2012/01/09

མ་ཎི་ཀ་རན་ཆུ་ཚན། Manikaran Hot springs

མ་ཎི་ཀ་ར་ནི་ཧི་མ་ཅལ་གྱི་མངའ་ཁུལ་ཀུལླུ་རྫོང་གི་བྷུན་ཏར་ས་གནས་ཀྱི་བྱང་ཤར་དུ་ཆུ་བོ་པར་ཝ་ཏིའི་འགྲམ་དུ་ཆགས་ཤིང་། ས་གནས་འདི་མཚོ་ངོས་ནས་མཐོ་ཚད་མི་ཊར་ ༡༧༦༠ ཙམ་དུ་ཆགས་ཤིང་། ཀ་སོལ་ནས་སྤྱི་ལེ་ ༤ དང་། ཀུལླུ་ནས་སྤྱི་ལེ་ ༤༥ ཙམ་དང་། བྷུན་ཏར་ནས་སྤྱི་ལེ་ ༣༥ ཙམ་གྱི་སར་ཆགས་ཡོད།
Map ས་ཁྲ།
མ་ཎི་ཀ་རན་ཆུ་ཚན། སིག་གི་ལྷ་ཁང་། བོད་ཀྱི་རྒྱལ་རབས་སོགས་སུ་གསལ་བའི་“ཉུང་ཏིའི་ལྗོངས་ཀྱི་མ་ཎི་དཀར་ནག་”ཏུ་གྲགས་པ་དེར་དེང་སང་“མ་ཎི་ཀ་རན་”དུ་འབོད་ཅིང་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་གྱི་མངའ་ཁུལ། གསང་སྔགས་ནས་བཤད་ཚུལ་ལྟར་ན་གནས་ཡུལ་ཉེར་བཞིའི་ནང་གི་➊“པུས་མོ་ཀུ་ལུ་ཏ་ཞེས་བྱ། །”འི་རི་བོ་སྟེ་དེང་སང་རྒྱ་གར་བས་“བྷུ་ཅི་ལི་མ་དྷེབ་”སྟེ་གློག་གི་རི་ཟེར་འབོད་ཀྱིན་པ་དེའི་རི་བརྒྱུད་དུ་ཆགས་ཡོད། རི་འདི་ཧིན་དྷུ་བ་དག་གིས་ལྷ་ཆེན་དབང་ཕྱུག་གི་གནས་རི་ཞིག་ཏུ་བརྩི་ཞིང་རྒྱུན་དུ་མཆོད་བསྟོད་བྱེད། ཁྱད་པར་དུ་ཧིན་དྷུའི་བུ་རྒྱུད་ནང་པ་ཚོས་ཀྱང་“དཔའ་བདེ་མཆོག་”གི་གནས་རི་ཡིན་པར་བརྩིས་ཏེ་ཇོ་དར་བསྒྲོན་ཞིང་བསང་གསོལ་འདྲ་བྱེད་ཀྱི་ཡོད་ཚོད་འདུག་ཀྱང་། ཁོ་བོས་ནི་«འདུལ་བ་ཕྲན་ཚེག་»ལས།➋
འཇིགས་པས་སྐྲག་པའི་མི་རྣམས་ནི། །
ཕལ་ཆེར་རི་དང་ནགས་ཚལ་དང་། །
ཀུན་དགའ་ར་བ་ལྗོན་ཤིང་དང་། །
མཆོད་རྟེན་རྣམས་ལ་སྐྱབས་སུ་འགྲོ། །
སྐྱབས་དེ་གཙོ་བོ་མ་ཡིན་ཞིང་། །
སྐྱབས་དེ་མཆོག་གྱུར་མ་ཡིན་ཏེ། །
སྐྱབས་དེ་དག་ལ་བརྟེན་ནས་ནི། །
སྡུག་བསྔལ་ཀུན་ལས་རབ་མི་ཐར། །
ཞེས་པའི་ལུང་དོན་ཉམས་སུ་བླངས་ཏེ་རི་བྲག་མཚོ་སོགས་ལ་གསོལ་མཆོད་མི་བྱེད་པ་ཡིན། མ་གཞི་དབང་ཕྱུག་གམ་ཤི་བ་ (Śiva) དང་བདེ་མཆོག་གཉིས་དོན་དངོས་སུ་གཅིག་དང་ཐ་དད་བཤད་དཀའ་བ་ཞིག་སྟེ་མ་ཧཱ་ཀཱ་ལཱི་མ་ (Mahākālī) དང་དཔལ་ལྷན་ལྷ་མོ། ས་ར་སྭ་ཏཱི་ (Sarasvatī) དང་དབྱངས་ཅན་མ་སོགས་ཐུན་མོང་གི་ལྷ་ཇི་སྙེད་གཅིག་ཡོད་པ་དང་། དམིགས་བསལ་གསང་སྔགས་ནི་རལ་པ་ཅན་གྱི་ཧིན་དྷིའི་ཆོས་ལུགས་ལ་ནང་པས་ཆོས་གོས་རྣམ་གསུམ་བཙན་གྱིས་བསྐོན་བཞག་པ་ཤ་སྟག་ཡིན་པས་སོ། །
ད་ནི་དཀྱུལ་ལ་འཇུག་པར་བྱ་བ་སྟེ་སྤྱིར་མ་ཎི་ཀ་རན་གྱི་ཆུ་ཚན་ཁག་ནི་རྡོ་ཞོ་དང་། ཅོང་ཞི་འདྲེས་པ་གཙོ་ཆེ་བས་ཟས་སྐོམ་གཡོས་སྦྱོར་དུ་སྤྱོད་པ་དང་། ཁྱད་པར་ལུམས་བསྙལ་བ་སོགས་ལ་སྤྱོད་ན་བཟང་བར་བཤད།

༡། གཞི་བདག་ལྷ་ཁང་གི་ཆུ་ཚན།

སིག་ (Sikh) ལྷ་ཁང་གི་ཆུ་ཚན།
འདི་ནི་རྒྱ་གར་སིག་གི་ཆོས་ལུགས་པས་ཆུ་ཚན་ལ་དམིགས་ཏེ་བཞེངས་བའི་སིག་གི་ལྷ་ཁང་རྒྱ་ཆེ་བ་ཞིག་ཡིན་ལ་འདིའི་ཆུ་ཚན་ནི། རྡོ་ཞོ་དང་མཚུར་ཅུང་ཟད་འདྲེས་ཡོད་པས། ཁོང་སྐྲན་དང་། སྨུག་པོ། ཁོང་སྲིན་སོགས་ལ་ལྷག་ཏུ་ཕན་པར་བཤད། དམིགས་བསལ་དུ་རྡོ་ཚན་སྟེང་ལ་ཉལ་ཏེ་རྔུལ་ཆུ་འདོན་ས་ཡོད་ཅིང་བཅོས་ཐབས་འདི་བཟང་བར་གྲགས། ཆུ་ཚན་འདི་གྲོང་པའི་གཤམ་འོག་གི་གཙང་འགྲམ་དེར་ཆགས་ཡོད་ལ་འདི་དང་འབྲེལ་བའི་ལྷ་གང་འདིར་རྒྱུན་དུ་ཆོས་བཤད་ཅིང་ཆོས་ཞུ་བ་ཧ་ཅང་མང་། ན་ནིང་ང་སོང་སྐབས་ཀྱང་བླ་མ་གསུམ་གྱིས་ཆོས་འཆད་ཀྱིན་འདུག སིག་ཡིན་མིན་གང་ལྟར་ཡང་སྐྱེ་བོ་སུ་རུང་ལྷ་ཁང་དུ་འགྲོ་འདོད་ན་གུས་ཞབས་མཚོན་ཆེད་མགོ་ལ་རས་ཤིག་ངེས་པར་དུ་འགེབས་དགོས་ལ་ཟས་བཟའ་སྐབས་ཀྱང་གྱོན་དགོས། ཆུ་ཚན་དང་གནས་མཇལ་སོགས་གང་གི་ཆེད་དུ་ཡིན་རུང་ལྷ་ཁང་འདིར་སྡོད་ན་བདུན་ཕྲག་གཅིག་ལ་ཁ་ཟས་དང་སྡོད་གནས་གཉིས་ཀ་གནང་གི་འདུག སྟོབས་འབྱོར་ཆེ་བའི་དགོན་པ་འདིས་བདག་པའི་ཕྱུགས་རྭ་ཁོ་ནར་མཚོན་ན་བ་གླང་བརྒྱ་ཕྲག་མང་པོ་འདུག གང་ལྟར་སིག་དང་ཡེ་ཤུ་ཆོས་ལུགས་གཉིས་ཀྱིས་མི་མང་ལ་ཕར་གཏོང་ཞིང་། ཧིན་དྷུ་དང་ནང་པའི་ཆོས་ལུགས་ཀྱིས་མི་ལས་ཚུར་སྡུད་པ། ཁ་ཆེ་བས་ཕར་སྤྲོད་ཚུར་ཚུར་སྡུད་གཉིས་ཀ་མི་བྱེད་པ་གསུམ་ནི་ཆོས་ཉིད་ཅིག་ཡིན་པ་འདྲ་ཨང་།

༢། ལྷ་ཆེན་ལྷ་ཁང་གི་ཆུ་ཚན།

ཤི་བ་ (Śiva) ལྷ་ཁང་གི་ཆུ་ཚན།
ལྷ་ཆེན་ལྷ་ཁང་གི་ཆུ་ཚན་ནི་རྡོ་ཞོ་དང་རྡོ་ཆུ་གཙོ་བོ་ལ་རིན་པོ་ཆེའི་ཁམས་སྣ་ཚོགས་འདྲེས་ཡོད་སྟབས་རྩ་རྒྱུས་ཀྱི་ནད་དང་། རུས་ཆག་གསོ་བ་སོགས་ལ་མཆོག་ཏུ་བསྔགས་སོ། །





༣། རམ་སྟེ་རྒྱལ་སྲས་རཱ་མའི་ (Rāma) ལྷ་ཁང་གི་ཆུ་ཚན།


རམ་(Rāma)ལྷ་ཁང་གི་ཆུ་ཚན།
རམ་སྟེ་རྒྱལ་སྲས་རཱ་མའི་ (Rāma) ལྷ་ཁང་གི་ཆུ་ཚན་དང་རི་གཤམ་ནས་བརྡོལ་བཞིན་པའི་ཆུ་ཚན་གཉིས་ལ་གཙོ་བོ་རྡོ་ཆུ་དང་མཚུར་ལྡན་ཞིང་དེ་མིན་ལྕགས་སོགས་རིན་པོ་ཆེའི་རིགས་དུ་མ་ལྡན་པས། རྩ་རྒྱུས་ཀྱི་ནད་དང་། རུས་ཆག དུག སྨུག་པོ། ཁོང་འབྲས། ཁོག་པར་རྨ་ཆག་པ། གྲང་མཁྲིས་དང་ཁོང་སྲིན་བཅས་ལ་ལྷག་ཏུ་ཕན་པར་བཤད། །


སླར་སྨྲས་པ།
ལྷ་ཡི་བླ་མ་གུ་རུ་ན་ནག་དང་། །
ཆགས་པའི་ལྷ་མཆོག་ཨུ་མའི་བདག་པོ་གཉིས། །
རྒྱལ་སྲས་དཔའ་བོ་རམ་སོགས་བསྟི་བའི་གནས། །
མ་ཎི་ཀ་རའི་ཆུ་ཚན་མཆོག་ཏུ་རྨད། །
ཕྱི་པ་ལྟར་ན་ཡོད་ཚད་ལྷས་བྱིན་ན། །
ཡུག་ཏིའི་ཆུ་ཚན་ཙམ་ལ་བཤད་ཅི་དགོས། །
ནང་པས་བཤད་ན་རྣམ་དཀར་དགེ་བ་ཡིས། །
བསོད་ནམས་དཔལ་ལས་གྲུབ་ཅེས་བསྒྲགས་པར་རུང་། །
དོན་དུ་རུང་བྱུང་འབྱུང་བའི་ཁམས་འདི་ན། །
ལྷ་དང་སྲུང་མས་བཀོད་སྒྲིག་མ་བྱས་ཀྱང་། །
ལས་དང་རྒྱུ་འབྲས་སྒྱུ་མ་མ་དེད་ཀྱང་། །
ཕན་གནོད་བྱེད་པའི་དངོས་པོ་སྣ་ཚོགས་ཤིག །
རང་བྱུང་འབྱུང་བའི་ཁམས་ལ་ངང་གིས་གྲུབ། །

➊ «རྡོ་རྗེ་མཁའ་འགྲོའི་རྣམ་པར་འགྲེལ་པའི་བཤད་སྦྱར་» (D, p. 1242) ལས། “པུས་མོ་ཀུ་ལུ་ཏ་ཞེས་བྱ། །དེ་དག་ཉེ་བའི་དུར་ཁྲོད་སྟེ། །གནས་ལ་སོགས་པ་ས་བཅུའོ། །”

➋«འདུལ་བ་ཕྲན་ཚེག་»(D, vol. Da, fol. 52a-4).

2012/01/08

ཆུ་ཚན། རང་བྱུང་གི་གསོ་དབྱད།

ན་མོ་གུ་རུ་བྷཻ་ཥ་ཛ་ཡ། དེ་ལ་འདིར་འགྲོ་བའི་བསོད་ནམས་དཔའ་ལས་གྲུབ་པའི་རང་བྱུང་གི་གཏེར་ཁ་སྨན་ཆུ་དང་ཆུ་ཚན་ལས་གཉིས་ལས་འདིར་ཆུ་ཚན་ཀྱི་སྐོར་ཅུང་ཟད་བརྗོད་ན། སྤྱིར་ན་ཆུ་ཚན་ནི་བོད་ཀྱི་གསོ་བ་རིག་པའི་གཞུང་ལས་གལ་ཆེར་བཟུང་སྟེ་དབྱེ་བ་དང་དེའི་ཕན་ནུས་སོགས་རྒྱ་ཆེར་བརྗོད་ཡོད་པ་དག་ལས་མདོར་ཙམ་བཀོད་ན། ཆུ་ཚན་ལ་མུ་ཟི། རྡོ་ཞོ། རྡོ་ཆུ། ཅོང་ཞི། མཚུར་བཅས་རྩ་བའི་དབྱེ་བ་ལྔ་དང་དེ་དག་རེ་རེ་ལའང་མཆོག་དམན་ལྔ་རེ་དབྱེ་བའི་བརྒྱ་ཐམ་པ་དང་། རྡོ་སོལ་རྐྱང་པའི་ཆུ་ཚན་བཅས་བརྒྱ་དང་གཅིག་ཡོད་ཅིང་ད་རུང་དེ་དག་བྲག་ཞུན་སོགས་རིགས་གཞན་དང་འདྲེས་མ་འདྲེས་ཀྱི་རྣམ་གཞག་དུ་མ་མཆིས་པ་དག་ལས།

ཀ༽ དང་པོ་རིགས་དང་ཕན་ནུས་ནི།

༡། མུ་ཟིའི་ཆུ་ཚན་གྱིས། 

འབྲས། སྐྲང་ནད་ཀྱི་བྱེ་བྲག་ཅིག་སྟེ། བཅོས་སུ་མེད་པའི་རྨ་ཡི་རིགས།
ལྷོག་པ། མི་ཕྱུགས་གཉིས་ཀར་རྨ་ཆགས་པའི་འགོ་ནད 
ཤ་བཀྲ་ མདོག་སྐྱ་ཁྲར་འགྱུར་བའི་པགས་ནད་ཅིག 
དུག་ནད། དུག་གི་རིགས།
གླང་ཤུ། པགས་མདོག་སྐྱ་བོ་འབྲུམ་ཆུང་སྐྱ་གསོབ་ཡོད་པ་ཟ་འཕྲུག་ལྡང་བའི་པགས་ནད་ཅིག་དང༌། ཤ་རོ་གླང་གི་གཉའ་བ་ལྟར་མཐུག་ཅིང་སེར་ག་འབྱུང་བའི་མཛེ་ནད་རིགས་ནང་ནས་གཅིག་དང་གཉིས་ལ་འཇུག
འབྲུམ་ཐོར། ལྷ་འབྲུམ། 
ཁྱེ་མ། པགས་ནད་ཀྱི་བྱེ་བྲག་ཅིག་སྟེ།  ཡུལ་སྐད་དུ་ཁྱི་རྨ་ཟེར་ཞིང་། སྨན་གཞུང་དུ་གླང་ཤུ་ཟེར་བ་དེའི་མིང་། 
ཤུ་ཐོར། གཉན་ནད་ཤུ་བའི་རང་བཞིན་གྱི་ཐོར་པ་ཞིག 
མཛེ་རིགས་ཡོངས། ཆུ་སེར་ནག་པོ་དང་གཉན་སྲིན་པརྤ་ཏ་གཉིས་འདོམས་པ་ལ་རྒྱབ་རྟེན་ཀླུས་བྱས་པར་གྲགས་པའི་ལུས་ཀྱི་གནས་ཀུན་མ་རུང་བ་རུལ་མྱག་ལྟར་འགྱུར་བའི་ནད་དེ། ནང་གསེས་སུ་དབྱེ་ན་མཛེ་ནད་རིགས་བཅོ་བརྒྱད་དམ་སུམ་ཅུ་རྩ་དྲུག་མཆིས་སོ། ། 
ཆུ་སེར་ནད། ཚིགས་མིག་དང་ཤ་པགས་བར་སོགས་སུ་གནས་པའི་ཁྲག་གི་སྙིགས་མ་དང༌། མཁྲིས་པའི་དྭངས་མ་ལས་བྱུང་བའི་མདོག་དམར་སེར་ཆུ་ལྟར་སླ་ལ་འབྱར་བག་གི་རྩི་དང་ལྡན་པ་དེ་ལ་ཟེར་ཏེ། དེ་འཕེལ་ཟད་དུ་གྱུར་ན་ཆུ་སེར་གྱི་ནད་དུ་འགྱུར་བ་ཡིན། 
དྲེག་གྲུམ། ལག་པའི་གྲུ་མོ་གཉིས་དང་རྐང་པའི་བོལ་ཚིགས་གཉིས་བཅས་ན་བ་དྲེག་ནད་དང༌། ཡན་ལག་གི་ཚིགས་ཀུན་ན་བ་གྲུམ་བུའི་ནད་དང་གཉིས་སོ། ། 
སྙིང་ཚད། 
ཟག་ཆུ། ཆབ་ཆེ་ཆུང་མི་ཐུབ་པའི་ནད་ཅིག 
སྐྱ་རྦབ་ལུས་ཀྱི་མེ་དྲོད་ཉམས་པ་སོགས་ལས་བྱུང་བའི་པགས་མདོག་སྐྱ་ཞིང་སྐྲངས་པ་རྦབ་རྦབ་ཏུ་འབྱུང་བའི་ཆུ་ནད་ཅིག སོགས་མདོར་ན་པགས་ནད་རིགས་ལ་ཕན་པར་བཤད། 

༢། རྡོ་ཞོའི་ཆུ་ཚན་གྱིས།

 བད་ཀན། ལུས་ཀྱི་ཆ་ཤས་སུ་གཏོགས་ཤིང༌། རྐྱེན་དང་ཕྲད་ན་རྩ་བའི་ནད་གསུམ་གྱི་ཡ་གྱལ་དུའང་འགྱུར་བ་ཞིག གྲང་བ། མེ་དྲོད་ཉམས་པ། མ་ཞུ་བ། ལྷན་སྐྲན་སོགས་གྲང་ལན་ལ་ཕན། 

༣། རྡོ་ཆུའི་ཆུ་ཚན་བསྟེན་ན། 

ཆག་གྲུམ་སྦྱོར། རུས་པ་ཆག་གྲུམ་སྦྱོར། རེངས་འཁུམས་འདུལ། ལུས་ཀྱི་རྩ་རྒྱུས་རིང་ཐུང་ཤོར་བ། རྩ་འགྲམ་རྩ་ཆད་མཐུད་པ་སོགས་མདོར་ན་རྩ་ནད་ལ་ཕན། 
 ཅོང་ཞིའི་ཆུ་ཚན་བསྟེན་ན། དུག སྨུན་པོའི་རིགས། ཁྲག་དང་མཁྲིས་པ་ཤུགས་དྲག་པའི་ནག་གཅིག་ཡིན་པ་ཡོད། ཚད་རྙིང་། གྲང་མཁྲིས། སྐྲན་རིགས་ཐམས་ཅད་ལ་ཕན་པར་བཤད། 
༥། མཚུར་གྱིས། ཁོང་སྐྲན་དང་སྨུག་པོ། ཁོང་སྲིན་སོགས་ལ་ཕན་པར་བཤད།

ཁ༽ གཉིས་པ་ཆུ་ཚན་བཟང་ངན་གྱི་མཚན་ཉིད།

ཆུ་ཚན་ཡོད་པའི་ས་བབ་དེ་སྐམ་གཤེར་སྙོམས་པ། དུག་རིགས་ཉུང་བ། ནགས་ཚལ་ཧ་ཅང་འཐུག་མ་དྲགས་པ། ཆུ་གཞན་དང་མ་འདྲེས་ཤིང་ཆུ་ཚན་རང་གི་ངོ་བོ་གསལ་བ། རྒྱུན་རིང་འཁྱིལ་ཏེ་རུལ་བ་མ་ཡིན་པ། རླངས་པ་མ་སྤྱིལ་བར་ཕྱིར་ཐོན་ས་ཡོད་པ་དག་བཟང་ཞིང་དེ་ལས་ལྡོག་ན་ངན་པར་བཤད་དོ། །

 

ག༽ གསུམ་པ་བསྟེན་པའི་ནམ་དུས།

དཔྱིད་ཀ་དང་སྟོན་མཇུག་དང་། ཁྱད་པར་སྨན་རྩིས་ལུགས་ལྟར་ན་སྟོན་ཁའི་དྲང་སྲོང་སྐར་མ་རྀ་ཥིའི་དུས་ལ་སྨན་དཔྱད་བྱས་ན་ལེགས་པ་ཙམ་མ་ཟད་སྐབས་དེར་ཆར་ཆུ་ཐམས་ཅད་སྨན་ཡིན་པར་བཤད། ཕ་ཡུལ་གྱི་གཏམ་དཔེར་(སྐར་མ་རྀ་ཥི་ཤར་ཉིན་མོ། །སྡེ་གཞན་པས་རྟ་ཕོ་འདར་ལ་འདོན། ངེད་ཚང་གིས་ར་ཕོ་འདར་ལ་འདོན།)ཞེས་ཁྱིམ་ཚང་འཁོས་ཀ་བཟང་ངན་ཡང་སྐར་མ་རྀ་ཥི་དང་སྦྱར་ནས་བཤད་སྲོལ་ཡོད། སྨན་ཆར་ལ་བསྟེན་ཞིང་དབྱར་ཁའི་དུག་ཆར་སྐབས་སུ་སྤངས་ན་བཟང་བ་སོགས་འབྱུང་བཞི་ལྷ་རུ་གོམས་པའི་སྐྱེ་བོ་དག་གི་བག་ཆགས་ལྟར་བྱས་ཀྱང་སྐྱོན་ཆེར་མ་མཆིས། །
 

ང༽ བཞི་པ་ཆུ་ཚན་བསྟེན་ཚུལ།

ལུས་སྟོབས་ཆེ་ཆུང་དང་། ནད་གཞི་ལྕི་ཡང་། ཁྲག་ཤེད་མཐོ་དམན་དང་རླུངས་ཁམས་སོགས་ལ་ལྟོས་ཏེ། ཆུ་ཚ་ཞན། ཡུན་རིང་ཐུང་། ཟས་འཟའ་ཕྱོགས་སོགས་ལ་དོ་སྣང་དགོས་པ་སྟེ་གལ་ཏེ། ནད་པ་གཟུགས་གཞི་སྐྱོ་ཞིང་ནད་བབ་ལྕི་བ། ཁྲག་ཤེད་དང་རླུང་ཁམས་མཐོ་ན། ཆུ་དྲོད་འཇམ་ལ་རྒྱུན་ཐུང་ངུར་ཉལ་དགོས། དམིགས་བསལ་ཅོང་ཞི་དང་རྡོ་སོལ་ཆུ་ཚན་ཡིན་ན་ཆུ་དེས་ཟས་གཡོས་སྦྱོར་དང་གང་ཐུབ་འཐུང་དགོས་པར་བཤད། རེངས་འཁུམས་རྙིང་པར་འཕུར་མཉེ་དང་། སྒུར་སྐྱོག་ཚོར་དལ་བུར་བསྲང་། ཁོག་སྐྲན་ཅན་ལ་རན་པར་བརྡེག་པ། ཆུ་སེར་ཅན་དང་ལུང་ཟུང་ཞན་ཆེ་བ་རྣམ་སྔོན་ལ་གཡེར་མའི་ཆུ་ཡིས་བཀྲུ་བ། ཆུ་ཚན་ཁྲོན་པར་ཡོད་ན་རས་བཀབ་པའི་རླངས་པས་རྔུལ་ཆུ་འདོན་གང་ཐུབ་དགོས། གང་ལྟར་ལྟོ་སྟོང་དང་ཚ་བ་ན་སྐབས་སུ་ཆུ་ཚན་ལ་གཏན་ནས་འཇུག་མི་རུང་། ཁྲག་ཤེད་ཅན་དང་རླུང་ཁམས་མཐོ་རིགས་ཆུ་ཚན་བསྟེན་སྐབས་ཐོག་མར་ཆུ་ཚན་ལ་མགོ་བོ་སྦངས་ཏེ་ཞུགས་ན་ཉེན་ཁ་ཆུང་བར་བཤད།

ཅ༽ ལྔ་པ་བསྟེན་པའི་དུས་ཡུན།

ཉུང་མཐར་ཞག་པོ་ཉེར་གཅིག་སྟེ་བདུན་ཕྲག་གསུམ་ཙམ་དགོས་པར་བཤད་ལ་དེ་ལས་མང་ན་མི་ཆོག་རྒྱུ་མེད་ལ་ཞག་བཅུ་དགུ་དང་ཉི་ཤུ་ཐམས་པ་ཡིན་ནའང་སྐྱོན་མེད་པར་བསམ། ལྷས་བཀོད་པའི་བདུན་ཕྲན་མ་ཚང་ན་ནད་གཞི་མི་དྲག་པ་ག་ལ་སྲིད།
 

ཆ༽ དྲུག་པ་ནད་དྲག་པའི་རྟགས་མཚན།

གསོ་རིག་གཞུང་གི་ལ་ལག་ལེན་ལ་བྱང་ཞིང་ལོ་མང་ཉམས་མྱོང་ཅན་གྱི་མན་ངག་ལྟར་ན། ཉིན་གསུམ་བཞིའི་མཚམས་སུ་སྔར་གྱི་ནད་རྙིང་པ་ཚང་མ་བསླངས་སོང་བའི་ཚོར་སྣང་དང་། ཟུག་གཟེར་བྱུང་ན་ནད་གཞི་དྲག་པའི་མངོན་རྟགས་གསལ་པོ་བྱུང་བ་སྟེ་མུ་མཐུད་ནས་ཞུགས་ན་མགྱོགས་པོ་དྲག་སྐྱེད་འོང་བར་བཤད།
ཝར་ཎ་མཐོ་སློབ་སྨན་གསོ་རིག་སྡེ་ཚན་གྱི་སློབ་དཔོན་བློ་བཟང་བསྟན་འཛིན་གྱིས་བྲིས་པའི་རང་བྱུང་ཆུ་ཚན་སྐོར་དེ་ལ་མཆན་ཅུང་ཟད་བཏབས་ཡོད། 

2012/01/06

རྐང་བགྲོད།

དེང་སང་ང་ཁོམ་པ་ཡོད་པའི་སྐབས་དང་བསྟུན་ཏེ་དྲ་རྒྱ་འདི་འགེངས་དགོས་བསམ་སོང་ཡང་། སུ་ཡང་མེད་སའི་ཁོར་ཡུག་གཅིག་ན་རི་ཁྲོད་ཀྱི་མཚམས་པ་བཞིན་འདུག་དུས། ཡང་འབྲི་བསམ་པའི་བརྗོད་བྱ་ཞིག་གཏན་ནས་རག་གི་མི་འདུག རྒྱུན་པར་ཁོ་བོ་རི་ཁར་འཁྱམ་འཁྱམ་རེ་འགྲོ་ན་དོན་དག་རེ་བློ་ལ་འཁོར་གྱི་ཡོད་མོད་དེང་སང་གདོན་གྱིས་ཁྱེར་སོང་བ་ལྟར་དེ་ཡང་ཡོང་གི་མི་འདུག ཁ་སེང་རེ་བ་དེ་བྱས་ཏེ་སྤྱི་ལེ་བཞིའི་ལམ་ཁར་གོམ་བགྲོད་སྤྱད་དེ་བསམ་བློ་བཏང་ཡང་ཀླད་རྒྱ་ལ་གང་ཡང་འཁོར་མ་སོང་། ངའི་འགྲོ་ལམ་གཡས་གཡོན་དུ་ནང་པའི་ཁྱིམ་ཚང་ཐར་ཐོར་མེད་ས་གཏན་ནས་མི་འདུག ཚང་མས་མཁྱེན་གསལ་ལྟར་ཧི་མ་ལའི་ནང་པ་ཞིག་ཡིན་ཕྱིན་ཁ་ནས་སྐྱབས་འགྲོ་མི་ཤེས་རུང་ཁང་ཐོག་ཏུ་ཇོ་དར་འདོམ་གང་བསྒྲོན་ཤེས་ཀྱི་ཡོད་སྟབས་གྲོང་པའི་ནང་གི་ནང་པ་བརྩི་བ་ནི་ཆེས་སླ་ཤོས་དེ་རེད། ཁོང་ཚོ་ཕལ་མོ་ཆེ་གར་ཞྭ་དང་། ལ་ཧོར། ཁུ་ནུ། རྒྱ་གར་ཁམས་པ་སོགས་ཡོད་ཅིང་དེ་ལས་ཀྱང་ཁུ་ནུ་དང་ལ་ཧོར་མང་ཆེ་བ་རེད། ང་འགྲོ་སའི་ལམ་ཁ་འདི་ནི་སྐད་གྲགས་ཅན་གྱི་ཆུ་ཚན་ཡོད་སའི་མ་ཎི་རན་ལ་འགྲོ་སའི་ལམ་ཁ་དང་འཁེལ་སྟབས་སྒྱུ་འགྲུལ་ཧ་ཅང་མོད། 

རྒྱ་གར་བ་གཞན་དང་མི་འདྲ་བར་ཁོང་ཚོ་དང་ཐུག་ན་མང་ཆེ་ལས་ཇུ་ལེ་ཟེར་ཞིང་འཚམས་འདྲི་བྱེད། ཇུ་ལེ་ནི་ཕལ་ཆེར་བཀྲ་ཤིས་བདེ་ལེགས་ཞེས་པའི་དོན་ཡིན་པ་འདྲ། གང་ལྟར་ངོ་རིས་ཁྲག་རྒྱུན་གཅིག་པའི་གཅིག་པའི་སྟབས་ཀྱིས་གཞན་ལས་སེམས་ཐག་ཅུང་ཉེ་བ་ཡིན་པ་སྟོན་གྱི་འདུག སྤྱིར་རྒྱ་གར་ནི་མི་འབོར་ལུད་ནས་ཡོད་པའི་ཡུལ་གྲུ་ཞིག་ཡིན་སྟབས་ས་གནས་འདིར་ཡང་མཐོ་རི་བོའི་རྩེ་ནས་དམའ་གཙང་པའི་ཁུག་སོགས་གང་སར་གྲོང་པ་མེད་ས་མེད་ཅིང་མཚན་མོ་གནམ་ས་འགབ་འདྲེས་པའི་ཁྲོད་དུ་སྐར་ཚོགས་དང་གློག་སྒྲོན་མ་བུ་འདྲེས་ཏེ་དབྱེར་མི་ཆོད་པའི་ཚོད་དུ་ཡོད། 

གྲོང་ཚོ་རེར་མ་མཐར་ཇ་ཁང་ཚོང་ཁང་གཅིག་གཉིས་རེ་མེད་པ་ཕལ་ཆེར་མེད་པས་ངས་ལམ་ཟུར་དུ་ཡོད་པའི་ཇ་ཁང་ཆུང་ངུ་ཞིག་གི་ནང་ནས་ཇ་མངར་དང་སེ་ཌུ་ཟོས་པ་ཡིན། སེ་ཌུ་ནི་ལུང་པ་འདིའི་དམིགས་བསལ་ཟས་རིགས་ཤིག་སྟེ་ནང་དུ་སྨན་སྣས་སྦག་པའི་ཚལ་རིགས་ཅུང་དྲིལ་བའི་མོ་མོ་ཆེན་པོ་ཞིག་ཡིན་ཞིང་བཟའ་སྐབས་མར་ཁུ་དང་སྦག་དགོས་སྲོལ་འདུག །

2012/01/03

ཨ་ཕའི་དཀའ་སྡུག

 དེ་རིང་ངས་ཨ་ཕའི་དཀའ་སྡུག་བཤད་དྲན་སོང་། 
ངའི་དྲིན་ཅན་གྱི་ཕ་རྒན་དང་ཨ་ཁུ་«ཨ་ཕའི་ཨ་ཁུ་»གཉིས་ས་ནི་མི་ལོ་བཅུ་ཕྲག་གི་སྔོན་ཞིག་ནས་ཉིན་མ་བཅུ་གྲངས་ཀྱི་ནང་ཚུད་དུ་གཅིག་རྗེས་གཉིས་མཐུད་དུ་འཇིག་རྟེན་གཞན་ཞིག་ཏུ་བཞུད་ཟིན་པ་རེད། སྐབས་དེར་ང་དང་གཅུང་པོ་གཉིས་ལྷོ་ཕྱོགས་མེེ་སོར་རྣམ་གྲོལ་གླིང་གི་བཤད་གྲྭར་ཆོས་ཞུགས་བྱས་ཏེ་ལོ་རིམ་གཉིས་པར་སླེབས་ནས་ཡོད། སྤྱིར་སྐྱེ་འགྲོ་ཚང་མས་སྐྱེ་འཆིའི་གོ་རིམ་འདི་གཉིས་སུས་ཀྱང་བརྒྱུད་དགོས་པར་བསམ་སྟེ་ཁོག་ཡངས་ཅུང་ཟད་རེ་བྱ་ཆོག་མོད། ངའི་ཨ་ཕར་བསམས་ན་སྡུག་བསྔལ་ལ་ཚོད་འཛིན་ཐུབ་ཐབས་མི་འདུག ངའི་ཕ་རྒན་གྱིས་ཉྭ་ཕྲ་བའི་ང་ཚོ་བུ་ཕྲུག་དགུ་དང་ངའི་ཨ་མ་ལགས། ད་རུང་བགྲེས་ལོ་ལོན་གྱི་ཨ་མྱེས་གཉིས་བཅས་བཟའ་མི་བཅུ་གྲངས་ཤིག་གསོ་སྐྱོང་གི་ཆེད་དུ་“ཉིན་གྱི་མི་དང་མཚན་མོའི་ཁྱི་”ཞེས་པའི་དཔེ་ལྟར་ཞིང་འབྲོག་གཉིས་ཀྱི་བྱ་བ་ཐབས་ཅད་པོའི་འགན་ཁུར་དགོས་པ་རེད། ཁ་དཔེར་“གངས་མ་ཆར་ལས་འཁྱགས་སུ་མེད། །ས་མ་འབྲོལ་ལས་དཀའ་བ་མེད།” ཅེས་པ་ལྟར་ཞིང་འབྲོག་གཉིས་ལྡན་གྱི་ཡུལ་མི་དག་ནི་དཀའ་ཚེགས་ཧ་ཅང་ཆེ་བའི་ཚད་ལ་བརྩི་ཞིང་། དགོས་སུ་ངའི་ཕ་རྒན་ལ་མཚོན་ན་མི་གཅིག་གི་ཕྲག་ཏུ་ཡོད་ཚད་པོ་ཁུར་དགོས་དུས་དཀའ་ཚེགས་ཅི་འདྲའི་ཆེ་ཚུལ་ངས་བཤད་མ་ཤེས་རུང་དོན་དུ་གསལ་ནས་ལོས་ཡོད་ཨང་། རྒྱུན་དུ་པ་ཕས་གོས་ལྷམ་གསར་པ་རེ་བྱུང་ན་གྱོན་པར་མི་སྤྲོ་བའི་ཟོལ་གྱིས་ང་ཚོར་གནང་གི་ཡོད། ངས་སྐབས་དེར་ལོ་ན་རྒས་ཏེ་འཕྱོར་གཟུགས་ལ་དོ་སྣང་མེད་པར་བསམ་མྱོང་། ང་ནི་ཅི་འདྲའི་བསམ་མེད་ཅིག་རེད་ཨང་། 
ང་ལོ་ངོ་བཅུ་གྲངས་ཟིན་པ་ནས་བཟུང་བུ་ཆེ་མགོ་དང་། གཡག་རྡང་མགོ་ཟེར་བའི་དཔེ་ལྟར་ཕ་དང་ལྷན་དུ་ཤིང་འཐུ་བ་དང་ཚོང་སྐོར་སོགས་ཀྱི་ཆེད་དུ་བྱེས་ལ་ཡང་ཡང་འགྲོ་དགོས་ལ་སྐབས་དེའི་དྲན་ངོ་གསལ་ཤོས་ཀྱི་ཉི་མ་ཞིག་སྟེ། ཨ་ཕ་ངེད་གཉིས་པོས་རི་ཁ་ལ་བསྐོལ་བའི་ཇ་ཐང་དེའི་བྲོ་བ་བདུད་རྩི་དང་འདྲ་ཟེར་ན་བཤད་མི་བདེ་ཡང་རྗེས་སོར་ཇ་དེའི་བྲོ་བ་ངས་གཏན་ནས་བསྐོལ་མི་ཤེས་ལ་གཞན་ལས་ཀྱང་ཁྱོན་ནས་རག་མ་མྱོང་། 
མཚན་མོ་ཉལ་ཐུལ་གཅིག་གི་འོག་ན་ཨ་ཕ་ངེད་གཉིས་ལྷན་དུ་ཉལ། ངའི་ཡིད་ངོ་ན་ཆེས་གསལ་བ་ཞིག་ལ་ཁོང་གན་རྐྱལ་དུ་ཉལ་དུས་མིག་ཟུར་ནས་འཆི་མ་འོང་བ་ཞིག་ཡིན། སྐབས་དེའི་འཆི་མ་ནི་ཡིད་སྐྱོ་བའི་མཆི་མ་ཞིག་མ་ཡིན་པར་གཟུགས་ཁམས་ཀྱི་རང་བཞིན་ཞིག་ཏན་ཏན་རེད། ཨ་ཕས་སྤྲིན་པ་མེད་པའི་མཚན་མོའི་སྐར་ཚོགས་ལ་གཟིགས་ཀྱིན་དུ་དགོང་ནམ་མཁའ་དྭངས་བ། ལི་ངར་མ་ཤྭ་རྡིག་[ཤ་བའི་པགས་པ་]གིས་ཕྱིས་འདྲ་རེད་གདའ་ར་གསུངས། སྐབས་དེའི་སྐད་གདངས་ཀྱི་ཉམས་འགྱུར་ལས་སེམས་ཁོངས་ན་བརྗོད་མི་ཤེས་པའི་སྤྲོ་སེམས་ཞིག་འཁོལ་ནས་ཡོད་པ་ཤེས་ཐུབ་ཀྱིན་འདུག  མཚམས་དེར་ཨ་ཕས་རང་འགུལ་གྱིས་ཕ་ཀའི་སྐར་མ་སྔོན་རྗེས་བདུན་པོ་དེར་རྔོན་པ་སྤུན་བདུན་ཟེར། སྐར་མ་འདི་དག་བྱང་ནས་ཤར་ཞིང་བྱང་དུ་ནུབ་འགྲོ་ བྱང་གི་རྔོན་པ་སྤུན་བདུན་དེ། བྱང་ནས་ཤར་ཞིང་བྱང་ནས་ལ། སྨན་གོ་ལོག་མ་ཡི་སྐྱེ་བ་རེད། བཟློ་རེད། ཡ་ཀའི་རི་རྩེ་ན་འཆར་ཡོད་པའི་སྒྱུ་སྐར་དེར་སྨལ་པོ་ཟེར། ཧོར་གུར་དཀར་རྒྱལ་པོ་གླིང་གེ་སར་གྱིས་དམ་ལ་འཇོག་སྐབས་གུར་དཀར་གྱི་འདོད་པ་ལྟར་ནམ་མཁར་བཞག་པ་དེ་སྐར་མ་འདི་རེད། ཚུར་ཕྱོགས་ཀྱི་སྐར་མ་གཡས་ལག་དམར་བ་སྡིག་སྒྲིབ་ཆེ་བ་མཚོན་པ་དང་། ཕར་ཕྱོགས་ཀྱི་སྐར་མ་སྔོན་པོ་གཡོན་ལག་སྡིག་པ་ཆུང་བ་དང་། འོག་གི་སྐར་ཕྲེང་རིམ་པ་གཉིས་པོ་ནི་སྐད་གྲི་དང་མཇུག་མ་རེད་གསུངས། སྤྱིར་ང་ནི་གནའ་གཏམ་ཉན་རྒྱུར་ཤིན་ཏུ་དགའ་ཞིང་སྐབས་དེའི་སྒྲུང་གི་མི་སྣ་དག་བློས་བསླངས་གསལ་པོ་རེ་བྱས་ནས་ཡོད། ད་རུང་ཨ་པས་མུ་མཐུད་དེ་ཕར་ཀའི་སྐར་མ་བཞི་ཚོམས་གྲུ་བཞི་ཟུར་ཡོན་མ་དེ་ལ་སྐག་བྱ་རོག་ཟེར་སྐག་བྱ་རོག་གཡག་ཤ་རྐང་པ་འདྲ། །དཔྱད་ཤེས་ན་མགར་བའི་ཏི་ཚ་འདྲ།’ བཟློ་དར། དེའི་གཡས་ཟུར་གྱི་སྔོ་ཆེམ་ཆེམ་བྱེད་པའི་སྐར་ཚོམས་ཆེས་མི་གསལ་བ་དག་ལ་སྐར་མ་སྦོ་ཟེར། སྦོ་སྔོན་མོ་ཕུག་ཁྱུ་འདྲ་ཡོད།’ བཟློ་རེད། སྐར་མ་སུམ་ཚོམས་དེར་བྲ་ཉེ་ཟེར། རྟ་ཡི་གཡང་སྐར་རེད། སྒྲོག་སུམ་ལག་རྟ་ཡི་གཡང་སྐར་ཡིན།’ ཟེར་དར།” ཞེས་དང་། ད་རུང་ལག་སོར་དང་སྨིན་དྲུག་སོགས་མང་དག་གཅིག་ངོ་སྤྲོད་གནང་མྱོང་། ད་ཚོད་བསམ་ན་ང་ཚོའི་གནའ་མི་དག་གནམ་རིག་ལ་ཞིབ་འཇུག་གཏན་ནས་མེད་པ་མིན་པ་འདྲ་དེ་ཨ་པས་གནམ་དཀྱིལ་ན་གསལ་ལ་མི་གསལ་བའི་སྐར་མ་སྔོན་པོ་ཞིག་དང་དམར་པོ་གཉིས་དེར་རྟ་བྲའུ་དང་རྐྱང་ངུ་ཟེར་ཞིང་དེ་གཉིས་ཀྱིས་མཚན་མོར་རྟོད་ཕུར་ལ་སྐོར་བ་གཅིག་ཏག་ཏག་འཁོར་བ་དང་ནམ་ཏག་ཏག་ལང་།” ཚུལ་སོགས་གསུངས་པ་དེས་ཀྱང་མཚོན་ནུས་པར་སྙམ། གང་ལྟར་ཨ་ཕས་ང་ལ་སྒྱུ་སྐར་དག་གི་ངོ་སྤྲོད་གནང་བ་འདི་ནི་ངས་སེམས་གཏིང་ནས་ནམ་ཡང་བརྗེད་མི་སྲིད་པའི་ལག་ལེན་དམར་ཁྲིད་ཀྱི་སློབ་ཚན་ཞིག་ཏུ་གྱུར་འདུག
སྤྱིར་ན་ངས་ཨ་ཕར་བརྩི་ཐང་ཤིན་ཏུ་ཆེ་བསམ་ཡང་ཕ་མས་ཇི་ལྟར་གཅེས་ཚུལ་བུ་ཕྲུག་གི་ཚོར་མི་ཐུབ་པ་ནི་‘ཕ་སེམས་བུ་དང་། བུ་སེམས་རྡོ།’ ཟེར་བའི་དཔེ་ལས་མ་འདས་པ་རེད། དེ་ལྟར་མི་ཚེ་གང་པོར་བསྐྱངས་བསྐྱངས་བའི་བུ་རྒྱུད་ནར་མ་སོན་པའི་སྔོན་ནས་བརྩེ་བའི་བཟའ་ཟླ་དང་གཅེས་པའི་བུ་ཕྲུག དགའ་བའི་གཉེན་ཉེ་སོགས་མི་འདོད་བཙན་གྱིས་བཞག་ནས་འགྲོ་དགོས་པའི་སྡུག་བསྔལ་འདི་འདྲ་ཞིག་ངའི་ཕ་རྒན་གྱི་མགོ་ཐོག་ཏུ་བབས་སོང་བ་ནི་ཅི་འདྲའི་སྙིང་རྗེ་བ་ཞིག་དང་ཤ་ཚ་འོས་པ་ཞིག་རེད། ཐོག་མར་ང་ལ་འཕྲིན་ངན་དེ་འབྱོར་སྐབས་ང་དང་གཅུང་པོ་གཉིས་ནི་ཆ་རྒྱུས་མེད་ཀྱི་ས་མཐར་འབྱོར་ནས་མཐོང་མྱོང་བ་ཡ་ཀའི་ཨ་སྔོན་གནམ་དང་འདྲིས་ཆེ་བ་མ་ཀའི་ས་དོག་མོ་ས་གཞི་གཉིས་ལས་སུ་ཡང་མེད། སྐབས་དེར་ངེད་སྤུན་གཉིས་ཀྱིས་མིག་ཆུ་དྭངས་མོའི་མཆོད་མེ་རེ་སྦར་ཏེ་གདུང་ཡུས་དྲག་པོའི་ངུ་སྐད་རེ་སྒྲོགས་པ་ལས་བྱ་ཐབས་ཅི་ཡང་མ་མཆིས། །

2012/01/02

ཁྱུང་པོ་དང་རལ་པ།

དེ་རིང་ངས་བལ་ཡུལ་ན་བཞུགས་པའི་དྲྭ་གྲོགས་ཞིག་ལ་མི་བཅུ་དྲུག་གི་རིང་ལ་རིག་མ་མྱོང་བའི་ཕ་ཡུལ་ཁྱུང་པོའི་སྐོར་རང་འགུལ་གྱིས་ངོ་སྤྲོད་གང་མང་ཞིག་ཞུས་པ་ཡིན། དེ་ལྟར་བྱེད་དོན་ནི་གཅིག་བྱས་ན་བྱ་རྒས་ན་ཤིང་དྲན། མི་རྒས་ན་ཕ་ཡུལ་དྲན་ཟེར་བའི་དཔེ་ལྟར་ཕ་ཡུལ་དང་ཕ་མ་སྤུན་མཆེད་དྲན་དྲགས་པའི་སྟབས་ཀྱིས་མིན་འགྲོ  དེས་རྐྱེན་བྱས་ཏེ་ཁྱུང་པོའི་ལོ་རྒྱུས་གསལ་བའི་དྲྭ་བ་ཞིག་བཙལ་བཙལ་གྱིས་ཐ་མ་ཀྲུང་གོའི་བོད་ཀྱི་དྲྭ་བ་རུ། དེང་སྐབས་བོད་ནང་གི་གསར་འགོད་བ་ཞིག ལམ་ཞོར་དུ་སྟབས་འཁེལ་ཏེ་ངའི་ཕ་ཡུལ་ཁྱུང་པོ་རུ་ཚར་གཅིག་སོང་མྱོང་འདུག་པ་དེས་ཁྲལ་གསོད་ཙམ་དུ་བྲིས་པའི་ངོ་སྤྲོད་ཅིག་ལས་གཞན་རྩ་བ་ནས་རག་མ་སོང་། རྒྱ་ཡིག་གིས་ཐར་ཐོར་བྲིས་ཡོད་ན་མི་ཤེས། གོང་གི་པར་འདི་ཡང་ཁོས་བླངས་པ་རེད། པར་ནང་གི་འཁྲབ་སྟོན་པའི་མགོ་ཐོག་ཏུ་ལྡིང་ནས་འདུག་པའི་སེམས་ཅན་དེ་ཁྱུང་ཡིན་ཞིང་ཁྱུང་ནི་ཁྱུང་པོ་ཡུལ་གྲུ་མཚོན་རྟགས་ཡིན།  གནའ་གཏམ་བཤད་སྲོལ་ལྟར་ན་ཁྱུང་པོ་སྟེང་ཆེན་དང་ཁྱུང་པོ་གསེར་ཚའི་དབར་གྱི་ལ་དེ་ལ་ཁྱུང་ཉལ་ལ་ཟེར་བཏགས་དོན། གནའ་སྔ་མོ་ཡུལ་འདིར་འགྲོ་བ་མི་མ་ཡོད་པའི་ཡར་སྔོན་དུ་བྱ་ཁྱུང་གིས་བདག་པའི་ལུང་པ་ཡིན་རབས་དང་། ཁྱུང་གི་སྒོ་ང་དཀར་ནག་སེར་གསུམ་བརྡོལ་བའི་ནང་ནས་ཁྱུང་པོ་དཀར་ནག་གསེར་གསུམ་གྱི་མི་རྒྱུད་བྱུང་བའི་ལྷ་སྒྲུང་བཤད་སྲོལ་ཡོད། དོན་དངོས་ཀྱིས་བཤད་ན་ཁྱུང་ལས་མཆེད་པའི་མི་རིགས་ཕར་བཞག  ཁྱུང་ཟེར་བའི་བྱ་འདི་འདྲ་ཞིག་ཡོད་མྱོང་བའི་ཁུངས་ལུང་རྒྱུ་མཚན་ཞིག་ད་བར་རག་མེད། 
གཅིག་བྱས་ན་གནའ་བོའི་སེམས་ཅན་{dinosaur}ཌི་ནོ་སོར་སྟེ་གཏུམ་འབྲུག་གམ་རྨིག་པ་གླང་གཟུགས་ཟེར་བ་དག་ཡིན་མི་ཆོག་གམ་སེམས། དེ་མིན་གལ་ཏེ་ཁྱུང་པོ་བ་དག་ཁྱུང་ལས་བྱུང་བར་ཆ་བཞག་ན་ཁྱུང་པོ་བ་བོད་མི་རིགས་མ་ཡིན་པར་ཐལ་བ་སྟེ་བོད་མི་རིགས་ཚང་མ་བྲག་སྲིན་དང་སྤྲེལ་རིགས་ལས་བྱུང་བར་ཡོངས་གྲགས་ཡིན་པས་སོ། །འོག་གི་ཕོ་གཞོད་དག་གིས་རལ་པ་འཁྲབ་ཀྱི་ཡོད་པ་སྟེ་རལ་པའི་སྒྱུ་རྩལ་གྱི་ཕ་ཡུལ་ནི་ཁྱུང་པོ་ཁོ་ན་ཡིན་པར་རླུང་ལྟར་གྲགས་ནས་ཡོད། ༼ཁ་སྐད་དུ་རེད་པ་ཟེར་༽ ངས་རང་ཉིད་ཕ་ཡུལ་དུ་བསྡད་སྐབས་རལ་པའི་སྒྱུ་ལ་མཁས་པའི་ཁྱིམ་རྒྱུད་དེ་འདྲ་མཐོང་མྱོང་ཡོད། ཁོང་ཚོའི་བུ་དང་བུ་མོ། ཕ་རྒན་དང་མ་རྒན་ཚང་མས་འཁྲབ་སྟོན་བྱེད།  ཁོང་ཅག་སྟོད་མངའ་རིས་སྐོར་གསུམ་ནས་སྨད་དར་རྩེ་མདོ།  དབུས་ཉི་མ་ལྷ་ས་སོགས་བོད་ཀྱི་ས་གནས་གང་སར་བསྐོར་ཏེ་རལ་པ་འཁྲབ་སྟོན་ཀྱི་འཚོ་བ་ལ་རོལ་གྱི་ཡོད། ང་ཚོའི་གྲོང་པ་དང་སྡེ་དགོན་ཚང་མ་ལ་འང་ལོ་ལྟར་འཁྲབ་ཏུ་ཡོང་གི་ཡོད། རལ་པ་འཁྲབ་སྐབས་བཙོག་གཏམ་བཤད་དེ་གནའ་སྲོལ་ལ་གོམས་པའི་གྲོང་གསེབ་པའི་ཕ་མ་སྤུན་མཆེད་ལྷན་དུ་བལྟས་ན་མི་བཟོད་པ་ཞིག་ཡོད། གང་ལྟར་ཁྱིམ་ཚང་དེ་དག་ལ་ཡོང་སྒོ་ཆེ་བ་སྟེ་དགོན་པ་དང་ཁྱིམ་ཚང་ཆེ་རིགས་ཀྱིས་གྲོ་ནས་ཀྱི་སྒྲོ་བ་བརྩེགས་ཏེ་བརྔན། ཟངས་དཀར་ཇ་ཆང་གིས་བསྐྱིལ་སྟེ་འབོད་དགོས་ཀྱི་ཡོད། གལ་ཏེ་གནང་སྤྱིན་ཉུང་དྲགས་སོང་ན་རལ་པ་འཁྲབ་སྐབས་བཞད་གད་བསླངས་ཞོར་ཟུར་ཟ་དང་འཕྱ་སྨོད་བྱས་པ་ངས་ཀྱང་དངོས་སུ་གོ་མྱོང་ཡོད།

2012/01/01

ལོ་གསར།༼སྤྱི་ལོ༢༠༡༢༽

ལོ་གསར་ནི་མི་ཚོས་དཀའ་སྡུག་གི་ཚི་དྲེག་ཆགས་པའི་གོས་ཧྲུལ་དང་ལོ་རྙིང་ལྷན་གཅིག་ཏུ་ཕར་ལ་ཕུད་པའི་ཉིན་མོ་དང་། བདེ་སྐྱིད་ཀྱི་རེ་བར་འོད་མདངས་ཀྱིས་འཁྱུད་པའི་གནས་ལོ་གསར་པའི་དར་གོས་ཀླུབ་པའི་ཉིན་མོ་རེད། ཉིན་མོ་འདིར་ཆུང་བྱིས་པ་ཡན་ཆོད་ནས་རྒན་མགོ་དཀར་མན་ཆོད་ཚང་མས་དགའ་འབོད་ཀྱི་ཀི་སྒྲ་ལྷང་ལྷང་། དགའ་བསུའི་ཐལ་སྒྲ་འུར་འུར་གྱི་ངང་དུ་མཁའ་ལ་ཤོག་སྦག་གི་མེ་ཏོག་བཀས་ཏེ་དགའ་བསུ་ཞུ་འགྲོ། ས་ལ་མཛེས་རྒྱན་གྱིས་མེ་ཏོག་བཀོད་དེ་དགའ་བསུ་ཞུ། ཁྱིམ་དུ་སྟོན་མོ་དང་གླུ་གར་གྱི་མེ་ཏོག་སྤྲོས་ཏེ་དགའ་བསུ་ཞུ་ལ། ཡ་ཆུང་དུ་སྤྲོ་སེམས་ཀྱི་མེ་ཏོག་རབ་ཏུ་བཞད་དེ་དགའ་བསུ་ཞུ། དགའ་བསུ་ཞུ་འགྲོ། དགའ་བསུ། འོན་ཀྱང་ང་ལ་མཚོན་ན་སང་ཉིན་ནས་བཟུང་འབྲེལ་འདྲིས་མེད་པའི་ཆ་མེད་ཀྱི་སྤྱི་ལོ་ཉིས་སྟོང་བཅུ་གཉིས་ཟེར་བའི་མི་འདོད་བཙན་གྱིས་བསུས་པའི་བག་མ་འདིས་ང་གང་ཞིག་ཏུ་བསྐྱལ་ཡོང་ན་བསམ་པའི་དོགས་གནས་ཤིག་གི་སྡོམ་ཐག་དཀར་ནག་ཁྲ་གསུམ་ཀླད་པར་བཀྲམས་ནས་ཡོད། ཀུ་རེ་རྩེས། དོན་དངོས་ནས་བཤད་ན་ང་ཡང་ལོ་ན་ཆུང་སྐབས་ལོ་གསར་ལ་ཧ་ཅང་དགའ། ཕར་ཆེར་ལོ་གསར་མ་ཚེས་པའི་ཟླ་བ་གཉིས་ཙམ་གྱི་རིང་ནས་བཟུང་ལོ་གསར་ལ་ངང་བསྒུགས་བྱེད། ངའི་ཕ་ཡུལ་གྱི་ལོ་གསར་ནི་ཕ་ཡུལ་གྱི་ཁ་དཔེ་ལྟར་"བོད་ལོ་གསར་ལུག་མགོ་ལོ་གསར་རེད། རྒྱ་ལོ་གསར་ཤོག་བུའི་ལོ་གསར་རེད།" ཟེར་སྲོལ་ལྟར་ལུག་མགོ་ལོ་གསར་ངོ་མ་རེད། ང་ཚོའི་ཁྱིམ་ཚང་གི་སྟོན་བཤས་བྱས་པའི་གཡག་ལུག་ར་གསུམ་གྱི་མགོ་དག་ལོ་གསར་གཏོང་ཆེད་བསགས་ནས་འཇོག་སྲོལ་ཡོད། གནམ་གང་ཉིན་མོར་མགོ་འཚོད་པ་དང་། མགོ་ཞག་ལྡག་ཅིང་ལྕེ་ཟ་སྲོལ་ཡོད། མགོ་ནི་ལོ་གསར་དངོས་གཞིའི་ཆེད་དུ་ཁྱིམ་མི་ཚང་མར་སྐལ་བ་བགོ་བ་དང་དེ་ནས་སོ་སོར་སྡེར་ཁ་བསྒྲིགས་ཏེ་བཤམས་ནས་འཇོག གནམ་གང་གི་དགོང་མོ་དེར་ང་ནི་ཕར་ཆེར་མཚན་མོ་གཉིད་མི་འོངས་པར་ནམ་ལང་རྒྱུ་བསྒུགས་ནས་འདུག ཞོགས་པ་ཚུ་ཚོད་བཞི་དང་ཕྱེད་ཙམ་ནས་ཕྱི་རུ་བསང་གཏོང་ཞིང་ཀི་བསྭོ་ལྷ་རྒྱལ་འཐེན། ཨ་མས་བཟོས་པའི་བོད་ཇ་རླངས་པ་ཐུལ་ལེ་བ་དང་གྲོ་བསྲེགས་ཟོས་ཚར་བ་དང་ནམ་མ་གསལ་བའི་སྔོན་ནས་ཆུ་ལེན་དགོས་ཤིང་ཆུ་དེའི་མིང་ལ་“སྐར་མ་ཞོགས་ཆུ་”ཟེར། ཆུ་དེ་སྔོན་ལ་སུས་ལོན་འགྲན་ཞིང་ཁྲམ་པ་ཚོས་ཀུ་རེ་རྩེ་ཁུལ་གྱིས་བུད་མེད་དག་གི་ཆུ་ཕུད་འཕྲོག་འགྲོ། ཆུ་དེས་མགོ་དང་ངོ་གདོང་འཁྲུ་སྲོལ་ཡོད། ངས་ནི་ཆུ་དེ་བདུད་རྩི་ཞིག་ཏུ་བསམ་གྱི་ཡོད་ཨང་། ད་རུང་ཨ་མྱེས་ལོ་གསར་སྐབས་སུ་ལོ་རྒན་དྲུག་བཅུ་པོ་ཁྱིམ་ཚང་ཚང་མར་མགྲོན་དུ་ཡོང་གི་རེད་གསུངས་མྱོང་། ངས་ཀྱང་ལུག་མགོ་ཅན་སོགས་ཀྱི་འཆར་སྣང་གསལ་པོ་རེ་བློས་བཟོས་ཏེ་བདེན་པར་བཟུང་མྱོང་ཨང་། དད་པ་ཅན་ཟེར་ན་གང་དྲག ད་ཚོད་ངས་ལོ་གསར་སྟོན་མོའི་ནང་གི་ཟས་རིགས་དྲན་ཆེ་ཤོས་དེ་ནི་ནས་ཆང་སེར་མོ་དང་། ལུག་ཤ་བཙོས་མ་གཉིས་དེ་རེད་འདུག ད་ལྟ་ང་མི་ཡུལ་དུ་གྱར་ནས་མི་ལོ་ ༡༥ ལྷག་བརྒལ་འདུག་ལ་མི་ལོ་དེ་དག་གི་རིང་ལ་ངས་སེམས་གཏིང་ནས་དགའ་བའི་ལོ་གསར་ཐེངས་གཅིག་ཀྱང་གཏོང་མ་མྱོང་། རྒྱུ་མཚན་གཅིག་དེ་བརྩེ་བའི་ཕ་མ་དང་སྤུན་མཆེད་དང་ཁྲ་བྲལ་ནས་མི་ཡུལ་དུ་འཚོ་བ་ལ་རོལ་དགོས་ཙང་ཡིན། གཉིས་པ་དེ་ལོ་ན་རྒན་རིམ་བཞིན་དུ་གཞོན་དུས་ཀྱི་སྤྲོ་སྣང་ཡལ་འགྲོ་བ་རྒྱུན་ལྡན་ཡིན་ཙང་མི་འགྲོ། གང་ལྟར་ང་ལ་རྒྱ་བོད་གང་གི་ལོ་གསར་ཡིན་རུང་སྤྲོ་སྣང་མི་འདུག

2011/12/29

ཆེས་ཐ་མའི་མི་སྐད། ༩༽

Alf Palmer
༩) ཨལ་ཧྥུ་ པལ་མར་ (Alf Palmer 1891 – 1981) ནི་ཝ་རུང་གྷའི་སྐད་རིགས་སྨྲ་མཁན་ཐ་མ་དེ་རེད། ཁོང་ནི་ཨོ་སི་ཊོ་ལི་ཡའི་ཁུ་ཡེན་ལན་ཌི་ (Queenland) སྟེ་རྒྱལ་མོའི་ས་ཆ་ཟེར་བའི་ཊོན་ཝིལ་ན་སྐྱེས་ཤིང་ཐ་མ་ས་གནས་དེ་ག་རང་དུ་གྲོངས་ཡོད་པ་དང་པར་རིས་ནང་གི་གཡོན་ཕྱོགས་སུ་བཞུགས་མཁན་དེ་ཡིན། ཁོང་ནི་ས་གནས་དེའི་ཡུལ་མི་ཡིན་སྟབས་རང་གི་ཕ་སྐད་སྨྲ་ཐུབ་པ་མ་ཟད། ཁོང་གིས་མི་ཚེའི་ནང་ཉི་ཧོང་དང་ཨོ་སི་ཊི་ལ་ཡིའི་ནང་ནས་སྐད་རིགས་ཉམས་གསོའི་བྱ་བར་འབད་བརྩོད་གང་ཐུབ་གནང་ཡོད། གང་ལྟར་ད་ཆ་ངས་བཀོད་ཀྱིན་པའི་སྐད་རིགས་འདི་དག་ནི་ལོ་རྒྱུས་ནང་གི་ཟིན་ཐོ་ཙམ་ཞིག་དུ་གྱུར་ཟིན་པ་རེད། དེས་ན་ད་ལྟའི་ལྕགས་གཟེབ་ཏུ་བསྡམས་པ་འདྲ་བའི་ང་ཚོ་བོད་གངས་པའི་ཕ་སྐད་འདིའི་མ་འོངས་པའི་གནས་སྟངས་གང་འདྲ་ཡིན་ན་བསམ་བཞིན་ང་རྒྱུན་དུ་ཕངས་སེམས་དང་ཞེད་སྣང་གཉིས་ཀ་སྐྱེ་བཞིན་ཡོད།