། ༢། ཉིན་གཉིས་པར་ན་ར་ཀ་ཆ་ཏུ་དྷ་སི་ (Naraka Chaturdashi) ཟེར་ཞིང་རྒྱལ་གར་ལོ་ཐོའི་ནང་གི་ཀར་ཐིག་ཟླ་བའི་ཚེས་ ༡༤ ལ་རེད། ཉིན་འདིར་ལྷ་ཆེན་ནག་པོ་ཆེན་པོས་ས་ཡི་ལྷ་མོའི་བུ་བདུད་འདྲེ་ན་རག་ཀ་སུར་ཆམ་ལ་ཕབ་སྟེ་འཛམ་གླིང་འཇིག་པ་ལས་ཐར་བར་མཛད་པའི་ཉིན་ཡིན་ཟེར། ༣། ཉིན་གསུམ་པ་ནི་དངོས་འབྲེལ་གྱི་དྷི་ཝ་ལི་ཡིན་ལ་ཉིན་འདིར་ཡུམ་ཆེན་ལྷ་མོ་དཔལ་ཆེན་མོའམ་ལཀྵི་མི་ (Lakshmi) ལ་མཆོད་བསྟོད་ཀྱི་ཆོ་ག་བྱེད་སྲོལ་ཡོད། ༤། ཉིན་བཞི་པར་གྷོ་ཝར་དྷན་ (Govardhan) ཏེ་འབྲུ་རིགས་སྤུངས་པའི་དུས་ཆེན་ཞེས་ལྷ་ཆེན་ནག་པོ་ཆེན་པོས་ལྷ་མ་ཡིན་གྱི་རྒྱལ་པོ་རབ་ཏུ་ཕམ་པར་མཛད་པའི་དུས་ཆེན་ཡིན་འདུག ༥། ཉིན་ལྔ་པར་བྷཽ་བཻ་ཇ་ (Bhau-Beej) ཞེས་སོ་སོའི་སྲིང་མོར་གཅེས་སྐྱོང་གི་ཉིན་མོའི་དུས་ཆེན་ཡིན་འདུག དེ་མིན་སིག་དང་རྗེན་གྱི་དྷི་ཝ་ལི་ཡང་ཡོད་པ་སྟེ། སིག་གི་བླ་ཆེན་དྲུག་པ་གུ་རུ་ཧར་གྷོ་བྷིནྜ་མཆོག་ལ་སིག་མི་དམངས་ཀྱིས་འཆི་མི་ནུས་པའི་དད་འདུན་དམ་པོར་བཅངས་ཏེ། གྷུ་ཝ་ལི་ཡོར་གྲོང་གི་བཙོན་ཁང་ནས་སླར་ཡང་ཕེབས་རྒྱུ་ངང་སྒུག་གི་འབྲས་བུ་མངོན་དུ་གྱུར་སོང་པའི་དུས་ཆེན་ཡིན་རབས། དེ་བཞིན་དུ་རྗེན་གྱི་སྟོན་པ་མཱ་ཧ་ཝི་ར་མཆོག་ཆོས་ཀྱི་གོ་འཕང་ཐོབ་སྟེ་རྗེན་གྱི་ཆོས་ལུགས་གསར་དུ་དབུ་བརྙེས་པའི་དུས་ཆེན་སྲུང་བརྩི་ཞུ་གི་ཡོད་འདུག །

དུས་ཆེན་གྱི་བྱེད་སྒོ།

གཙོ་ཆེ་བ་ནི་ས་གནས་འདིར་མཚོན་ན་གྲོང་པ་ཁྱིམ་མཚེས་དབར་ཕན་ཚུན་མངར་ཟས་སྐྱེས་སུ་འབུལ་རེས་དང་དུས་ཆེན་གྱི་འཚམས་འདྲི་ཞུ་སྲོལ་འདུག །དགོང་མོར་དེང་རབས་ཀྱི་ལུགས་སྲོལ་ལྟར་ཤོག་སྦག་ཁ་མིན་སྣ་མིན་སྦར་གི་ཡོད་པ་ཤོད་ཅི་ལ་དགོས། དེ་མིན་སྒོ་མདུན་ན་རྡུལ་མཚོན་གྱི་རི་མོ་བཀོད་པ་དང་ཁང་པ་མེ་ཏོག་གི་ཕྲེང་བས་བརྒྱན་པ་སོགས་གྲྭ་གང་རྒྱས་འདུག །

2011/10/25

ཀྲུང་གོའི་མི་དམངས་ཀྱི་མིག་སྔར་འགྲོ་བ་མི།

སྐྱི་གཡའ་བའི་བརྙན་ཐག
གཟིགས་དང་ཀྲུང་གོའི་མི་དམངས་ཀྱི་མིག་སྔར་འགྲོ་བ་མི་ནི་སྲང་ལམ་གྱི་སྤྲང་ཁྱི་ཞིག་དང་ཁྱད་པར་མེད་པ་བརྙན་ཕབ་འདིས་ར་སྤྲོད་བྱས་འདུག ཁ་ལོ་བ་ཁྲམ་པ་འདིས་མི་བརྫིས་པར་གད་སྙིག་བརྫིས་པའི་མཐོང་ཡང་མི་འདུག་ལ། དེ་བས་ཡར་མར་གྱི་ལམ་འགྲོ་བ་དག་གི་མིག་ལམ་དུ་ཕྱི་རྒྱལ་བའི་སྲང་ལམ་ལ་ཤོག་འཛར་ཞིག་ལྷུང་བའི་མཐོང་ཡང་མི་འདུག ཀྱེེ་མ། རྗེ་མི་ལས་“སྤྱིར་དལ་འབྱོར་མི་ལུས་ཐོབ་དཀའ་ཡང་། །མི་ཁྱེད་འདྲ་མཐོང་ན་དཀའ་རྒྱུ་མེད།” ཅེས་པའི་སྡོམ་ཚིག་འདི་ཁྱི་ར་བ་མགོན་པོ་རྗེ་ལ་མི་ཤེས་ཏེ་“སྤྱིར་དལ་འབྱོར་མི་ལུས་ཐོབ་དཀའ་ཡང་། །རྒྱ་ཀྲུང་གོ་འདྲ་ན་དཀའ་རྒྱུ་མེད།” ཅེས་སྦྱར་བཞག་ན་ཏག་ཏག་རེད།

ང་ཚོས་ནམ་རྒྱུན་བོད་རིགས་ལ་སེམས་ཤུགས་མི་འདུག ལྷག་བསམ་མི་འདུག སྒེར་སེམས་ཆེ་འདུག སོགས་ཀྱིས་བཤེ་བཞིན་ཡོད་མོད་འདི་དག་ནི་“ནད་མཁྲིས་པའི་སྨན་ལ་མངར་མོ་མེད། ཤ་ཚ་བའི་གཏམ་ལ་སྙན་པོ་མེད།” ཅེས་པ་ལྟར་ཕྱོགས་འགའ་ཞིག་གི་མ་ལྡང་ས་དང་། ཞན་ཆ་བཙལ་ཏེ་སྤྱོས་བཞག་པ་ཙམ་ལས་དོན་དངོས་ཐོག་ང་ཚོའི་མི་རིགས་ལ་རང་བཞིན་ལྷན་སྐྱེས་ཀྱི་གསེར་དང་འདྲ་བའི་རིན་ཐང་ཞིག་གབ་ནས་ཡོད་པའི་འོད་མདངས་དག་ནི།  དེ་ལོ་རྒྱལ་ས་ལྷ་ས་ནས་ནམ་མཁར་ཁྱབ་སོང་ལ། ད་ལོ་མདོ་ཁམས་ཀྱི་ཡུལ་གྲུ་ནས་རབ་ཏུ་འཚེར་སོང་ཨང་། ཁོང་ཚོས་མི་ལུས་འགངས་ཆེན་ཡིན་པ་དང་། འཚོ་བ་བདེ་སྐྱིད་ཡིན་པ་མ་ཤེས་པ་མིན་ལ། ཁུ་སིམ་ན་དཀའ་རྙོག་མེད་པ་དང་། ཕར་རྒོལ་སྲོག་ན་ཉེན་ཡོད་པ། མེར་བསྲེགས་ན་གསོན་ཐབས་མེད་པ་མ་མཁྱེད་པ་དེ་བས་ག་ལ་ཡིན། 
འོན་ཀྱང་ང་དང་ང་ཚོ་ས་དྲུག་གི་སྤུན་ཟླ་ཚོའི་སླད་དུ། ལུས་བླ་སྲོག་གསུམ་མཆོད་མེ་རུ་སྦར་ཏེ་གངས་ཅན་བའི་མུན་ཁུང་གི་དུས་རབས་ཀྱི་འདི་བསལ་ན་དགོངས་པ་རེད། འཆི་ནད་ཀྱིས་གཟེར་བའི་སྐད་དང་རིག་གཞུང་ལ་སྲོག་དབུགས་ཐེངས་ཤིག་ཕུལ་ན་བསམ་པ་རེད། ཆེས་ངོ་མཚར་ཞིང་གཟི་བརྗིད་ཆེ་བའི་མཛད་སྤྱོད་འདི་དག་དྲི་མེད་ཀུན་ལྡན་གྱི་གནའ་སྒྲུང་སོགས་ན་སྦྲང་རྩི་བཞིན་དུ་འཁྱིལ་ནས་ཡོད་མོད། དངོས་ཡོད་ཀྱི་འཇིག་རྟེན་ཟླུམ་པོ་འདིར་མངོན་སུམ་མིག་སྔོན་གྱི་དགའ་སྟོན་དུ་འབུལ་མཁན་ནི་ཁྱེད་ཅག་ཁོ་ན་རེད། 
ངས་རྒྱུ་མཚན་འདི་དག་བཤད་དེ་“སྤྱན་རས་གཟིགས་ལ་མ་ཎིའི་ལུང་”ཕུལ་འདོད་པ་མིན་ཡང་། ང་ཚོའི་དཔའ་རྟུལ་ཚོས་རང་རིགས་ཀྱི་ཆེད་དུ་ལུས་སྲོག་ཡོངས་སུ་གཏོང་ཕོད་ལ་རྒྱ་མི་ཚོས་ལམ་སྟེང་ན་བརྫིས་ཡོད་པའི་བྱིས་པ་ཁེར་མ་ཞིག་བསྐྱབས་མི་ནུས་པའི་གནད་འགག་གང་ལ་ཐུགས་སོང་བ་རེད། ངས་བསམ་བཞིན་བསམ་བཞིན་རང་རིགས་ལ་དུང་ཞེན་དང་། སྤོབས་པའི་ཚེ་སྲོག་ལ་གསོན་ཤུགས་ཀྱི་འོད་མདངས་འཕར་མ་ཞིག་གིས་འཁྱུད་དེ་སོང་།

འཁྲབ་མི་ཤེས་པའི་ང་།

ཁོ་བོ་ཆུང་དུས་རྒན་རབས་པ་དག་གིས་“མི་རྒྱུས་ཡོད་དེ་སྡུག་ཟོག་རྒྱུས་ཡོད་དེ་བཟང་”ཟེར་བའི་གནའ་གཏམ་ཞིག་རྒྱུན་དུ་དྲངས་པ་ད་རུང་དྲན་སོས་ཀྱི་འདུག ངོ་མ་ཡིན་སྐད་ཆ་དེའི་ལྕི་ཚད་ལ་བཤད་ན་རྒྱ་མ་༡༠༠་ཐམ་པ་ཡོད་ཐག་ཆོད་རེད། གལ་ཏེ་མི་ལ་རྒྱུས་ཤོར་སོང་བ་ནི་རྒྱལ་མཚམས་ཀྱི་ས་ཐིག་འཆུགས་པ་ལྟར་ང་ཚོའི་གོམ་པ་གང་གི་རང་ས་ཤོར་ཚར་བ་སྟེ་གོམ་སྟབས་གཉིས་པར་“སྤྲང་པོས་ཁྱི་རྒྱུས་ལོན་ན་བེར་ག་ཀླད་ལ་འཕྱར་”ལུགས་འདི་ཕར་ཆེར་འབྱུང་གི་ཡོད་ཨང་། 
དེས་ན་ང་ཚོས་རྒྱུན་དུ་སྦམ་རྫུ་དགོས་ལ་ཆེ་འགྱིང་དགོས། ཡོད་མདོག་གི་ལྷ་སྒྲུང་བཤད་དགོས་ལ། མེད་མདོག་གི་འདྲེ་སྒྲུང་ཀྱང་བཤད་དགོས་པ་རེད། གང་ཟག་ཁག་གཅིག་ལ་མཚོན་སོང་ན་གོམས་གཤིག་འདི་དག་རང་བཞིན་ལྷན་སྐྱེས་སུ་གྲུབ་ཅིང་བྱ་བྱེད་ལ་ངང་གིས་འཇུག་འགྲོ་མོད། ཁོ་བོར་ལས་ཀ་འདིའི་རིགས་འབག་མགོ་འཐུག་པོ་ཞིག་གྱོན་ནས་ཁྲོམ་སར་འགྲོ་དགོས་པ་དང་གཅིག་མཚུངས་ཡིན་སྟབས། བརྒྱ་ཡིས་མཐོང་ཆུང་བྱས་ཀྱང་རུང་ལ། སྟོང་གི་བརྙས་བཅོས་བྱས་ཀྱང་ཆོག ཁྲ་ཁྲ་ཟིང་ཟིང་གི་སྤྱི་ཚོགས་རྙོག་པོའི་གར་སྟེགས་ཐོག་ཡ་མ་ཟུང་གི་ཟློས་གར་འདི་དག་ངས་ཁྱོན་ནས་འཁྲབ་མི་ཤེས་ལ། བརྒྱ་ལ་འཁྲབ་འདོད་ཀྱང་འཇོན་ཐང་དེ་མེད་པར་རང་ཐག་རང་གིས་ཆོད་སོང་བས། རྒྱུན་དུ་རང་མདོག་སྐྱ་མོ་དེ་སྟོན་ཅིང་སྤྱི་ཚོགས་ཀྱི་འདམ་རྫབ་གཤོག་གིན་ཡོད་ལ། ངོ་ཤ་རྗེན་པ་འདི་བསྟན་ནས་སྤྱི་ཚོགས་ཀྱི་སྦྲང་ཚང་བསྔོགས་དགོས་སོང་།
ཆོས་ཕྱོགས་ནས་བཤད་ན་འཇིག་རྟེན་འདིའི་བདེ་སྡུག་ཐམས་ཅད་སྔར་བསགས་ལས་ལ་རག་ལུས་འདུག་པས་ད་ལྟའི་དཀའ་རྙོག་ག་ཚོད་ཡོད་ཀྱང་མ་མཐར། སྐྱེ་བ་སྔོན་མའི་ལེ་ལན་འཇལ་ཐུབ་སོང་བའི་ལས་འགན་གཅིག་འགྲུབས་སོང་བར་བརྩིས་ཏེ་“བསམ་བློའི་གུ་ཡང་”ཞིག་འཚོལ་ཐུབ་ཀྱི་ཡོད་ཚོད་འདུག་ཀྱང་། དྲང་མོར་བཤད་ན་ངས་དེ་ཡང་ཚུལ་བཞིན་དུ་བསྒྲུབ་དཀའ་འདུག
འོ་ན་ཁྱོད་ལ་ཐབས་ཤེས་ཤིག་མེད་དམ་ཟེར་ན་ང་ལ་གསེར་རྡོག་ལྟ་བུའི་འགངས་ཆེན་ཞིག་དང་། མེ་ཏོག་ལྟ་བའི་མཛེས་སྡུག་ཅིག་བསྟན་རྒྱུ་མེད་ཀྱང་། ངས་རྒྱུན་དུ་མི་དེ་ཚོའི་རིགས་ལ་གལ་ཏེ་ང་མིན་གཞན་ཞིག་དང་ཐུག་ན་“ནར་ནར་ལྕེ་ལ་བདག་པོ་མ་བརྒྱབ་ཏེ། །རིལ་རིལ་དབུ་ལ་འོ་བརྒྱལ་ཉོ་མཁན་”གྱི་བྱབ་ཆུང་ཞིག་རེད་འདུག་ཨ་བསམ་ནས་བློ་ལྷོད་ལ་འབབ་ཐབས་བྱེད་ཀྱི་ཡོད། 
དྲང་མོར་བཤད་ན་ཐབས་ལམ་འདི་ནི་རང་སེམས་གསོ་བྱེད་ཙམ་ལས་ཕ་རོལ་པོར་རྒོལ་ལན་སློག་པའི་ནུས་པ་མེད་ཅིང་ད་རུང་བག་འཁུམ་གྱི་རང་བཞིན་གང་ཆེ་ཡོད་མོད། མཁྲིས་པའི་ནད་ལ་དོམ་མཁྲིས་དང་། ཚ་བའི་ནད་ལ་བོང་ང་བྲིན་པ་བཞིན་ང་ལ་སྨན་པའི་བསམ་པའི་འཁྱེར་སོ་འདི་ཉིད་ལས་ལྷག་པ་མི་འདུག

2011/10/23

གྱེན་ལོག་པ་དམར་བསད།

༢༠༡༡། ༡༠། ༢༢།
ཊུར་ཀའི་གྱེན་ལོག་པ་ ༤༩ དམར་གསོད་བཏང་བ།
ཨི་རན་རྒྱལ་མཚམས་ཉེ་ས་ཞིག་ཏུ་ཊུར་ཀའི་དྲག་པོའི་དཔུང་སྡེ་དང་ཀུར་ཌེའི་(ཨི་རན་གྱི་མི་རིགས་)དྲག་པོའི་གྱེན་པ་གདོང་ཐུག་བྱུང་སྟེ་ཉིན་གཉིས་རིང་གཡུལ་བཀྱེས་དེ་ཉུར་མཐར་གྱེན་ལོག་པ་༤༩་བསད་ཡོད་ཚུལ་གཞུང་གི་དཔུང་སྡེས་འགྲེལ་བརྗོད་བྱས་ཡོད། །གྱེན་ལོག་པ་དག་ཊུར་ཀེའི་མངའ་སྡེ་ཧག་ཀར་རིའི་ཀ་རྫེན་རྫོང་གི་ཁུལ་དུ་བསད་ཡོད་ཀྱང་། ཁོང་ཅག་གང་ཞིག་ཏུ་གནས་འཆའ་བཞིན་པ་ད་རུང་གསལ་རྟོགས་བྱུང་མེད།
ཨི་རགྑེའི་རྒྱལ་མཚམས་ཉེ་ས་ཞིག་ཏུ་ཉིན་གཅིག་རང་ལ་ཊུར་ཀའི་དམག་མི་ཉེར་བཞིའི་སྲོག་ཤོར་བ་འདི་ནི་༡༩༩༠་ཙམ་ནས་ཉིན་གཅིག་གི་དམག་མི་ཤི་གྲངས་མང་ཤོས་དེ་ཆགས་ཡོད་ཅིང་དེ་འཕྲལ་རེས་གཟའ་ལྷག་པའི་ཉིན་ཊུར་ཀེའི་དཔུང་སྡེས་གྱེན་ལོག་པར་ཕར་རྒོག་ཚ་ནན་བྱས་ཡོད་འདུག
ད་ཆ་ཐ་མའི་དྲག་སྤྱོད་དེ་ཀུ་ཀུར་རའི་གྲོང་བརྡལ་དུ་བྱུང་ཡོད་ལ་གཞུང་གི་དྲ་རྒྱ་ལས་'“ཉིན་གཉིས་རིང་འཇིགས་སྐུལ་པ་༤༩ རྩ་མེད་བཏང་ཡོད་ཅེས་དང་། དུ་རུང་མུ་མཐུད་དེ་བྱ་ཐབས་སྤེལ་གྱི་ཡིན་'”ཞེས་བཤད་ཡོད་འདུག་ལ་ཡང་། “དཔུང་སྡེ་༢༢་སམ་དམག་མི་༡༠༠༠༠་ཐམ་པས་གྱེན་ལོག་པར་འགོག་རྒོལ་གྱི་ལས་འགན་སྒྲུབ་ཀྱིན་ཡོད་”ཅེས་ཨན་ཀ་རར་བཤད་ཡོད། །
སྤྱིར་གྱེན་ལོག་པ་དག་གིས་བོད་དང་འདྲ་བར་ཚད་མཐོའི་རང་སྲིད་རང་སྐྱོང་རྩོད་གི་ཡོད་ཀྱང་མི་འདྲ་ས་ནི་ཐབས་ལམ་ཞི་བ་དང་དྲག་པོ་གཉིས་ཀྱི་ཁྱད་པར་ལ་ཐུག་ཡོད། ཁོང་ཚོས་རང་སྲོང་བློས་བཏང་གིས་གཡུལ་བཀྱེས་ཏེ་རང་བཙན་ལེན་འདོད་པ་དང་། ང་ཚོས་བདེན་དོན་བཤད་དེ་རང་སྲིད་རང་སྐྱོང་ལེན་འདོད་པ་རེད། འོན་ཀྱང་ཤ་ཁྲག་གི་འགྲོ་སྒོ་གང་མང་ཞིག་གཏོང་དགོས་པ་ལ་གཅིག་ཏུ་མཚུངས་ཤིང་བདེན་པ་མངོན་དུ་འགྱུར་དཀའ་བ་ལ་དེ་བས་མཚུངས་ཡོད་པར་འདོད། ད་བར་སྤྱི་༡༩༨༤་ལོ་ནས་བཟུང་འཁྲུག་འཛིང་གི་ཁྲོད་དུ་མི་ཁྲི་ཙམ་རྐྱེན་འདས་སུ་སོང་ཡོད་འདུག་རེས་གཟའ་པ་སངས་ཉིན་མོར་ཨི་རན་དང་ཊུར་ཀས་མཉམ་འབྲེལ་ཐོག་ཁ་བྲལ་རིང་ལུགས་པ་དག་རྩ་གཏོར་གཏང་རྒྱུའི་གྲོས་ཆོད་དམ་བཅའ་བཞག་ཡོད་འདུག ཀུར་ཌི་དྲག་སྤྱོད་པའི་དཀའ་རྙོག་ནི་ང་ཚོ་ཨི་རན་དང་ཊུར་ཀེའི་"ཐུན་མོང་གི་རེད་''ཅེས་ཨི་རན་ཕྱི་སྲིད་བློན་ཆེན་ཨ་ལི་ཨག་བྷར་ས་ལེ་ཧིས་གསུངས་ཡོད་འདུག །

ཀ་རོ་ཞེས་པའི་སྐད་རིགས་ཤིག་གསར་རྙེད།

རྒྱང་རིང་མཐའ་མཚམས་ནས་རི་བྲག་པའི་སྐད་རིགས་ཀ་རོ་ཟེར་བ་ཞིག་གསར་དུ་རྙེད་དེ་ཡུལ་སྐད་དེ་ཉིད་ནག་ཁུང་གི་གྲངས་སུ་བཞག་པ། ཕར་ཆེར་ཡིག་གེ་མེད་རྐྱེན་སྦྱོང་དཀའ་སྟབས་མིང་དེ་ལྟར་བཏགས་པ་འདྲ།

བརྙན་ཕབ་ལ་གཟིགས། 

རྒྱ་གར་བྱང་ཤར་མཐའ་མཚམས་ཀྱི་རི་སུལ་ནས་རི་བྲག་པའི་སྐད་རིགས་ཀ་རོ་ཟེར་བ་ཞིག་གསར་དུ་རྙེད་རྗེས་དེ་ནི་སྦྱང་དཀའ་བའི་སྐད་རིགས་ནག་ཁུང་རང་རྐྱ་བ་ཞིག་ཡིན་པ་སྐད་རིགས་ཁྱད་མཁས་དག་གིས་གཏན་ལ་ཕབ་ཏེ་གསལ་བསྒྲགས་བྱས་ཡོད། ། ཀ་རོའི་ཡུལ་སྐད་ནི་བོད་དང་བྷར་མའི་སྐད་གཉིས་འདུས་པ་ལས་གྲུབ་ཀྱང་སྐད་རིགས་རང་རྐྱ་བ་ཞིག་སྟེ། བོད་དང་བྷར་མའི་སྐད་རིགས་༤༠༠་ཙམ་གྱི་ནང་གི་༡༥༠་ཙམ་དེང་སང་རྒྱ་མཐའ་མཚམས་ཧི་མ་ལ་ཡའི་རི་སུལ་ནས་ཤབ་ཤུབ་ཏུ་སྨྲ་བཞིན་པ་དག་ལས་ཐ་དད་ཡིན་པ་སྐད་རིགས་ཁྱད་མཁས་པདག་གིས་ར་སྤྲོད་བྱུང་ཚུལ་གསུངས་ཡོད། །
སྐད་རིགས་ཁྱད་མཁས་པས་ས་ཁུལ་དེ་ཤེད་ཀྱི་རྫོང་ཆུང་ངུ་ཞིག་གི་ནང་དུ་ཨ་ཀ་དང་མི་ཇི་ཟེར་བའི་སྐད་རིགས་ཐེབས་ཆག་གཉིས་ཀྱི་གདངས་ལ་ཞིབ་བསྡུར་བྱས་ཏེ་ཀ་རོ་ནི་སྐད་རིགས་གསུམ་པ་ཞིག་ཡིན་པར་ཐག་བཅད་ཡོད་པ་དང་། ད་རུང་ཀ་རོ་"ནི་གཏན་འབེབས་མ་བྱུང་བ་དང་། ཟིན་ཐོར་མ་འཁོད་པ། ཐ་ན་ངོས་འཛིན་མ་ཐུབ་པར་ལྷག་ཡོད་པའི་སྐད་རིགས་ཤིག་ཡིན་པ་ག་རེ་གྷོ་རེས་་ཨན་ཌར་སོན་གྱིས་གསུངས་ཡོད།
ད་བར་ཡུལ་སྐད་འདི་འཚོ་བཞིན་ཡོད་ཀྱང་། ཡིད་ཕངས་བ་ཞིག་ལ་ཀ་རོ་སྨྲ་མཁན་གྱི་མི་འབོར་༨༠༠་ཙམ་ལས་མེད་ཅིང་དེ་དག་ཀྱང་ཕལ་མོ་ཆེ་ལོ་ན་༢༠་བརྒལ་ཟིན་པ་དང་གཅིག སྐད་རིགས་འདིར་ཡི་གེ་མེད་པ་དང་རྒྱུ་རྐྱེན་གཉིས་ལ་བརྟེན་ཏེ་འཇིགས་ཉེན་ཧ་ཅང་ཆེ་བའི་གནས་སུ་ལྷུང་ཡོད། དེས་ན་ང་ཚོ་གངས་ཅན་པའི་ཕ་སྐད་འདི་ཡང་ཀྲུང་གོ་ཚང་གིས་འདི་ལྟ་བུ་ཞིག་བཟོ་དགོས་བསམ་ནས་བསྒུགས་ཏེ་ཡོད་ན་རྒྱ་མིའི་རེ་སྒུག་དེ་ནམ་ཡང་ང་ཚོས་འགྲུབ་ཏུ་བཅུག་མི་རུང་། གངས་ཅན་པ་དག །

2011/10/22

མ་ཡུམ་ཊེ་རི་ས།

MOTHER TERESA“ང་ཚོས་གཏན་གཏན་རང་ཉིད་ལས་གཞན་ཞིག་གི་བཀྲེས་སྐོམ་གྱི་དཀའ་སྡུག་དག་གང་འདྲ་ཡིན་པ་མྱོང་ཚོར་མི་ཐུབ་པ་ངས་ཤེས་ཀྱི་ཡོད། ཡིན་ནའང་ངས་ཉིན་ཞིག་ཉམ་ཐག་པའི་བྱིས་པ་ཆུང་ངུ་ཞིག་ལས་མྱོང་ཚོར་ངེས་ཅན་ཞིག་བྱུང་བ་སྟེ། སྲང་ལམ་དུ་ངས་བྱིས་པ་ཆུང་ངུ་ཞིག་མཐོང་ཞིང་སྐད་ཆ་དྲིས་མ་དགོས་པར་བྱིས་པའི་ངོ་གདོང་ལས་བརྗོད་དཀའ་བའི་བཀྲེས་སྐོམ་གྱི་སྡུག་བསྔལ་ཅི་འདྲའི་ཆེ་བ་མཐོང་ཐུབ་སོང་། ངས་བྱིས་པར་བག་ལེབ་དུམ་བུ་ཞིག་བྱིན་ཡང་བྱིས་པས་བག་ལེབ་དེའི་ཆག་གྲུམ་ཞིབ་མོ་དག་ཟ་ཞིང་འདུག་པ་མཐོང་། ངས་དེ་འཕྲལ་'བག་ལེབ་ཟོ་ཤིག་'བྱས་པར་བྱིས་པས་ང་ལ་ཚུར་བལྟས་ཏེ་'ང་སྐྲག་གི་འདུག གང་ཡིན་ཟེར་བག་ལེག་ཟད་འགྲོ་བསམ་སྟེ། གལ་ཏེ་བག་ལེབ་རྫོགས་སོང་ན་ང་སླར་ཡང་བཀྲེས་སྐམ་གྱི་གནས་སུ་ལྷུང་འགྲོ་བས་ན།'” 
━━ མ་ཡུམ་ཊེ་རེ་སས། །

None of us, I am sure, knows what is the pain of hunger, but one day I learned it from a little child. I found the child in the street and I saw in her face that terrible hunger that I have seen in many eyes. Without questioning her, I gave her a piece of bread, and then I saw that the little child was eating the bread crumb by crumb. And I said to her: 'Eat the bread.' And that little one looked at me and said; 'I am afraid because when the bread is finished, I will be hungry again."

━━━ MOTHER TERESA.