2011/10/11

འདི་ནི་སྨན་ཞིག་རེད།

ལེ་དབར་འབུམ་གྱིས་ཆོད་པའི་ཕ་རོལ་ནས། །
ཆེམ་ཆེམ་འོད་མདངས་མཚེར་བའི་སྐར་ཆེན་ལགས། །
ཧམ་པའི་ལག་རིང་བསྙབས་པར་མ་ཕོད་ཀྱང་། །
འགོག་མེད་མིག་ཟུར་ཤོར་སོང་དགོངས་ཡང་གནོངས། །

དཀར་དམར་མཛེས་པའི་རྒྱ་སེ་མེ་ཏོག་གི། །
ཡུ་བ་དུག་གི་ཚེར་མས་དཀྲིས་གྱུར་ཏེ། །
ལག་ཟུང་གྱ་ཚོམ་རེག་པའི་ནག་ཉེས་སུ། །
སྙིང་ལ་ན་ཟུག་བྱིན་ཡང་བློ་འགྱོད་ཅི། །

2011/10/06

ལྷ་སྐད་དང་མི་སྐད།

ངས་ནམ་རྒྱུན་ནས་བོད་སྐད་འདི་ལྷ་ཡི་སྐད་ཞིག་ལས་མི་ཡི་སྐད་མ་རེད་ཅེས་བཤད་མྱོང་།
ལྷ་ཡི་སྐད་འདིའི་ལམ་ནས་ཐར་པ་དང་ཐམས་ཅད་མཁྱེན་པ། བདེན་གཉིས་དང་སྐུ་གཉིས། ཉན་ཐོས་དང་རང་རྒྱལ། བྱང་སེམས་དང་སངས་རྒྱས། ཀུན་རྫོབ་དང་དོན་དམ། སྣང་ཚུལ་དང་གནས་ལུགས། ཞི་གནས་དང་ལྷག་མཐོང་། དཔྱད་སྒོམ་དང་འཇོག་སྒོམ། བར་ཆད་མེད་ལམ་དང་རྣམ་གྲོལ་ལམ། མདོ་ལུགས་དང་སྔགས་ལུགས་སོགས་བཤད་སྐབས་དོན་འདུས་ལ་ཚིག་གསལ་བ། སྒྲ་གཙང་ལ་སྒྲོས་གཙང་བ། གྲ་རྒྱས་ལ་གྲུ་མ་ཉམ་པའི་སྐད་ཆ་རེ་སེང་གེ་གླལ་བའི་ཟོལ་དང་ཅོ་ག་སྒྲོགས་པའི་དབྱངས་ཀྱིས་བཤད་ཀྱི་འདུག་མོད། འཇིག་རྟེན་མི་སྐད་དེ་རྩིས་རིག་དང་དངོས་ཁམས་རིག་པ། རྫས་འགྱུར་དང་སྐྱེ་དངོས་རིག་པ། གནམ་རིག་དང་ས་གཤིས་རིག་པ་སོགས་བཤད་ཐུབ་རྒྱུ་ཕར་ཞོག་
ཐ་ན་རྐང་གྲུག་རྩེ་མོ་རྩེས་ཚུལ་གྱི་གསར་འགྱུར་ཞིག་འབྲི་དགོས་ཀྱང་ལྷ་སྐད་འདིའི་ལམ་ནས་བཤད་མི་ཐུབ་པའི་བྱུ་བ་བརྒྱ་ལས་དཔེ་མཚོན་གཅིག་སྟེ། དུས་བབ་ལས་“རུ་ཁག་དེ་གཉིས་ཀྱིས་སྤོ་ལོ་གཅིག་ཀྱང་བླུགས་མ་ཐུབ་པར་བརྟེན། མཐར་རྩེད་འགྲན་པ་མི་ལྔ་རེ་བྱས་ཏེ་མི་རེ་རེ་བཞིན་སྤོ་ལོ་བླུགས་སྐབས་གྷོ་ལཱ་ཐཱ་ལཱ་རུ་ཁག་གིས་སྤོ་ལོ་ ༤ བླུགས་ཏེ་ཨང་དང་པོ་ཐོབ་”ཟེར་བའི་རྩོམ་འདི་ཙམ་གྱིས་ཤེས་ཐུབ།
མ་གཞི་ཁག་ཅི་ཞིག་ཡོད་དེ་བོད་ཡིག་གསར་གཏོད་མཛད་པ་པོ་ཡང་ཐོན་མི་སྃ་བྷོ་ཊ་ནི་ལྷ་འཇམ་དཔལ་དབྱངས་མི་རུ་བརྫུས་ཏེ་འཇབས་ནས་ཡོང་བ་ལས་མི་ཞིག་གཏན་ནས་མིན་པས་མི་སྐད་ག་ལ་བཤད།
དེ་མིན་དཔེར་ན་འགྲོ་བ་མི་སྐད་ལྟར་ན་སྤྱིར་བཏང་goal དང་ penalty གཉིས་ལ་ཁྱད་པར་ཆེན་པོ་ཡོད་པ་སྟེ། goal གྱི་གོ་དོན་རྣལ་མ་ནི་དམིགས་ཡུལ་དང་རྩ་དོན་སོགས་ལ་གོ་ཞིང་ཐོག་མར་གཟིགས་མོ་བ་ཚོས་སྐབས་དེར་ཐ་སྙད་གསར་པ་མེད་རྐྱེན་དམིགས་ཡུལ་བསྒྲུབས་སོང་ཞེས་པའི་མིང་ཚིག་གཡར་ཡང་རྗེས་སོར་གཡར་ངན་བདག་འགྱུར་དུ་སོང་བ་གདོན་མི་ཟ། མདོ་དོན་སྒོལ་ནི་དྲྭ་ཁྱིམ་དུ་ཕོ་ལོང་ངམ་རྐང་གྲུག་བཙུད་པའི་དོན་ཡིན།
penalty ནི་ཉེས་ཆད་དེ་དངོས་གཞིའི་དུས་ཡུན་སྐར་མ་དགུ་བཅུའི་ནང་རྩེ་བཞིན་པའི་སྐབས་སུ་ཁ་གཏད་རུ་མི་སུ་རུང་གིས་ཕོ་ལོང་ཁྲིད་དེ་རང་གི་དྲྭ་སྒོ་ཕྱི་མ་དང་ནང་མ་གང་རུང་ནས་ཚུར་རྒོལ་བྱུང་སྐབས། རང་ཕྱོགས་ཀྱིས་ཚུལ་མིན་བརྡབ་བརྡུང་བྱས་ན་སྒོ་བཀག་ཁོ་ན་ལས་གཞན་གྱིས་འགོག་མི་རུང་པར་བླུག་ཆོག་པའི་ཉེས་ཆད་འདི་གཅོད། ཡང་ན་དངོས་གཞིའི་རྩེ་འགྲན་སྐབས་རྒྱལ་ཕམ་ཐག་མ་ཆོད་ན་མཐའ་མའི་ཐག་གཅོད་བྱ་ཆེད་ཉེས་ཆད་བླུག་སྟངས་ལྟར་༼གོང་འཁོད་པར་རིས་ནང་གསལ་ལྟར་༽བླུག་གྲངས་སུ་མང་ལྟ་བའི་སྲོལ་དེར་ penalty ཟེར།
དེས་ན་དུས་བབ་གསར་འགོད་པས་སྤྱིར་བཏང་སྒོལ་དང་། ཉེས་ཆད་སྒོལ། ཐག་གཅོད་སྒོལ་གསུམ་གྱི་དབྱེ་བ་ལྷ་སྐད་འདིའི་ལམ་ནས་བྲིས་ཐུབ་མེད། ང་ཚོས་བོད་སྐད་ནང་བརྡ་ལས་ཐ་སྙད་ཆགས་ཟིན་པའི་(སྒོལ་)དབྱིན་སྐད་སོར་གཞག་དང་། penalty ལ་ཉེས་སྒོལ། ཐག་གཅོད་སྒོལ་གཉིས་ཀྱི་ཐ་སྙད་བྱས་ན་མི་འགྲིགས་པ་མེད་པར་སེམས།

2011/10/02

རྐང་གྲུག football

༄༅། འུ་ཚོའི་མི་ཚེའི་ལོངས་སྤྱོད་ནང་དུ་ཟས་གོས་གཉིས་ཙམ་མ་ཡིན་པའི་འདོད་པའི་ལོངས་སྤྱོད་ཀྱི་རྣམ་གྲངས་ཇི་སྙེད་ཅིག་ཡོད་པ་དག་ལས་ངོ་མཚར་མིག་གི་དགའ་སྟོན་ཏེ། རྐང་རྩེད་པོ་ལོའམ་རྐང་གྲུག་རྩེ་འགྲན་ནི་བལྟས་ན་མིག་ཏུ་སྡུག་ཅིང་རྩེས་ན་ལུས་སྨན་པའི་འཛམ་གླིང་ནང་གི་ཆེས་སྙན་གྲགས་ཆེ་བའི་རྩེད་མོ་ཞིག་ཡིན། དེང་དུས་རྐང་གྲུག་རྩེ་མོའི་ཆེས་ཕུལ་ཏུ་བྱུང་བའི་སྒྱུ་རྩལ་བ་ལེ་ནལ་མེ་སི་ (lionel Messi) ཨར་རྗེན་ཊིན་ནའི་མི།
༡། བྱུང་རབས། 
རྐང་གྲུག་རྩེ་མོའི་བྱུང་རབས་མདོར་ཙམ་བཤད་ན་སྤྱིར་ལོ་ངོ་༣༠༠༠་ཙམ་གྱི་ཡར་སྔོན་ནས་རྒྱ་ནག་དང་། ཉི་ཧོང་། ཨེ་ཊ་ལི། གནའ་བོའི་གྷི་རིག པར་སིག་སོགས་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་རྩེ་སྲོལ་འདི་བྱུང་ཡོད་ཚུལ་སོ་སོའི་ལོ་རྒྱུས་ཀྱི་ཟུར་ཁུག་རེ་རེ་ན་གསལ་ཡོད། དམིགས་བསལ་དུ་གནའ་བོའི་གྷི་རིག་དང་རོ་མན་བཙན་རྒྱལ་རིང་ལུགས་སོགས་ཀྱིས་དྲག་པོ་དམག་གི་སྦྱོང་བརྡར་ལ་རྩེ་མོ་འདི་སྤྱད་མྱངས་ལ་ལྷོ་དབུས་ཨ་རི་ཁུལ་དུ་
ཊི་ལེ་ཆི་(Tlatchi )ཞེས་དུས་སྐབས་ཤིག་ལ་དར་སྲོལ་ཤུགས་ཆེན་བྱུང་ཡོད་པར་སྣང་། 
འོན་ཀྱང་དེང་སང་རྩེ་བཞིན་པའི་རུ་ཁག་རེར་མི་གྲངས་༡༡་དང་རྩེ་དུས་ལག་པས་རེག་མི་ཆོག་ཅིང་གཙོ་ཆེར་རྐང་པས་རྩེ་བའི་སྒྲིག་སྲོལ་ཅན་གྱི་རྩེད་མོ་འདི་ནི་སྤྱི་ལོ་༡༨༦༣་ལོར་དབྱིན་ཡུལ་དུ་གསར་གཏོད་བྱས་ཡོད། སྐབས་དེར་རྩེ་མོ་འདིར་རིགས་མི་འདྲ་བ་གཉིས་གཏན་འབེབས་བྱས་པ་སྟེ་རྐང་པའི་བདེ་རྩལ་དང་རྒྱུག་རྩལ་གཙོ་ཆེ་བའི་རྐང་གྲུག་(Soccer) དང་ལུས་སྟོབས་གཙོ་ཆེར་སྤྱོད་པའི་ཨུར་དུམ་རྩེད་མོ་གཉིས་(Rugby) སུ་གྱེས་ཡོད་པ་ལས་སྐབས་འདིར་རྐང་གྲུག་སྐོར་མདོར་ཙམ་བརྗོད་ན།
ཆེས་ཐོག་མར་གསར་འཛུགས་བྱས་པའི་ལོ་དེ་རང་དུ་འཛམ་གླིང་ཐོག་གི་རྩེ་འགྲན་ཐོག་མ་
རྐང་གྲུག་ཚོགས་ཁག་ (FA CUP) བྱས་ཤིང་ནས་ལོ་ངོ་བརྒྱད་(༡༨༧༡)ཀྱི་རྗེས་སུ་མི་གྲངས་ལྔ་བཅུའི་བར་དུ་འཕར་སྣོན་བྱུང་ཡོད།  

སྤྱི་ལོ་༡༨༧༢་རྒྱལ་ཁབ་ཕན་ཚུན་དབར་གྱི་རྩེ་འགྲན་ཐོག་མ་དེ་དབྱིན་ཇི་དང་སུ་ཁོཊ་ལན་ཌི་གཉིས་ཀྱིས་བྱས། 

 སྐབས་དེའི་འདྲ་པར།
སྐབས་དེའི་རྩེ་ཆས།

                               
                           
སྤྱི་ལོ་༡༨༨༥་ལོར་རྩེད་མོའི་ཁྱད་ལས་པ་དངོས་སུ་སྐྱེད་སྲིང་བྱུང་བ་དང་ཆབས་གཅིག་སྤྱི་ལོ་༡༩༣༠་ལོར་འཛམ་གླིང་རྐང་གྲུག་རྩེད་འགྲན་ཐེངས་དང་པོ་དེ་ཡུ་རུ་གྷས་ཡ་ (
Urugauy)ནང་དངོས་སུ་བཙུགས་ཤིང་སྐབས་དེའི་འགྲན་རྩོད་ནང་རུ་ཁག་བཅུ་གསུམ་ཡོད་པ་དག་ནི་ཨ་རི་ལྷོ་བྱང་དང་། ཡོ་རོབ་མངའ་ཁུལ་ཁོ་ན་ནས་ཡིན། 

ཐེངས་དང་པོའི་རུ་ཁག་གི་ཐོ་གཞུང་།
ཡོ་རོབ། Europe
 Belgium (BEL) བྷེལ་རྗེམ།
 France (FRA) ཧྥ་རན་སི།
 Romania (ROU) རོ་མི་ནི་ཡ།
 Yugoslavia (YUG) ཡོ་གྷོ་སུ་ལ་ཝི་ཡ།

དབུས་བྱང་ཨ་རིNorth and Central America
 Mexico (MEX) མེག་སུ་ཁོ།
 USA (USA) ཨ་རི།

ལྷོ་ཨ་རི། South America
 Argentina (ARG) ཨར་རྗེན་ཊི་ན།
 Bolivia (BOL) བྷོ་ལི་ཝི་ཡ།
 Brazil (BRA) བྷི་ར་རྫིལ།
 Chile (CHI) ཆི་ལེ།
 Paraguay (PAR) ཕ་ར་གྷས་ཡ།
 Peru (PER) ཕེ་རུ།
 Uruguay (URU) ཡུ་རུ་གྷས་ཡ་ཡིན་ལ།
ཐ་མའི་གསེར་གྱི་བུམ་པ་ཡུ་རུ་གྷས་ཡ་ལ་ཐོབ་ཡོད། དུས་དེ་ནས་བཟུང་ད་བར་འཛམ་གླིང་རྐང་གྲུག་རྩེ་འགྲན་ཐེངས་ཉི་ཤུ་ཐམ་པ་བྱས་ཟིན་ཅིང་སྐབས་ཐ་མའི་འགྲན་རྩོད་ཀྱི་གོ་སྒྲིག་ལྷོ་ཨ་ཧྥེ་རི་ཁར་བྱས་ཡོད། ཐེངས་འདིའི་འགྲན་རྩོད་ཁྲོད་གསེར་བུམ་ཡོ་རོབ་རྒྱལ་ཁབ་སུ་པན་(Spain)ལ་ཐོབ་ཡོད།
                         སུ་པན་རུ་ཁག


                             
                    སྐབས་འདིའི་རྩེ་འགྲན་རུ་ཁག་ས་ཁྲ་ནང་དུ་གསལ།

སྤྱིར་རྐང་གྲུག་རྩེ་མོ་དར་སྲོལ་ཆེ་ཤོས་ནི་ལ་ཊིན་ཨ་རི་སྟེ་ལྷོ་ཨ་རི་དང་ཡོ་རོབ་ཁུལ་དག་ཡིན་ལ་རྩེད་མོའི་སྒྱུ་རྩལ་བ་མཁས་ཅན་དག་ཀྱང་མངའ་ཁུལ་དེ་དག་ནས་བྱུང་དང་འབྱུང་བཞིན་ཡོད། ༡༩༣༤་ལོར་ཨ་ཧྥི་རི་ཁའི་མོ་རོ་ཁོའི་རྒྱལ་ཁབ་དང་། ༡༩༥༤་ལོར་ཨེ་ཤི་ཡའི་ལྷོ་ཀི་རི་ཡ་སོགས་་མཉམ་ཞུགས་ཐེངས་རེ་གཉིས་བྱས་ཀྱང་རྒྱུན་མཐུད་ཐུབ་མེད། སྤྱི་ལོ་༡༩༨༠་ཡན་མན་ནས་གླིང་ཆེན་འདི་གཉིས་གཞི་ནས་མཉམ་ཞུགས་བྱེད་ཀྱི་ཡོད་ཀྱང་ད་རུང་གླིང་རེ་ནས་རུ་ཁག་བཞི་ལས་མང་བ་ཕལ་ཆེར་ཚུད་ཀྱི་མེད། 

2011/09/26

སྨིན་རྫས་ཉིང་ཁུ། Garbage Enzyme

ཚལ་དང་ཤིང་ཐོག་པགས་པ་སོགས་ཟས་ལྷག་རིགས་ལས་སྨིན་རྫས་ཉིང་ཁུ་བཟོ་སྟངས་དང་དེའི་ཕན་ནུས་སྐོར།

དང་པོ། སྤྱོད་སྒོ་སྣ་མང་ཅན་གྱི་སྨིན་རྫས་ཉིན་ཁུ།

སྨིན་རྫས་ཉིང་ཁུ་བསྙལ་སའི་སྣོད་དུ་ཆ་གཅིག་བུ་རམ་དང་། ཆ་གསུམ་ཚལ་རིགས། ཆ་བཅུ་ཆུས་བཀང་སྟེ་བསྙལ་ཚུལ་ཏེ། དཔེར་ན་སྤྱི་རྒྱ་ 14 (liter) ཤོང་བའི་སྣོད་གཅིག་དུ་བསྙལ་ན་བུ་རམ་སྤྱི་རྒྱ་ ༡། ཚལ་རིགས་སྤྱི་རྒྱ་ ༣། ཆུ་སྤྱི་རྒྱ་ (ལྕགས་ཀྲིན་) ༡༠ བསྐང་རྗེས་ཕྱི་ངོས་སུ་ཟླ་ཚེས་གསལ་བར་བཀོད་དེ་ཟླ་བ་གསུམ་རིང་འཇོག་དགོས། གལ་ཏེ་ཚ་བ་ཆེ་ས་ཡིན་ན་ཟླ་བ་གཅིག་གི་རྗེས་སུ་སྣོད་ཁ་ཕྱེ་ཙམ་བྱས་ཏེ་འཕྲལ་དུ་ཁ་བརྒྱབ་དགོས་ལ་དྲི་ངན་ཡོད་ཚེ་བུ་རམ་བསྣན་དགོས།
སྤྱོད་སྟངས།
ཟླ་གྲངས་གསུམ་གྱི་རྗེས་སུ་སྨིན་རྫས་ཉིན་ཁུ་ཆགས་ཟིན་སྟབས་སྙིག་རོ་བཙགས་ཏེ་ལུད་བྱ་ཆོག་ཅིང་དྭངས་ཁུ་བེད་སྤྱོད་ཆོག བཟོས་ཟིན་པའི་ཉིང་ཁུ་འཕྲོ་བརླགས་རྩ་བ་ནས་མི་འགྲོ་བའི་ཁྱད་ཀྱང་ཡོད།
Liquid Garbage Enzyme, Bio-Tech Grade, for Domestic༡། དཔེར་ན་སྔོ་ཚལ་སོགས་འཁྲུད་སྐབས་ཆུ་སྤྱི་རྒྱ་རེའི་ནང་དུ་ཉིང་ཁུ་ཤེལ་དམ་ཁ་གཅོད་རེ་བླུགས་ཏེ་སྐར་མ་བཞི་བཅུ་ཙམ་བཞག་སྟེ་བཀྲུས་ན་འབུ་དུག་སོགས་འགོག་ཐུབ་པའི་དགེ་མཚན་ལྡན་ཡོད།
༢། ཉིང་ཁུ་བསྲེས་པའི་ཆུ་ལྡུམ་རར་ཟེགས་ཆུ་གཏོར་ཚེ་འབུ་སྲིན་གྱིས་གནོད་འཚེ་འགོག་ཐུབ། ༣། ཚ་བའི་ཉེན་ལྡན་རླངས་རླུང་ (methane gas) འབར་སླ་བ་རྣམས་འགོག་ནུས། ༤། ཁང་པའི་ཕྱི་ནང་གི་གད་སྙིག་ཡོད་སར་གཏོར་ན་འབག་གཙོག་གསང་ཐུབ།

གཉིས་པ་ཚལ་ཞིང་དང་ལྡུམ་རྭར་སྤྱོད་རྒྱུའི་སྨིན་རྫས་ཉིང་ཁུ།

བུ་རམ་དང་ཆུ་སྔར་དང་འདྲ་ཁར་ཚལ་དང་ཤིང་ཏོག་པགས་པ་ཙམ་མིན་པར་སྣུམ་སྙིག་དང་།
ཟས་ལྷག ལོ་མའི་རིགས་སོགས་ (འབྲས་སོགས་འབྲུ་རིགས་བླུགས་མི་ཆོག) ཆ་གསུམ་བླུགས་ཏེ་ཟླ་ཚེས་བཀོད་དེ་བསྙལ་ཚུལ་སྔར་དང་གཅིག

གསུམ་པ། ཚལ་ཞིང་དང་ལྡུམ་རྭར་འབུ་སྲིན་གནོད་འགོག་སྨིན་རྫས་ཉིང་ཁུ།

བུ་རམ་དང་ཆུ་སྔར་དང་འདྲ་ཁར་སུ་པན་དང་ཙོང་པགས། ནིམ་སྟེ་སོ་ཤིང་གི་ལོ་མ། སྐྱུར་འབྲས་ཀྱི་པགས་པ་(ཟས་ལྷག་རྩ་ནས་བླུགས་མི་རུང་)ཆ་གསུམ་བླུགས་ཏེ་ཟླ་ཚེས་བཀོད་དེ་བསྙལ་ཚུལ་སྔར་དང་གཅིག

བཞི་པ། འཐུང་ཆུ་དང་ཤིང་ཏོག་ཁུ་བ་སོགས་སུ་སྤྱོད་རྒྱུའི་སྨིན་རྫས་ཉིན་ཁུ།

སྨིན་རྫས་ཉིང་ཁུ་བསྙལ་སའི་སྣོད་དུ་ཆ་གཅིག་སྦྲང་རྩི་དང་། ཆ་གསུམ་ཤིང་ཏོག་སོས་པའི་རིགས། ཆ་བཅུ་བཙག་ཆུས་བཀང་སྟེ་བསྙལ་ཚུལ་ཏེ། དཔེར་ན་སྤྱི་རྒྱ་ 14 (liter) ཤོང་བའི་སྣོད་གཅིག་དུ་བསྙལ་ན་སྦྲང་རྩི་སྤྱི་རྒྱ་ ༡། ཤིང་ཏོག་རིགས་ (སྨན་རྩའི་རིགས་བླུགས་ན་ཆོག) སྤྱི་རྒྱ་ ༣། བཙག་ཆུ་སྤྱི་རྒྱ་(ལྕགས་ཀྲིན་) ༡༠ བསྐང་རྗེས་ཕྱི་ངོས་སུ་ཟླ་ཚེས་གསལ་བར་བཀོད་དེ་ཟླ་བ་དྲུག་གི་་རིང་འཇོག་དགོས། གལ་ཏེ་ཚ་བ་ཆེ་ས་ཡིན་ན་ཟླ་བ་གཅིག་གི་རྗེས་སུ་སྣོད་ཁ་ཕྱེ་ཙམ་བྱས་ཏེ་འཕྲལ་དུ་ཁ་བརྒྱབ་དགོས་ལ་དྲི་ངན་ཡོད་ཚེ་སྦྲང་རྩི་བསྣན་དགོས། 

སྤྱོད་སྟངས།

ཟླ་གྲངས་དྲུག་གི་རྗེས་སུ་སྨིན་རྫས་ཉིན་ཁུ་ཆགས་ཟིན་སྟབས་སྙིག་རོ་བཙགས་ཏེ་ལུད་བྱ་ཆོག་ཅིང་དྭངས་ཁུ་བེད་སྤྱོད་ཆོག བཟོས་ཟིན་པའི་ཉིང་ཁུ་འཕྲོ་བརླགས་རྩ་བ་ནས་མི་འགྲོ་བའི་ཁྱད་ཆོས་ཀྱང་ཡོད། ཆུ་སྤྱི་རྒྱ་ ༡༠༠༠ ཤོང་བའི་ཆུ་སྒྲོམ་ནང་དུ་ཤེལ་དམ་ཁ་ཁེབས་གཅོད་གཅིག་བླུགས་ན་འཐུང་ཆུ་གཙང་མ་བཟོ་ཐུབ། དེ་མིན་གོང་གསལ་ལྟར་རོ།།

དོ་སྣང་དགོས་ས།

བསྙལ་སྣོད་འགྱིག་དམ་ལས་ལྕགས་སྣོད་རིགས་ཁྱོན་ནས་སྤྱོད་མི་རུང་ལ་སྣོད་ཀྱང་ཆེ་ཙམ་དགོས།

སྤྱོད་སྒོ་སྣ་མང་ཅན་གྱི་སྨིན་རྫས་ཉིན་ཁུ་སྤྱོད་ཡུལ།

1 གཟུགས་པོ་དང་། 2 གྱོན་ཆས། 3 ཆས་ཁང་། 4 ཞལ་ལ། 5 ཤིང་ཏོག་དང་ཚལ། 6 ཡུར་བ།7 སྣོད་ཆས། 8 ཀོ་བ། 9 ལྷམ། 10 འཁྲུད་གཞོང་། 11 ཐབ། 12 ཞག་ཚིས་སྦག་པའི་སྣོད། 13 འཁྱགས་སྒམ། 14 ཁྱི་དང་བྱི་ལ་ (ཞི་མི་) སོགས་འཁྲུད་སྤྱད། 15 ལྷམ་དྲི་འགོག་སྤྱད། 16 རྩི་ཤིང་འདེབས་སར་གཏོར་བ། 17 ཐབ་ཚང་བུ་འབུ་སྲིན་འགོག་སྤྱད་སོགས་སྤྱོད་སྒོ་ཧ་ཅང་མང་། །

2011/09/24

དབྱར་གནས་དགའ་དབྱེའི་སྨོན་ཚིག

མ་སྨད་བསོད་ནམས་བྱེ་བས་བསྐྲུན་པའི་མཐོང་ན་ཀུན་ཏུ་དད་པའི་སྐུ། །
མ་ལུས་འགྲོ་བའི་སྙན་གྱི་བུང་བར་གསུང་གི་རྩི་བཅུད་རབ་ཏུ་མངར། །
མ་སྨད་མཁྱེན་པའི་དཀྱིལ་འཁོར་ཡོངས་གང་སྤང་རྟོཌ་ཀུན་ཏུ་རྫོཌ་པའི་ཐུཌ། །
མ་ལུས་སྐྱེ་རྒུའི་དཔུང་གཉེན་དམ་པ་ཐུབ་དབང་འཇིག་རྟེན་མིག་གཅིག་རྒྱལ། །

ཤཱ་རི་བུ་དང་བཙུན་པ་རཱ་ཧུ་ལ། །
མགོན་པོ་ཀླུ་དང་མཁན་ཆེན་ཞི་འཚོ་སོགས། །
རྣམ་དག་བསླབ་པས་ཀུན་ཏུ་ཕྱུག་པ་ཡི། །
སྔོན་བྱོན་འདུལ་འཛིན་བརྒྱུད་པའི་ཚོགས་བསྙེན་ཏེ། །

བསླབ་གསུམ་དཔལ་གྱིས་ཕྱུག་པའི་དགེ་སློང་དང་། །
དགེ་ཚུལ་བརྒྱ་ཕྲག་ཟུང་ཙམ་འདུས་སྡེ་འདིར། །
དབྱར་སྔོན་ཟླ་གསུམ་བགྱིས་པའི་རྣམ་དཀར་མཐུས། །
རིས་མེད་རྒྱལ་བསྟན་ཀུན་ཏུ་དར་རྒྱས་ཤོག །

དར་མ་གདུག་པས་ཁ་རླངས་མ་ཐེབ་ཅིང་། །
བརྒྱུད་པའི་ཉག་ཐག་གཡའ་དྲིས་མ་སྦགས་པ། །
བླ་ཆེན་བཙུན་པས་སྨད་ནས་སྦར་བ་ཡི། །
སྡོམ་རྒྱུན་འདི་ཉིད་ཀུན་ཏུ་རྒྱས་རྒྱུར་ཅིག །


རང་དོན་བས་མཐར་གཅིག་ཏུ་མ་གཞོལ་བར། །
གཞན་དོན་བྱང་ཆུབ་སེམས་ཀྱི་ལྷག་བསམ་མཐུས། །
སྔ་འགྱུར་རྒྱལ་བསྟན་འཛིན་བཟོད་རིས་སྤྲུལ་མཆོག །
ཐུགས་བཞེད་འགྲུབ་ཅིང་སྐུ་ཚེ་ཡུན་བརྟན་ཤོག །

འཇི༵གས་མེ༵ད་ལྷུན་པོའི་སྤོ་རུ་ཐུ༵བ་པའི་བསྟ༵ན། །
བཤ༵ད་དང་སྒྲུ༵བ་པའི་རྒྱལ་བའི་རིང་ལུགས་ཀྱི། །
ཟབ་དགུའི་ཆོ༵ས་ཀྱི༵་སྒྲ༵་དབྱ༵ངས་སྒྲོགས་པའི་སླད། །
མཆོག་སྤྲུལ་པདྨ་གཞོན་ནུ་མྱུར་འབྱོན་ཤོག །

སྔ་འགྱུར་རིང་ལུགས་རྒྱལ་བ་དཔལ་ཡུལ་བའི། །
བསྟན་པའི་སྲོལ་འབྱེད་ཀུན་བཟང་ཤེས་རབ་ནས། །
དྲི་མེད་རྒྱལ་བསྟན་མི་ཉམས་འཛིན་པའི་གནས། །
ཆོས་འཁོར་འདི་ཉིད་གླིང་འདིར་ཡུན་གནས་ཤོག །

སྙིགས་དུས་རང་མདངས་བདོ་བའི་དེང་གི་ཆར། །
ས་གཡོས་རླུང་འཚུབ་མུ་གེ་ནད་ཡམས་སོགས། །
མཚོ་བཞི་གླིང་ལྔའི་སྐྱེ་འགྲོའི་ཚེ་སྲོག་གི །
ཆོམ་པོ་འདི་དག་རྩད་ནས་ཞི་གྱུར་ཅིག །

དམར་པོའི་ན་བུན་དཀྲིགས་པའི་འོབས་ཀློང་སྟེ། །
མི་ཡི་ཡུལ་དུ་བསྐྲུན་པའི་དམྱལ་ཁམས་འདིར། །
ཀུན་ཏུ་མནར་བའི་རང་ཅག་གངས་ཅན་པ། །
རང་དབང་ཞི་བདེའི་འོད་ཀྱིས་རེག་གྱུར་ཅིག །

མདོར་ན་འདི་ཕྱིར་ཀུན་ཏུ་དགེ་བ་ཡི། །
ཞི་བསིལ་དམ་པའི་ཆོས་ཀྱི་བདུད་རྩི་འདིས། །
སྡུག་བསྔལ་གསུམ་གྱིས་བཙེས་པའི་ཉམ་ཐག་འགྲོ། །
བླ་མེད་རྫོགས་པའི་ས་རུ་དབུགས་དབྱུང་ཤོག །

ཅེས་མཁན་ངག་དབང་རྡོ་རྗེ་མིང་པས་སྦྱར་རོ།། དགེའོ།། །།

2011/09/22

ཤི་ལོག་སྒྲོལ་མར་འཛམ་གླིང་སྦེ་ག་རྩལ་འགྲན་གྱི་གསེར་གྱི་རྟགས་མ་ཐོབ་པ།

བོད་པའི་བུ་མོ་རང་ལོ་ ༢༣ སོན་པ་ཤི་ལོག་སྒྲོག་མ་ལགས་ཀྱིས་ཊུར་ཀེ་ (turkey) ནང་ཚོགས་པའི་རྒྱལ་སྤྱིའི་བུད་མེད་སྤྱི་རྒྱ་ ༦༧ ཅན་གྱི་སྦེ་ག (wrestling) འགྲན་བསྡུར་ཁྲོད་ཨང་དང་པོའི་་བྱ་དགའ་གསེར་གྱི་རྟགས་མ་ཐོབ་འདུག [བརྙན་ཕབ།] ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་ནས་དབུ་འཛུགས་པའི་ཊུར་ཀེ་ (Turkey) རྒྱལ་ཁབ་ཀྱི་གྲོང་ཁྱེར་ཨིས་ཊན་བྷུལ་ (Istanbul) ནང་ཚོགས་པའི་རྒྱལ་སྤྱིའི་བུད་མེད་སྦེ་ག་(wrestling) འགྲན་བསྡུར་གྱི་ཉིན་མཐའ་མ་སྟེ། ཕྱི་ཚེས་ ༡༦ ཉིན་གྱི་རྟིང་རྩོད་འགྲན་བསྡུར་ཐོག་སོག་པོའི་བུ་མོ་ཞིག་དང་། ཤི་ལོག་སྒྲོལ་མ་གཉིས་ཐ་མའི་འགྲན་རྩོད་བྱས་ཏེ། ཤི་ལོག་སྒྲོལ་མར་ ༢༠༡༡ ལོའི་རྒྱལ་སྤྱིའི་བུད་མེད་སྦེ་ག་རྩེད་མོའི་ཨང་དང་པོ་གསེར་གྱི་རྟགས་མ་ཐོབ་འདུག ཐེངས་འདི་ནི་བོད་པའི་བུ་མོ་ཞིག་ལ་རྒྱལ་སྤྱིའི་བུད་མེད་གྱད་རྩལ་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་ཐོབ་པ་ཐོག་མ་དེ་ཡིན།
ཐེངས་འདིའི་རྒྱལ་སྤྱིའི་བུད་མེད་གྱད་འགྲན་ཁྲོད་རྒྱལ་ཁབ་ ༡༠༤ ཡི་བུད་མེད་རྩེ་འགྲན་པ་ ༩༠༠9 ལྷག་མཉམ་ཞུགས་བྱས་ཡོད་ཅིང་། ད་ལོའི་བུད་མེད་གྱད་རྩལ་འགྲན་བསྡུར་འདི་ ༢༠༡༢ ལོར་དབྱིན་ཡུལ་དུ་འཚོགས་རྒྱུའི་རྒྱལ་སྤྱིའི་ཨོ་ལིམ་ཕིག་ (Olympics) རྩེད་འགྲན་ཆེད་གདམ་གསེས་ཀྱི་འགྲན་བསྡུར་ཞིག་ཡིན་འདུག
ཤི་ལོག་སྒྲོལ་མ་ནི་གོང་པོ་ཉིང་ཁྲི་ས་གནས་ཀྱི་བོད་རིགས་ཁྱིམ་ཚང་དཀྱུས་མ་ཞིག་ནས་ཡིན་ཞིང་། ཐེངས་འདིར་རྒྱ་ནག་གི་བུད་མེད་ལུས་རྩལ་པའི་འཐུས་ཚབ་སྟེང་ཞུགས་པ་ཞིག་ཡིན་འདུག ཁོ་མོ་ ༢༠༡༠ ལོར་རྒྱ་ནག་རྒྱལ་ཡོངས་བུད་མེད་གྱད་འགྲན་རྩེད་མོའི་རུ་ཁག་ཏུ་བདམས་ཐོན་བྱུང་ཡོད་པ་དང་། འདིའི་ལོའི་ཕྱི་ཟླ་ ༤ པའི་ནང་གི་རྒྱ་ནག་རྒྱལ་ཡོངས་བུད་མེད་གྱད་འགྲན་ཁྲོད་ཁོང་ལ་དངུལ་གྱི་རྟགས་མའི་བྱ་དགའ་ཐོབ་མྱོང་ཡོད་འདུག གནས་ཚུལ་ཐོན་གསལ་ལ། ད་ལྟའི་རྒྱ་ནག་གི་རྩེད་འགྲན་པའི་ཁྲོད་དུ་བོད་རིགས་ ༡༢ ཙམ་རྒྱལ་སྤྱིའི་རྩེད་རིགས་འདྲ་མིན་ནང་འགྲན་སྡུར་བྱེད་བཞིན་ཡོད་འདུག

2011/09/20

བོད་དང་འབྲས་ལྗོངས་སོགས་ལ་ས་ཡོམ།

བོད་དུ་ས་ཡོམ། རྒྱ་གར་གྱི་རེ་ལིའ་ཧྥི་ཝེབ་(reliefeweb) ཅེས་པའི་དྲྭ་བར་འཁོད་པ་ལྟར་ན། རེས་གཟའ་ཉི་མའི་དགོང་མོ་རྒྱ་གར་ཆུ་ཚོད་ 8.4 ཐོག་ལ་ས་ཡོམ་ཤུག་ཚད་ 6.9 ཅན་དེས་རྐྱེན་པའི་བོད་ཀྱི་གྲོ་མོ་ས་ཁུལ་དུ་མི་ 7 སྲོག་སྐྱོན་དང་། མི་ 22 རྨས་སྐྱོན་ཐེབ་ཡོད། གྲོ་མོ་ཁུལ་དུ་གློག་སྐུད་ཆད་པ་དང། ཁང་པ་རྡིབ་སྐྱོན་གྱི་གྱོན་གུན་ཕོག་ཡོད་པ་བཀོད་འདུག འབྲས་ལྗོངས་དང་རྒྱ་བལ་ས་མཚམས་ཀྱི་ས་འགུལ། དེས་རྐྱེནཔས་ཉུང་མཐར་མི་གྲངས་ 35 ཙམ་རྐྱེན་ལམ་དུ་སོང་ཡོད་ཅིང་ད་རུང་ཆར་ཞོད་དང་ས་རུད་ཀྱིས་ཉེན་སྐྱོབ་བྱ་རྒྱུར་འགོག་རྐྱེན་ཐེབ་ཏེ་ཤི་ཚད་འཕར་བའི་ཉེན་ཁ་ཡོད་འདུག
   སྤྱིར་འདི་ལོར་ཁུལ་འདིར་ས་ཡོམ་ཐེངས་ཁ་ཤས་ཐེབ་ཡོད་ཀྱང་ཚབ་ཆེའི་གོད་ཆག་བྱུང་མེད་པ་རེད། མི་མང་གི་དངངས་སྐྲག སྡོད་ཁང་མང་པོར་སེར་ཁ་གས་ཏེ་ནང་དུ་འདུག་མི་བཟོད་པར་གྱུར་ཏེ་མཚན་མོ་སྒོ་ཕྱི་ལ་སྡོད་དགོས་བྱུང་ཡོད། གོང་ཞུས་ཆར་ཞོད་དང་སྤྲིན་པས་ཐད་འཕུར་གནམ་གྲུ་འཕུར་རྒྱུ་བཀག་པ་དང་ས་ཁུལ་མང་པོའི་ལམ་ཁ་ཆད་དེ་དོས་འཁོར་ཀྱིས་མཐུན་རྐྱེན་མཁོ་སྤྲོད་བྱ་རྒྱུར་འགོག་རྐྱེན་ངེས་ཅན་བྱུང་ཡོད་པ་དང་། རྒྱ་གར་གཞུང་གིས་དམག་མི་སྟོང་ཕྲག་དུ་མ་ཞིག་ཉེན་སྐྱོབ་དུ་བཏང་ཡང་ས་ཁུལ་མང་པོ་ཞིག་ལ་ད་རུང་འབྱོར་ཐུབ་མེད་པ་རེད།