2014/02/21

སྐད་ཡིག་དཔྱད་རྩོམ།

སྐད་ཡིག་ཤུགས་འབྱུང་དང་སྐད་ཡིག་འབད་སྦྱོང་གི་མཐུན་རྐྱེན་སྐྲུན་ཐབས།

མཁན་པོ་ཨོ་རྒྱན་རིག་འཛིན། ༢༠༡༤། ༡༢། ༡༥།

སྔོན་གླེང་།

དགོངས་མངའ་ལྟར་དེང་གི་དུས་སུ་རང་རེའི་བོད་ཀྱི་སྐད་ཡིག་དང་། མི་རིགས། རིག་གནས་དང་བཅས་པ་འཇིག་ཉེན་གྱི་གནས་སུ་གྱར་བཞིན་པ་འདིའི་ཐོག་བོད་ཕྱི་ནང་གང་ས་ནས་ལྷག་བསམ་དང་ཤེས་འཇོན་ལྡན་པའི་མི་སྣ་མི་ཉུང་བ་ཞིག་གིས་སྒེར་དང་ཚོགས་པའི་རྣམ་པ་གང་འོས་ཀྱི་ལམ་ནས་སྐད་རིགས་སྲུང་སྐྱོབས་ཀྱི་ལས་ལ་འབད་བཞིན་པ་སྟེ། དཔེར་ན་བོད་དུ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་མཆོག་གིས་རང་མི་རིགས་ཀྱི་སྐད་རིགས་སྲུང་སྐྱོབས་ཐད་ཀྱི་ཆེད་རྩོམ་«ལུག་རྫི་རྒན་པོའི་ཀི་སྒྲ་»དང་། སྐད་ཡིག་སློབ་གསོའི་འཆད་ཁྲིད་«དུས་རབས་ཀྱི་རྔ་སྒྲ་»ཚིག་མཛོད་«རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་»འདྲ་བའི་རིན་ཐང་གཞལ་དུ་མེད་པའི་བརྩམ་བྱ་དང་འཆད་ཁྲིད་རེ་རེས་ཀྱང་སྐམ་རྙིད་ལ་ཕྱོགས་པའི་བོད་ཀྱི་སྐད་ཡིག་ལ་གསོན་ཤུགས་གསར་པ་ཞིག་སྦྱིན་བཞིན་པ་ལྟ་བུ་རེད།
དེ་མཚུངས་ང་ཚོ་བཙན་བྱོལ་བའི་སྤྱི་ཆོགས་འདིའི་ནང་དུ་ཡང་བོད་སྐད་ཡིག་དར་སྤེལ་དང་སྲུང་སྐྱོབས་གནང་ཕྱོགས་ཐད། རིང་མིན་ལོ་ཤས་ཡར་སྔོན་ཏེ་ ༢༠༠༥ ཙམ་ནས་དབུས་ཤེས་རིག་ལས་ཁུངས་ནས་ཡོངས་ཁྱབ་ལག་ལེན་འཁྱོལ་མིན་ལ་མ་ལྟོས་པར་ཤེས་ཡོན་ལྟ་གྲུབ་གསར་པ་གཏན་འབེབས་གནང་ཞིང་དེའི་དགོངས་དོན་བཞིན། རང་རེའི་ཕ་སྐད་འདི་སྐད་ཡིག་དང་པོའི་ངོ་བོར་སློབ་ཁྲིད་བྱ་རྒྱུར་ཚོད་ལྟའི་སླད་དུ་མེས་དབོན་གཙུག་ལག་དཔེ་སྟོན་སློབ་གྲྭ་དངོས་སུ་བཙུགས་ཏེ་ལམ་ལྷོངས་འབྱུང་བཞིན་པའི་སྒང་ལྟ་བུ་རེད། འོན་ཀྱང་ང་ཚོས་སྒྲུབ་ཀྱིན་པའི་བྱ་བ་འདི་ཙམ་གྱིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་དར་སྤེལ་བགྱི་བའི་ནུས་ཤུགས་ཡོངས་སུ་རྫོགས་མེད་སྟབས། ང་ཚོས་ད་དུང་ཡང་རྒྱུན་སྐྱོང་གི་གོག་འགྲོས་ཙམ་མ་ཡིན་པར་གསར་གཏོད་ཀྱི་མཆོང་ལྡིང་ལ་བརྟེན་ཏེ་རང་རེའི་སྐད་ཡིག་འདི་འཇིག་རྟེན་གྱི་རྩེ་རུ་བཏེག་དགོས་པ་ནི་འདམ་ག་མེད་པའི་འདམ་ག་ཉག་གཅིག་ཏུ་སོང་ཡོད། དེའི་སྟབས་ཀྱིས་ཕྲན་རང་ཉིད་ཀྱང་ཤེས་ཡོན་གྱི་ན་ཚོད་ཕྲ་ཡང་རང་གི་འཇོན་ནུས་ལ་དཔགས་ཏེ་སྐད་ཡིག་ཤུགས་འབྱུང་དང་སྐད་ཡིག་འབད་སྦྱོང་གི་མཐུན་རྐྱེན་སྐྲུན་ཐབས། སྐད་བརྡ་ཚན་རིག་ལ་གཞི་བཅོལ་ཏེ་ཅུང་ཟད་སྤྲོ་བར་འདོད།

སྐད་རིགས་ཤུགས་འབྱུང་དང་སྐད་ཡིག་འབད་སྦྱོང་གི་ཁྱད་པར།

སྤྱིར་སྐད་རིགས་ཤིག་ཤེས་དགོས་ན་ངེས་པར་བརྒྱུད་ལམ་གཉིས་ལ་བརྟེན་ནས་ཤེས་དགོས་པ་སྟེ། དེ་ནི་སྐད་ཡིག་ཤུགས་འབྱུང་དང་སྐད་ཡིག་འབད་སྦྱོང་གི་ཆ་རྐྱེན་གཉིས་ཡིན་པ་རེད། 
དང་པོ། སྐད་ཡིག་ཤུགས་འབྱུང་ནི་དཔེར་ན་རང་གི་ནང་མི་དང་། གྲོགས་པོ། ཁྱིམ་མཚེས་དག་ལས་སྐད་ཆ་ཐོས་ནས་ཤེས་པ། གློག་བརྙན་འཕྲིན་དང་བརྡ་འཕྲིན་དྲྭ་བ་ལ་བལྟས་ནས་ཤེས་པ། གླུ་གར་གཏམ་བརྗོད་ལ་བལྟས་ནས་ཤེས་པ། དེབ་བཀླགས་ནས་ཤེས་པ་སོགས་མདོར་ན་དགེ་རྒན་ཞིག་གིས་ཆེད་དུ་མ་བསླབས་པར་ཕྱིའི་ཤུགས་རྐྱེན་ནམ། མཐུན་རྐྱེན་ལ་བརྟེན་ནས་སྐད་ཡིག་རང་ཤུགས་ཀྱིས་ཤེས་འོང་བ་ལ་ཟེར། 
གཉིས་པ། སྐད་ཡིག་འབད་སྦྱོང་ནི་དགེ་རྒན་ཞིག་གིས་ཆེད་དུ་ཚིག་དོན་ངོ་སྤྲད་དེ་སློབ་ཁྲིད་བྱ་བ་ལ་གོ་དགོས། དེ་ཡང་༡༩༨༠ ནང་ལ་སྐད་བརྡ་ཚན་རིག་གི་མཁས་དབང་སི་ཊེབ་ཧྥན་ཀིར་ཤེན་ (Stephen Krashen in the 1980s) གྱིས་སྐད་ཡིག་ཤུགས་འབྱུང་དང་སྐད་ཡིག་འབད་སྦྱོང་བར་ལ་ཁྱད་པར་འགའ་ཞིག་བཞག་ཡོད་པ་སྟེ། སྐད་རིགས་ཤུགས་འབྱུང་ནི་རེ་དོགས་དང་འབད་རྩོལ་སོགས་ལ་ལྟོས་ཏེ་སྦྱོང་བ་མ་ཡིན་པར། ཕྱིའི་རྐྱེན་ལས་ངམ་ངམ་ཤུགས་ཤུགས་ཀྱིས་ཤེས་འོང་རྒྱུ་ཞིག་དང་། སྐད་ཡིག་འབད་སྦྱོང་ནི་དེ་ལས་ལྡོག་སྟེ་རེ་དོགས་དང་འབད་རྩོལ་གང་མང་བརྒྱུད་དེ་སྦྱོང་དགོས་ཀྱི་ཡོད་ཚུལ་དང་། གང་ལྟར་སྐད་ཡིག་འབད་སྦྱོང་ལས་སྐད་ཡིག་ཤུགས་འབྱུང་གལ་ཆེ་ལ་ལྷག་པར་དུ་བྱིས་པ་ལ་ཐབས་ལམ་འདི་ཧ་ཅང་གནད་ཆེ་ཞིང་མེད་དུ་མི་རུང་བ་ལྟ་བུ་ཆགས་ཡོད་པར་གསལ།

སྐད་ཡིག་ཤུགས་འབྱུང་ནི་སྐད་ཆའི་ཁོར་ཡུག་གམ་མཐུན་རྐྱེན་ལ་རག་ལས་པ། 

སྐད་ཡིག་ཞིབ་འཇུག་པ་རྗེ་རེ་མེས་ཧར་མེར་ (Jeremy Harmer Cambridge, UK) ཀྱིས་བརྩམས་པའི་«དབྱིན་ཇི་ཇི་ལྟར་སྦྱོང་»ཞེས་པའི་ཆེད་རྩོམ་ནང་གསལ་བ་ལྟར་ན། བྱིས་པ་ལོ་གཉིས་ནས་དྲུག་གི་བར་དུ་ཐོས་པའི་ཁོར་ཡུག་ཧ་ཅང་གཙོ་ཆེ་ལ། སྐབས་དེར་རང་གི་ཉེ་འཁོར་གྱི་སྐྱེ་བོ་དག་གིས་བྱིས་པ་རང་ཉིད་ལ་བཤད་པའམ། ཁོང་ཚོ་ནང་ཕན་ཚུན་བཤད་པའི་སྐད་ཆ་ཐོས་པ་སོགས་ལ་བརྟེན་ཏེ་ཕྲུ་གུ་ཕལ་མོ་ཆེས་སྐད་རིགས་བདེ་བླག་ཏུ་ཤེས་ཐུབ་ཀྱི་ཡོད། སྤྱིར་ཕྲུ་གུ་ལོ་དྲུག་མན་ཡིན་ཚེ་སྐད་རིགས་རང་བཞིན་གྱིས་ཤེས་པའི་ནུས་ཚད་བརྒྱ་ཆ་བརྒྱ་ཡིན་པ་སྟེ། དཔེར་ན་ལོ་ན་གཉིས་ལ་སོན་པའི་ཕྲུ་གུ་ཞིག་ལ་ཕ་མས་གཏམ་བཤད་ཚེ་ཕ་མར་སྐད་ཡིག་སློབ་པའི་འདུ་ཤེས་ཕལ་ཆེར་མེད་ལ། ཕྲུ་གུ་ཆུང་ཆུང་དེ་སློབ་སྦྱོང་གི་བྱ་བ་ལ་ཞུགས་པའི་རེ་བའང་དེ་བས་མེད། ཁོང་ཚོའི་རེ་འདོད་ནི་བྱིས་པ་ཆུང་ཆུང་དེས་སྟབས་བདེའི་ཚིག་འབྲུ་འགའ་ཞིག་ཁ་ནས་བཤད་ཐུབ་རྒྱུ་དེ་ཙམ་རེད་མོད་བྱིས་པ་དེར་སྐད་རིགས་ཤུགས་འབྱུང་གི་སྦྱོང་བརྡར་ཤུགས་ཆེན་ཐེབས་ཀྱིན་ཡོད་པ་ལྟ་བུ་རེད། འོན་ཀྱང་ལོ་ན་སོན་རིམ་བཞིན་ཤུགས་འབྱུང་གིས་ཤེས་ཚད་དེ་ཡང་རིམ་གྱིས་དལ་དུ་འགྲོ་ཞིང་། ལོ་ན་བཅུ་གཉིས་ཙམ་ལ་སླེབས་པ་ནས་བཟུང་སྐད་ཡིག་ཤུགས་འབྱུང་གི་ནུས་ཚད་དེ་ཧ་ཅང་ཞན་དུ་འགྲོ་ཞེས་འཁོད་ཡོད། དེ་བཞིན་དུ་སྐྱེ་བོ་རང་ཉིད་འཚར་ལོངས་འབྱུང་སའི་ཡུལ་སྐད་གང་ཡིན་པ་དེ་སྐྱེ་བོ་དེའི་སྐད་རིགས་དང་པོའམ། ཕ་སྐད་དུ་ཆ་འཇོག་དགོས་པ་ལས་འཛིན་གྲྭའི་ནང་གང་ཞིག་གཙོ་བོར་སློབ་མིན་དང་། ཕ་མྱེས་ཀྱི་སྐད་རིགས་གང་ཞིག་ཡིན་མིན་གྱིས་ཕ་སྐད་དུ་འཇོག་སྲོལ་མེད་པ་འདྲ། སྐབས་འདིའི་ཕ་སྐད་ནི་སྐྱེ་བོ་རང་ཉིད་ལ་གོམས་འདྲིས་ཆེ་ཤོས་སམ་བཀོལ་སྤྱོད་བདེ་ཤོས་ཀྱི་ཡུལ་སྐད་དེར་གོ་དགོས།
སྐད་ཡིག་ཤུགས་འབྱུང་ཐད་བོད་ཀྱི་སྤྱི་ཚོགས་ལ་མཚོན་པ་ཡིན་ན། བོད་ཡིག་ཀ་ཁ་ཙམ་ཡང་སྦྱངས་མ་མྱོང་བའི་བོད་ནང་གི་ནོར་རྫི་ལྟ་བུ་ཞིག་ལ་ཀ་བོང་མགོ་ཙམ་བསྟན་ན་ངོ་མི་ཤེས་ཀྱང་བོད་སྐད་བཤད་ན་སྐད་ཆའི་དངོས་ཤུགས་ཀྱི་གོ་བ་ལེན་སྟངས། ཚིག་གི་ཉམས་འགྱུར་སྟོན་ཚུལ་སོགས་སྒྱུ་རྩལ་ཕུན་སུམ་ཚོགས་ཡོད་ལ། ལྷག་པར་དུ་བློ་རིག་ལྡན་པ་འགའ་རེས་ནི་གེ་སར་གྱི་སྒྲུང་དེབ་ལག་པས་ཁྱོག་ཚད་དེ་འདྲ་ངག་ཐོག་ནས་རྩོམ་གྱི་ཡོད། དེ་མིན་གཏམ་བརྗོད་དང་། ཁ་ཤག གླུ་ཚིག་སོགས་ངག་ ཐོག་རྩོམ་རིག་མང་དག་ཅིག་ཡིག་རྨོངས་བའི་ཁྲོད་ནས་བྱུང་དང་འབྱུང་བཞིན་ཡོད་པ་སྨོས་སུ་མེད་ཅིང་རིགས་འདི་དག་ནི་ཉན་བཤད་ཀྱི་ཁོར་ཡུག་ལས་བྱུང་བ་ཞེ་གཅིག་ཡིན། དཔེར་ན་ཉན་བཤད་ཀྱི་ཁོར་ཡུག་གི་ཐད་ལ་འདི་གའི་ནང་བསྟན་སྲི་ཞུ་ཁང་ནས་«དག་ཡིག་གསར་སྒྲིག»གི་མིང་ཚིག་ཤེས་ཚད་ལ་ཞིབ་འཇུག་བྱས་འབྲས་སུ་བོད་ནས་སློབ་གྲྭར་སོང་མ་མྱོང་བ་ཞིག་དང་བཙན་བྱོལ་ནང་གི་འཛིན་གྲྭ་བཅུ་གཉིས་མཐར་ཕྱིན་པའི་སློམ་མ་གཉིས་ཀྱི་བོད་སྐད་ཤེས་ཚད་ལ་ཁྱད་མེད་པ་ལྟ་བུ་བྱུང་ཡོད། གལ་ཏེ་ཕྱོགས་གཉིས་ཀ་ནས་སློར་གྲྭར་སོང་མྱོང་བ་གཉིས་ལ་མཚོན་པ་ཡིན་ན། བོད་ནང་གི་དེའི་མིང་ཚིག་ཤེས་ཚད་བརྒྱ་ཆ་ ༧༠% དང་བཙན་བྱོལ་ནང་གི་དེའི་མིང་ཚིག་ཤེས་ཚད་བརྒྱ་ཆ་ ༤༦% ཡིན་པ་རེད། དེའི་རྒྱུ་མཚན་ནི་བཤད་མ་དགོས་པར་སྐད་ཆའི་ཁོར་ཡུལ་ལ་རག་ལས་སོང་བ་ལས། སྤྱིར་བཏང་ཡིན་ན་སྐད་བརྡ་རིག་པའི་ཞིབ་འཇུག་ནང་ (Wren, Sebastian, Developing Research-Based Resources for the Balanced Reading Teacher, accessed 17 June 2013) ཁོར་ཡུག་གཅིག་གམ་གཅིག་མཚུངས་ཤིག་གི་ནང་དུ་སློབ་གྲྭར་སོང་མ་མྱོང་བའི་ནར་སོན་པ་ཞིག་གིས་མིང་ཚིག་ ༦༠༠༠ སྐོར་དང་འཛིན་གྲྭ་བཅུ་གཉིས་ཐོན་མཁན་སློབ་མ་ནར་སོན་པ་ཞིག་གིས་མིང་ཚིག་ ༡༡༠༠༠ ཙམ་བེད་སྤྱོད་ཐུབ་ཀྱིན་ཡོད་པ་གསལ་འདུག རེད་དེ་བཙན་བྱོལ་ནང་གི་བུ་ཕྲུག་ཚོས་མི་ལོ་བཅོ་ལྔའི་རིང་འཛིན་ཁང་ནང་དུ་དཀའ་ཐུབ་ཇི་ལྟར་སྤྱད་ཀྱང་བོད་དུ་འཚར་ལོངས་བྱུང་བའི་ཡིག་རྨོངས་བ་ནོར་རྫི་ཞིག་དང་འདྲ་བར་མིང་ཚིག་ ༦༠༠༠ ཙམ་ལས་མི་ཤེས་པ་འདི་སྐད་ཆའི་ཁོར་ཡུག་གི་མཐུན་རྐྱེན་ཚད་ལྡན་མེད་པ་ལས་བྱུང་བ་མཇུག་འབྲས་ཀྱིས་ར་སྤྲོད་བྱས་ཡོད། གལ་སྲིད་བཙན་བྱོལ་ནང་དུ་ཉམས་ཆག་འདི་མུས་སོང་བ་ཡིན་ན་འདི་ནས་ལོ་ངོ་བརྒྱ་སོང་མཚམས་བཙན་བྱོལ་བ་ཚོས་«དག་ཡིག་གསར་སྒྲིག་»ནང་གི་མིང་ཚིག་བརྒྱ་ཆ་ ༦% སྟེ་ཚིག་རྐང་ ༤༢༠ སྐོར་ལས་མི་ཤེས་པས་སྐབས་དེར་བོད་སྐད་ཤོད་རེ་གཏན་ནས་མེད་འདུག་ཨང་།
ད་འོ་ན། ང་ཚོས་བཙན་བྱོལ་ནང་དུ་སྐད་ཆའི་ཁོར་ཡུག་ཚད་ལྡན་ཞིག་བསྐྲུན་ཐུབ་བམ་ཞེ་ན། ཧིན་དྷུའི་རྒྱ་མཚོ་ཆེན་པོ་འདིའི་ནང་དུ་བོད་སྐད་ཀྱི་མེ་ཞིག་འབུད་དགོས་དུས་དཀའ་ཚེགས་ཆེ་བ་བརྗོད་མི་དགོས་ཀྱང་ཐབས་ལམ་གཏན་ནས་མེད་པ་ཡང་ག་ལ་ཡིན། འདི་ལའང་གང་ཟག་སྒེར་ངོས་ནས་སྒྲུབ་དགོས་པ་ཁག་གཅིག་དང་གཞུང་དང་ཚོགས་པའི་ངོས་ནས་བསྒྲུབ་དགོས་པའི་རིགས་གཉིས་ཡོད་པར་སེམས།

དང་པོ། 

སྐད་ཡིག་ཆེད་རྩོམ་«ལུག་རྫི་རྒན་པོའི་ཀི་སྒྲ»ལས་གསུངས་པ་ལྟར་སྐད་རིགས་ཤིག་རྒྱུན་གནས་དགོས་ན་ངེས་པར་དུ་སྐད་དེའི་བདག་པོ་མི་རིགས་དེ་དག་ལྷན་གཅིག་ཏུ་འདུས་སྡོད་བྱས་ཐོག་སྐད་ཡིག་བཀོལ་སྤྱོད་དགོས་པ་དེ་གནད་དམ་པར་གདམས་ཡོད། དེའང་ཡིན་ཏེ་དཔེར་ན་དེང་སང་པ་ཀི་སྠན་གྱི་མངའ་ཁོངས་ན་ཡོད་པའི་སྦལ་ཏི་བོད་རིགས་ཀྱི་སྐོར་ ༢༠༠༩ ལོའི་«བོད་ཀྱི་དུས་བབ་»ལ་འཁོད་པ་ལྟར་ན། སྦལ་ཏི་སི་ཐན་ (Baltistan) ཞེས་འབོད་པ་ནི་པ་ཀི་སི་ཐན་གྱི་བྱང་ཤར་མཐའ་མཚམས་སུ་ཆགས་ཡོད་ལ། རོབ་རྩིས་བྱས་ན་ས་ཁྱོན་ལ་ཀེ་ལོ་མི་ཊར་གྲུ་བཞི་མ་ ༡༠༡༡༨ དང༌། མི་འབོར་འབུམ་བཞི་ ༤༠༠༠༠༠ ལྷག་ཡོད་པ་རེད། ཡུལ་འདིའི་མི་རྣམས་ཀྱིས་བོད་སྐད་དམ་སྟོད་སྐད་ཅེས་འབོད་བཞིན་པའི་བོད་ནུབ་ཕྱོགས་ཁུལ་གྱི་ཡུལ་སྐད་བཤད་ཀྱི་ཡོད་ལ། བོད་ཀྱི་ལོ་རྒྱུས་ལྟར་ན། [...] ཡང་མངའ་རིས་སྐོར་གསུམ་ནང་གི་འཆིམ་མལ་ལི་དང༌། བྲུ་ཤ་དང༌། སྦལ་ཏི་གསུམ་སྐོར་གཅིག་བཅས་བཅད་པའི་ཁྲོད་ཀྱི་སྦལ་ཏི་ཞེས་པ་དེ་ཡིན་ཞིང༌། དུས་རབས་བཅུ་དྲུག་པ་ནས་བཟུང་ཏ་ཟིག་གམ་ཁ་ཆེའི་དབང་བསྒྱུར་འོག་ཤོར་ཏེ་ད་བར་མི་ལོ་ ༥༠༠ ཕྱིན་ལ། འདིའི་རིང་ཁོང་ཚོའི་ཆོས་ལུགས་ལ་འགྱུར་བ་སོང་ཡོད་ནའང་། བོད་ཀྱི་སྐད་ཡིག་དང་གོམས་སྲོལ་ནི་རྩ་ཡལ་དུ་མ་སོང་ཙམ་དུ་གནས་ཡོད།” ཅེས་གསལ་ཡོད། དེ་དག་དུས་རབས་ལྔ་དྲུག་གི་ཡར་སྔོན་ནས་ཁ་ཆེའི་དབང་འོག་ཏུ་སྡོད་དགོས་བྱུང་ཡང་ཁོང་ཚོ་ཁོར་ཡུག་གཅིག་ཏུ་འདུས་སྡོད་བྱས་རྐྱེན་དུས་དེང་སང་ཡང་མངའ་རིས་བོད་སྐད་གང་འཚམ་ཉན་བཤད་ཐུབ་ཀྱི་ཡོད་པ་ལྟ་བུ་རེད། དེ་བཞིན་དེང་སང་བལ་པོའི་མངའ་ཁུལ་ལ་ཡོད་པའི་བོད་རིགས་མང་རབ་ཅིག་ཡོད་པའི་ནང་གི་དོལ་པོའི་མི་རིགས་ནང་མི་འབོར་ ༣༦༧༠༠  ཡོད་པར་འཁོད་པ་དང་། དེ་བཞིན་མུ་ཁུམ་དང། གློ་སྟོད་སྨད་དང་གླི་མི། ནུབ་རི། ཤར་པ་སོགས་ས་གནས་སོ་སོར་ལྷན་དུ་འདུས་སྡོད་བྱས་རྐྱེན་དེང་གི་བར་བོད་ཀྱི་སྐད་དང་རིགས་གཞུང་མ་ཉམས་པར་གནས་ཡོད་པ་དང་། དེ་མིན་གལ་ཏེ་ཁ་འཐོར་རམ། འདྲེས་སྡོད་བྱས་སོང་བ་ཡིན་ན་སྐད་རིགས་མྱུར་དུ་འཇིག་འགྲོ་བ་ནི་རྒྱ་གར་དུ་སླེབས་ནས་ལོ་ ༢༠༠ ཙམ་ལས་མ་སོང་བའི་རྒྱ་གར་ཁམས་པ་དག་གིས་མཚོན་པར་བྱས་ཡོད། དེ་བཞིན་བལ་ཡུལ་གྱི་རྟ་མང་མི་རིགས་ལ་མཚོན་ན་འབྱུང་ཁུངས་བོད་རིགས་གཙང་མ་ཡིན་རུང་དེང་སྐབས་བོད་སྐད་ཡིག་རིག་གཞུང་དང་བཅས་པ་ཕལ་ཆེར་བརླགས་ཟིན་ཡོད་པ་འདི་རེད། སྤྱིར་བཏང་བཤད་སོང་ན་དེང་སྐབས་བལ་པོའི་རྒྱལ་ཁོངས་སུ་མི་འབོར་བྱེ་བ་གཉིས་དང་ས་ཡ་དྲུག་(༢༦༤༩༢༥༠༤)ལྷག་ཡོད་པའི་ནང་གི་བརྒྱ་ཆ་ལྔ་དང་ཕྱེད་ལྷག་(༥.༦% ) ཁོང་ཚོས་བཟུང་ཡོད་ཀྱང་དོན་ཕན་གང་ཡང་བྱུང་མེད་པ་འདི་རེད།
རྒྱུ་མཚན་དེ་ཙ་ན་ང་ཚོ་བཙན་བྱོལ་བ་ཚོས་རང་ལུས་མཆོད་མེ་རུ་བཏེགས་མ་ཐུབ་རུང་མ་འོངས་བོད་ཀྱི་མདུན་ལམ་ལ་དམིགས་ཏེ་བཙན་བྱོལ་སྒྲིག་འཛུགས་ཀྱི་སློབ་སྟོན་ལྟར་གཞིས་ཆགས་ལྟ་བུའི་ས་གནས་སོ་སོར་རྒྱུན་སྡོད་དགོས་པ་གལ་ཆེའི་རང་བཞིན་གཅིག་དང་། གོང་ཞུས་སྐད་བརྡ་རིག་པའི་ཞིབ་འཇུག་ནང་དུ་སྤྱིར་ཐོབ་པའི་ཁོར་ཡུག་གཙོ་ཆེ་ལ་ཁྱད་པར་དུ་ལོ་དྲུག་མན་གྱི་བྱིས་པ་ལ་དེ་ལས་གལ་ཆེ་བས། སོ་སོའི་བུ་ཕྲུག་བོད་པའི་ཁོར་ཡུག་གཅིག་ཏུ་ངེས་པར་འཚར་ལོངས་ཡོང་བཅུག་དགོས། དེ་མིན་མིག་སྔའི་ཁེ་ཕན་ཁོ་ནའི་ཆེད་རང་གི་བུ་ཕྲུག་རྒྱ་གར་སློབ་གྲྭ་སོགས་ལ་གཡུག་འཇོག་པ་ནི་བོད་སྐད་ཡིག་གི་སྲོག་རྩ་བོད་པ་རང་གིས་གཅོད་པ་ལས་མ་འདས། ལྷག་པར་དུ་ང་ཚོའི་མཐོ་རིམ་དབུ་ཁྲིད་མང་དག་ཅིག་གིས་རང་གི་བུ་ཕྲུག་ཕལ་མོ་ཆེ་དབྱིན་སྐད་སློབ་གྲྭར་ཕར་བརྫངས་ཏེ་སྡིངས་ཆའི་སྟེང་ནས་སློབ་གསོའི་ཚིག་གི་བུར་ཁུ་ཇི་སྙེད་ཅིག་ཚུར་བསྐྱུགས་ཀྱང་ཆང་བཟི་ཞིག་གིས་ཆང་འཐུང་གི་ཉེས་སྐྱོན་གླེང་བ་དང་སྒོ་ཀུན་ནས་མཚུངས་འདུག་པས། ཁོང་ཅག་མི་མང་གི་དབུ་ཁྲིད་གནང་བར་འདོད་ན་རང་འཁྲིའི་ལས་འགན་གྱི་ཐོག་མི་མང་ལ་མིག་ལྟོས་བཟང་པོ་ཞིག་ཅིས་ཀྱང་འཇོག་དགོས་པར་སྙམ།

གཉིས་པ། 

དེ་བཞིན་གཞུང་དང་ཚོགས་པ་ཁག་ནས་ཀྱང་སྒྲུབ་དགོས་པའི་བྱ་བ་འགའ་ཞིག་སྟེ། སྤྱིར་མི་ལོ་ ༥༠ ཙམ་གྱི་རིང་ལ་བོད་ཕྲུག་རྣམས་ལ་སློབ་ཚན་འབོར་ཆེ་བའི་ཁར་རྒྱ་གར་གྱི་ས་གཤིས་ལྟ་བུ་སྤྱི་ཚོགས་ཚན་རིག་སྦྱོང་དུ་བཅུག་པ་ནི་ཚེགས་ཆེ་རོགས་ཙམ་ལས་དགོས་གལ་དེ་ཙམ་མི་ཆེ་བར་གཟིགས་ཏེ། དེའི་ཚབ་ཏུ་བོད་ཀྱི་ཆོས་འབྱུང་རྒྱལ་རབས་སོགས་འཇོག་ཐབས་གནང་བཞིན་པ་ནི་དབུས་ཤེས་རིག་གིས་བོད་སྐད་ལ་བྱིན་པའི་ལེགས་སྐྱེས་ཆེ་ཤོས་གཅིག་ཡིན་པར་འདོད། འགྲོ་སྟངས་དེ་ནི་ང་ཚོ་ཁོ་ན་ཙམ་མ་ཡིན་པར་དེང་དུས་བྷར་མ་འམ། མ་ཡན་མར་རྒྱལ་ཁབ་ (Myanmar) སོགས་ལ་དར་སྲོལ་ཡོད་བཞིན་པ་རེད། དེ་མིན་ད་རུང་ཚན་རིག་དང་ཨང་རྩིས་ཀྱང་བོད་སྐད་དུ་བསྒྱུར་ཏེ་བསླབ་འཆར་གྱི་གཏམ་བཟང་ཡང་ཡོད་ཁར། ཉེ་བའི་ཆར་བྷུན་ཊར་དགེ་འོས་མཐོ་སློབ་ཁང་བཙུགས་ཏེ་མ་མཐར་ཡང་བོད་ཡིག་སློབ་ཚན་རྒྱུན་མ་ཆད་ཙམ་སློབ་སའི་སྒྲིག་འཛུགས་རང་གི་མཐོ་སློབ་ཅིག་ལོ་རྒྱུས་ཐོག་བྱུང་ཡོད། རེད་དེ་ད་རུང་བོད་ཕྲུག་ན་གཞོན་ཕལ་མོ་ཆེ་ལུས་སེམས་གཉིས་ཀར་འཕོ་འགྱུར་ཆེ་བའི་དུས་ཚོད་ཏག་ཏག་ལ་རྒྱ་གར་གྱི་མཐོ་སློབ་ཁག་ཏུ་འགྲོ་དགོས་ཤིང་སྐབས་དེར་ཀུན་སྤྱོད་སོགས་ཕྱོགས་གང་ཐད་ནས་འཕྲོ་བརླག་འགྲོ་བཞིན་པ་ལ་བཞིགས་ཏེ་བོད་པའི་མཐོ་སློབ་འདང་ངེས་ཤིག་འཛུགས་ཐུབ་ན་ཅི་མ་རུང་སྙམ། འོན་ཀྱང་བྱེད་བཏུབ་ངེས་ཤིག་ལ་སྒེར་སློབ་ཁག་གིས་རང་དབང་ཁ་ལ་ཁྱེར་ཏེ་ར་རུ་དགྱེ་དགྱེ་དང་ལུ་རུ་ཀྱོག་ཀྱོག་ལ་མ་སོང་བར་སྤྱིར་ཤེས་ཡོན་སྲིད་བྱུས་གསར་པ་དང་། ཡང་དགོས་སུ་དེའི་ནང་གི་དམའ་རིམ་འཛིན་གྲྭ་བཞི་པའི་བར་བོད་ཡིག་ཁོ་ན་སློབ་པའི་ལམ་སྲོལ་དེར་ཤར་སྐྱོད་གནང་ན་སྐད་ཆའི་ཁོར་ཡུག་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་པར་སྙམ།

མཐུན་རྐྱེན་གཞན་དག་གིས་སྐད་ཆའི་ཁོར་ཡུག་ལ་ཁ་གསབ་བྱ་ཐབས།

༡། ཀློག་གི་མཐུན་རྐྱེན། 

སྤྱིར་ན་ང་ཚོས་མི་ཡུལ་གྱི་སྤྱི་ཚོགས་ནང་དུ་སྐད་ཆའི་ཁོར་ཡུལ་ཚད་ལྡན་ཞིག་བསྐྲུན་རྒྱུ་ཤིན་ཏུ་དཀའ་བས་དེའི་ཚབ་ཏུ་དཔེ་ཀློག་ལ་སོགས་པའི་མཐུན་རྐྱེན་རྒྱ་སྐྱེད་བཏང་སྟེ་ཁ་གསབ་བྱས་ན་ད་གཟོད་སྐད་ཆའི་ཁོར་ཡུག་ཚད་ལྡན་ཞིག་ཏུ་འགྱུར་ཐུབ། དཔེར་ན་ཀློག་གཙོ་ཆེར་བསྟེན་ནས་སྐད་ཡིག་ཤེས་ཐབས་བྱེད་པ་བཙན་བྱོལ་སྤྱི་ཚོགས་ནང་གི་བོད་ཕྲུག་ཚོའི་དབྱིན་ཇིའི་ཤེས་ཚད་ལྟ་བུ་རེད། མ་གཞི་བཙན་བྱོལ་ནང་གི་བུ་ཕྲུག་ཚོའི་དབྱིན་ཇིའི་ཤེས་ཚད་དེ་ཙམ་མི་བཟང་བ་ནི། ན་ནིང་ཨ་རིའི་མཐོ་སློབ་ཏུ་ཡིག་རྒྱུགས་སྤྲོད་སྐབས་བོད་ཕྲུག་རྩེ་ཕུད་དགུ་ནས་རྒྱུགས་སྤྲོད་བརྒྱ་ཆ་བཞི་བཅུ་ལས་བརྒལ་ཐུབ་མེད་རབས་སྲིད་སྐྱོང་མཆོག་གིས་རྡ་སྟེང་བོད་ཁྱིམ་དུ་བསྩལ་བའི་བཀའ་སློབ་ནང་གསལ་བཤད་གནང་ཟིན་མོད། བོད་ཡིག་དང་བསྡུར་ན་ད་རུང་དབྱིན་ཡིག་གི་ཆུ་ཚད་ལྡབ་གཅིག་གི་མཐོ་ཟེར་བཤད་ན་ཐལ་མེད་ཚོད་རེད། གང་ལྟར་ཁོང་ཚོས་ཀློག་གི་མཐུན་རྐྱེན་གཙོ་བོར་བསྟེན་ནས་དབྱིན་སྐད་གང་འཚམ་ཞིག་བཤད་ཤེས་པ་འདིས་ཀློག་གིས་སྐད་ཆའི་ཁོར་ཡུག་གི་གྲེ་བ་བསང་ཐུབ་པ་མཚོན་ཡོད། ཀློག་པའི་མཐུན་རྐྱེན་ཀློག་དེབ་སྒྲིག་སྟངས་གཤམ་ནས་ཞུ།

༢། གླུ་གཞས་གཏམ་བརྗོད་ཀྱི་མཐུན་རྐྱེན། 

གླུ་གཞས་གཏམ་བརྗོད་ལ་མཚོན་པ་ཡིན་ན། ཆེད་དུ་གཉེར་མི་དགོས་པར་སྐྱེ་བོ་རྒན་གཞོན་དར་གསུམ་ཀུན་གྱིས་རོ་མྱོང་བྱེད་པར་སྤྲོ་ལ། དེའི་ལམ་ནས་གཞས་ཚིག་ལས་སྐད་རིགས། དབྱངས་དང་ནང་དོན་ལས་རིག་གནས་གོམས་སྲོལ་སོགས་ཀྱི་བག་ཆགས་དྲག་ཏུ་འཇོག་ཐུབ་པ་ནི་ངས་བརྗོད་མི་དགོས་པ་ཞིག་རེད། བྱེ་བྲག་ཏུ་དེང་གི་བོད་གཞས་ཐད་ལ་རྒྱ་དཀར་ནག་གཉིས་ཀྱི་ཤུགས་རྐྱེན་ངན་པ་ཐེབས་ཡོད་ཅེས་བཤད་མཁན་ཡོད་ལ། གསར་གཏོད་ཀྱི་འཕེལ་རྒྱས་སོང་ཡོད་ཅེས་བཤད་མཁན་ཡང་ཡོད་མོད། སྲོལ་རྒྱུན་ཁོ་ན་ཙམ་སྐྱོང་གིན་བསྡད་ན་དེ་ནི་དེང་གི་འཇིག་རྟེན་འདིའི་གར་སྟེགས་ཐོག་སླེབས་ཐབས་རྩ་བ་ནས་མེད་པ་ཕར་བལྟས་ཚུར་གསལ་ཡིན་པས་རིག་གཞུང་བསྲེས་ལྷད་ཀྱི་བྱ་མ་འདྲོགས་པར་གསར་གཏོད་ཀྱི་སྒོ་ང་ལེན་ཐབས་བྱ་དགོས། གཞན་དུ་དཔེར་ན་རྡ་སའི་ཟློས་གར་ཚོགས་ལ་པ་མཚོན་པ་ཡིན་ན། ཚོགས་པ་འདིས་བོད་ཀྱི་སྲོལ་རྒྱུན་གླུ་གཞས། གཏམ་བརྗོད་ཟློས་གར་སོགས་མི་ཉམས་རྒྱུན་འཛིན་གནང་བའི་བྱས་རྗེས་བླ་ན་མེད་པ་བཞག་ཡོད་ཀྱང་། ཕྱོགས་གཞན་ཞིག་ནས་ཞུས་ན། ཚོགས་པ་འདི་བཙུགས་ནས་མི་ལོ་ལྔ་བཅུ་ལྷག་བརྒལ་ཟིན་མོད། དུས་ད་ལྟའི་བར་དུ་ང་ཚོའི་སྤྱི་ཚོགས་ཆུང་ངུ་འདི་ཙམ་ནང་དུ་གྲགས་པའི་མི་སྣ་ཁེར་མ་གཅིག་ཀྱང་སྐྱེད་བསྲིང་བྱས་པ་སྟོན་རྒྱུ་མེད་ལ། གསར་གཏོད་བྱས་པའི་གླུ་གཞས་ངོ་དྲག་པ་གཅིག་ནི་དེ་བས་སྟོན་རྒྱུ་ག་ལ་ཡོད། ལྷག་པར་དུ་ཁོང་ཚོའི་དྲ་ཚིགས་དེའང་དབྱིན་ཡིག་རྐྱང་པའི་དྲ་རྒྱ་ཡིན་དགོས་པའི་རྒྱུ་མཚན་མེད་དེ། བོད་སྐད་ཀྱིས་བཤད་མ་ཐུབ་པའི་བོད་ཀྱི་གླུ་གར་རོལ་མོ་ནི་ལྷག་ཡོད་ཚོད་མ་རེད་ཨང་། དེ་ལས་ད་ནི་ང་ཚོས་གཞོན་སྐྱེས་ཚོའི་སེམས་ཁམས་དང་མཐུན་པའི་བོད་གཞས་གང་མང་གསར་གཏོད་བྱས་ཏེ་སྤྱི་ཚོགས་ནང་བརྡ་འཕྲིན་བརྒྱུད་ལམ་ནས་འགྲེམ་སྤེལ་ཡོང་ཐབས་གནང་ན་གླུ་གཞས་གཏམ་བརྗོད་ཀྱི་ལམ་ནས་བོད་སྐད་ཡིག་གི་སྙན་དབང་ཅུང་ཟད་སངས་ཐུབ་པར་སྙམ།

༣། གློག་བརྙན་འཕྲིན་གྱི་མཐུན་རྐྱེན། 

དེང་གི་དུས་སུ་འཛམ་གླིང་ན་ཆེས་དར་ཁྱབ་ཆེ་བའི་དབྱིན་ཇིའི་སྐད་ཡིག་ལ་མཚོན་པ་ཡིན་ན། གཙོ་བོ་གཅིག་དེ་དཔལ་འབྱོར་དང་ཆབ་སྲིད་ཀྱི་འཕུར་གྲུ་ལ་ཆིབས་ནས་སྲིད་པའི་རྩེ་མོའི་ཡང་རྩེ་མོ་རུ་ལྡིང་སོང་བ་སུས་ཀྱང་ཤེས་མོད། ཕྱོགས་གཞན་ནས་བརྡ་འཕྲིན་ནང་ཚན་གློག་བརྙན་འཕྲིན་གྱི་བསྒུལ་ཤུགས་དང་ཁ་འབྲལ་ཐབས་མེད་པ་ནི་སུས་ཀྱང་བསྙོན་དུ་མེད་པ་སྟེ་དཔེར་ན་ཁོར་ཚོར་འཇིག་རྟེན་ཡོངས་ལ་འུར་ལྷང་ལྷང་གིས་སྒྲོག་ཀྱིན་པའི་བརྙན་འཕྲིན་བྷི་བྷི་སི་ BBC དང་སི་ཨན་ཨན CNN ལྟ་བུ་ཡོད་པས་རེད། གང་ལྟར་དེང་གི་དུས་སུ་སྐད་ཆའི་འབྲེལ་བ་ཆེ་ཤོས་ཀྱི་དངོས་པོ་གཅིག་གློག་བརྙན་འཕྲིན་གཉིས་དེ་ཆགས་ཡོད་ཅིང་། བྱིས་པ་སུ་ཞིག་སྐད་རིགས་གང་ཞིག་གི་གློག་བརྙན་འཕྲིན་གྱི་ཁོར་ཡུག་ཁྲོད་འཚར་ལོངས་བྱུང་བ་ཡིན་ན། སྐད་རིགས་དེ་གདོན་མི་ཟ་བར་བྱིས་པ་དེའི་ཕ་སྐད་དུ་འགྱུར་འགྲོ་རྒྱུ་ཞིག་དང་། གལ་ཏེ་རྒན་ལོན་པ་ཞིག་ཡིན་རུང་གློག་བརྙན་འཕྲིན་གྱི་ཤུགས་རྐྱེན་ནི་ངེས་པར་ཡོད་བཞིན་པ་སྟེ། དཔེར་ན་རྒྱ་གར་ལ་བོད་ནས་གསར་དུ་འབྱོར་མཁན་ནང་སུ་ཞིག་གིས་རྒྱ་གར་གྱི་གློག་བརྙན་འཕྲིན་ལ་ལྟ་རྒྱུར་དགའ་ན་དེས་ཧིན་སྐད་མགྱོམས་མྱུར་ངང་ཤེས་འགྲོ་བ་དང་། རྒྱ་སྒྲུང་བོད་སྐད་མ་ཁོ་ནར་མགོ་འཁོར་སྡོད་མཁན་ཚོས་ནི་མི་ལོ་བཅུ་ཕྲག་ལ་རྒྱ་གར་དུ་འཚོ་བ་བསྐྱལ་ཡང་ཧིན་དྷི་ཟ་སྐད་འཐུང་སྐད་ཙམ་ཡང་མི་ཤེས་པ་འདིས་མཚོན་ཡོད། དེས་ན་ང་ཚོའི་བོད་སྐད་ཀྱི་གློག་བརྙན་འཕྲིན་ཐད་ནས་བཤད་ན་བོད་དུ་མདོ་དབུས་ཁམས་གསུམ་ལ་བརྙན་འཕྲིན་ཚད་ལྡན་རེ་ཡོད་ལ། ཕྱི་རོལ་དུ་གཙོ་བོ་ཝི་ཨོ་ཨེ་ (V.O.A) ཨ་རིའི་བོད་སྐད་སྡེ་ཚནདང་། རྡ་སར་རྩ་ཆེའི་བཀའ་སློབ་སྟོན་སའི་བོད་སྐད་བརྙན་འཕྲིན་སྡེ་ཚན་ཆུང་ངུ་ཞིག་ཀྱང་མཐོང་རྒྱུ་ཡོད། དེ་བཞིན་གློག་བརྙན་ལ། བོད་དུ་མགྱོགས་ཐུག་འདྲ་བའི་རྒྱ་སྒྲུང་བོད་སྐད་མ་གང་མང་ཡོད་པ་བཤད་མི་དགོས་པའི་ཁར་བོད་པ་རང་གིས་བསྐྲུན་པའི་མར་ཟན་ལྟ་བུའི་བོད་སྒྲུང་བོད་སྐད་མ་སྟེ། ཨམ་སྐད་ལ་«སྒྲོལ་མའི་མགུལ་རྒྱན»དང་། «རྨ་ཁུག་གྱི་ལིང» «ས་སྲོད་ཀྱི་སྨྲེ་སྔགས་»ལྟ་བུ་དང་། ཁམས་སྐད་དུ་«ལམ་འགྲོའི་སློབ་གསོ་»འདྲ་བ། དབུས་སྐད་ལ་«བྲོ་སྐྱིད་ལྡན་པའི་ཁྱིམ་ཚང་»དང་འདྲ་བའི་བཞད་མ་གཏམ་གྱི་ཟློས་གར་མི་ཉུང་བ་ཞིག་དང་། བཙན་བྱོལ་ནང་དུ་«བོད་ནང་དུ་ལོ་བདུན»དང་། «ལམ་ནོར་སྐྱོ་གདུང་»སོགས་ཀྱིས་མཚོན་པའི་གང་འཚམ་ཡོད་པ་རེད། འོན་ཀྱང་ད་ཡོད་འདི་ཙམ་གྱིས་སྐད་ཡིག་ཤུགས་འབྱུང་གི་ཁ་གསབ་ཏུ་ལྡང་བར་དཀའ་བས་ང་ཚོས་ངེས་པར་དུ་དེ་ལས་ཀྱང་སྣེ་མང་ལ་ལྷག་པར་དུ་དམངས་སེམས་དང་མཐུན་པའི་གློག་བརྙན་འཕྲིན་དར་རྒྱས་གཏོང་དགོས། བྱེ་བྲག་ཏུ་ཕྱི་བཞུགས་བོད་མིའི་གློག་བརྙན་འཕྲིན་ཐད། ཨ་རིའི་བོད་སྐད་སྡེ་ཚན་ལ་ཞུ་དགོས་པ་མི་འདུག་ཀྱང་དེ་མིན་བཙན་བྱོལ་ནང་གི་བརྙན་འཕྲིན་སྡེ་ཚན་ཆུང་ཁག་དེ་དག་ཡང་བཀའ་སློབ་དང་མཛད་སྒོ་སོགས་ནར་གཏོང་གནང་སྤྱད་ཙམ་མ་ཡིན་པར་དམངས་སེམས་འགུགས་པའི་བོད་ཕྱི་ནང་གི་གཞས་དང་། ཁ་ཤག གཏམ་བརྗོད། ལོ་རྒྱུས་དངོས་བྱུང་། འབྲེལ་ཡོད་གསར་འགྱུར་གྱིས་མཚོན་པའི་ལེ་ཚན་སྣེ་མང་ཅན་དུ་བསྒྱུར་ཐབས་གནང་དགོས་ལ། ལྷག་པར་དུ་བོད་མི་འབོར་ཆེན་འདུས་སའི་ལྷོ་གཞིས་ཁག་ལ་དེ་ལས་ཀྱང་དགོས་གལ་ཆེ། སྤྱིར་རྒྱ་གར་དབུས་གཞུང་གི་སྒྲིག་སྲོལ་དུ་མི་འབོར་ལ་དཔགས་པའི་ཚོད་འཛིན་ཡོད་ཚོད་ཀྱང་སྐྱབས་བཅོལ་བར་དམིགས་བསལ་ལམ། ཡང་ན་ལྷོ་གཞིས་ཁག་མཉམ་འབྲེལ་གྱིས་འཛུགས་ཐབས་ཡོད་ན་ཅི་མ་རུང་སྙམ།
དེ་བཞིན་ཚོགས་པ་ཆེ་ཁག་བོད་ཁྱིམ་ལྟ་བུས་འགྲོ་གྲོན་ཕྲན་བུ་རེ་བཏང་སྟེ་ལོ་ལྟར་མཐོ་རིམ་སློབ་མ་ཚོར་བོད་སྐད་གློག་བརྙན་རེ་འཁྲབ་བཅུག་ནའང་དེ་ཙམ་མི་ལྕོགས་རྒྱུ་མེད་པར་བསམས་ལ། གལ་ཏེ་ང་ཚོས་བྱ་བ་འདི་འགོ་འཛུགས་ཐུབ་སོང་ན་རིམ་བཞིན་སློབ་མའི་ཁྲོད་ནས་སྒྱུ་རྩལ་རང་ཆས་པ་ཁག་གཅིག་སྡིངས་ཆའི་སྟེང་ལ་ཐོན་ཏེ་རང་འགུལ་གྱིས་བྱ་བཞག་རེ་བསྒྲུབ་འགྲོ་བ་ཡིད་ཆེས་ཡོད་ལ། དེས་བོད་སྐད་ཡིག་གི་རབ་རིབ་གང་འཚམ་བསལ་ཐུབ་པར་བསམ།

༤། དྲ་བ་དང་རྩིས་འཁོར་གྱི་མཐུན་རྐྱེན། 

ད་ནི་དེང་གི་དུས་སུ་སྐད་ཆའི་ཁོར་ཡུག་མཐའ་དག་ལས་གལ་ཆེ་ཤོས་དང་། འཕྲིན་མགྱོགས་ཤོས། སྤྱོད་སྒོ་བདེ་ཤོས། ཁྱབ་ཆེ་ཤོས་སུ་གྱུར་པ་བརྡ་འཕྲིན་ནམ་ཆ་འཕྲིན་གྱི་ནང་ཚན་དྲ་བའི་བརྒྱུད་ལམ་འདི་དག་ཡིན་པ་རེད། འདི་ཇི་ལྟར་གལ་ཆེ་ཚུལ་གཞན་བཤད་མི་དགོས་པར་«འཕྲིན་ཕྲན་»གཅིག་པུ་ལ་བསམ་མནོ་བཏང་ན། དེང་སང་བོད་ཕྱི་ནང་གང་སར་དབུལ་ཕྱུག་དྲག་ཞན་ལ་མ་ལྟོས་པར་ལག་འཕྲིན་ནང་དུ་ཕལ་ཆེར་འཕྲིན་ཕྲན་མེད་པ་མེད་ལ། འཕྲིན་ཕྲན་ནང་དུ་སྒེར་དང་ཚོགས་པའི་འབྲེལ་ལམ་སྣ་ཚོགས་བཙུགས་ཏེ་བོད་སྐད་བོད་ཡིག་སྤྱོད་ཀྱིན་ཡོད། ལྷག་པར་དུ་དེང་སང་མང་ཆེ་བས་གཏམ་བཤད་ཀྱི་རྣམ་པའི་ཐོག་ནས་སྐད་ཆའི་སྦྱོང་བརྡར་ཤུགས་ཆེན་བྱེད་ཀྱིན་འདུག་ལ། ནང་ཆོས་དང་། རིག་གཞུང་། སྐད་ཡིག ཨེ་འགོག མཛའ་གྲོགས་འདྲ་བའི་ཚོགས་པ་སྣ་ཚོགས་བཙུགས་ཏེ་ཚོགས་པའི་ངོ་བོ་དང་འཚམ་པའི་གཏམ་གླེང་སྣ་ཚོགས་བྱེད་ཀྱིན་ཡོད། ཐ་ན་ཁ་ཤག་དང་། ཚིག་རྩོད་ཀྱི་རྣམ་པ་ལྟ་བུས་བོད་སྐད་བཤད་ཀྱིན་ཡོད་ལ། ཇི་ཙམ་བཤད་པ་དེ་ཙམ་གྱིས་བོད་སྐད་ཡིག་ལ་སྦྱོང་བརྡར་ཐེབ་ཀྱིན་ཡོད་པ་ནི་སྨོས་ཅི་དགོས། གང་ལྟར་ཡང་དེང་གི་འཇིག་རྟེན་འདིའི་ཐོག་དབང་གྲགས་ཆེ་བའི་སྐད་ཡིག་ཡོད་དོ་ཅོག་བརྡ་འཕྲིན་དྲ་བའི་གཤོག་རླབས་ལ་བརྟེན་ཏེ་འཕུར་ལྡིང་བྱེད་ཀྱིན་པའི་སྐབས་འདིར། ང་ཚོའི་བོད་སྐད་ཡིག་འདི་ཡང་ཨ་མྱེའི་ཞལ་འདོན་དང་དགོན་པའི་པར་ཤིང་གི་ཚང་མལ་ལས་སད་དེ་སྤུ་མེད་ཀྱང་སྐྱི་མོས་འཕུར་སྟངས་རེ་བྱེད་བཞིན་པ་འདིའང་། བཤད་མ་དགོས་པར་ལྷག་བསམ་ཅན་གྱི་སྐུ་ཞབས་སྨོན་ལམ་ལ་སོགས་པས་ལོ་མང་དཀའ་བ་སྤྱད་པའི་གྲུབ་འབྲས་ཏེ། ཁོང་ཚོས་འཕྲིན་མེད་རྩིས་འཁོར་ཀྱི་མ་ལག་ཁོངས་གཏོགས་ཡིག་གཟུགས་ཕལ་པ་ནས་རྒྱལ་སྤྱིའི་ཡིག་གཟུགས་གཅིག་གྱུར་བར་དང་། མཐེབ་གཞོང་ནས་སྤྱོད་བདེའི་ཚིག་མཛོད་ཀྱི་བར་དགོས་མཁོའི་མཉེན་ཆས་མ་ལག་གང་མང་བཟོས་ཡོད་ལ། འཕྲིན་ལྡན་དྲྭ་བའི་ཉེར་སྤྱོད་བོད་ཡིག་དྲྭ་ཚིགས་དང་གློག་རྡུལ་དྲྭ་བ་སོགས་ནི་དེ་ལས་ཀྱང་མང་བ་བསྐྲུན་ཡོད། དེ་ཙམ་མ་ཟད་སྐུ་ཞབས་སྨོན་ལམ་ལགས་ཀྱིས་འབྱུང་འགྱུར་ལས་འཆར་ནང་བརྡ་དག་ཞུ་དག་གཏོང་ཆས་དང་། ཡི་གེ་ཀློག་ཆས། དེང་རབས་ཀྱི་ཚད་ལོན་པའི་ཚིག་མཛོད་ཆེན་མོ་བཅས་ཀྱི་མཉེན་ཆས་བསྐྲུན་རྒྱུའི་འཆར་གཞི་རྒྱ་མི་ཆུང་བ་ཞིག་ཡོད་པ་དེར་ང་ཚོས་རང་རང་གིས་འཇོན་ནུས་ལ་དཔགས་པས་མཐུན་སྦྱོར་དང་རྒྱབ་སྐྱོར་ཞུ་རྒྱུ་གལ་ཆེ། ཡིན་ནའང་ད་དུང་གནད་དོན་གཞན་ཞིག་ལྷག་ཡོད་པ་ནི། བོད་ཕྱི་ནང་གི་བརྡ་གསར་མི་མཐུན་པའི་དབང་གིས་ཐ་སྙད་གཅིག་གྱུར་འོང་བར་འགོག་རྐྱེན་མི་ཆུང་བ་ཞིག་འཕྲད་ཀྱིན་ཡོད་མོད། འགོག་རྐྱེན་ག་ཚོད་ཐེབས་ཀྱང་དཀའ་ངལ་དེ་རིགས་སེལ་ཐབས་སམ། ཡང་ན་གཅིག་གྱུར་བཟོ་ཐབས་མེད་པར་ཐག་བཅད་ཟིན་པ་ལྟ་བུ་ཞིག་སྨོན་ལམ་ལགས་ཀྱི་ཞལ་ནས་གོ་ཐོས་བྱུང་། དེ་ལ་རྒྱུ་མཚན་མང་རབ་ཡོད་ཚོད་ཀྱང་། གཙོ་བོ་བོད་ནས་རྒྱ་སྐད་ཀྱི་ཁ་རླངས་དེ་བཙན་བྱོལ་བས་ཁས་མི་ལེན་ཞིང་། ཕྱི་སྡོད་བོད་པའི་དབྱིན་ཇིའི་བྱིན་རླབས་དེ་བོད་དུ་ཞུགས་མེད་རྐྱེན། གང་ལྟར་ཆོས་རའི་ནང་གི་གྲྭ་པ་མགོ་འཁྲེགས་གཉིས་ལྟར་གཅིག་གིས་གཅིག་ཁས་མི་ལེན་པའི་ངང་ཚུལ་འདི་ཡོད་ལ། ཐ་ན་དབུས་ཤེས་རིག་ཀྱང་དམ་བཅའ་འདིར་བཞུགས་ནས་མགོ་གུག་ལིང་ལིང་ངང་གདོང་མཛུབ་ཀེར་བཞིན་ཡོད། སྤྱིར་ན་བོད་དུ་རྒྱ་སྐད་དིག་སྒྲོགས་མས་ཤུགས་རྐྱེན་འོག་ཕྱི་ཡིག་སྒྲ་གདངས་ཚུལ་བཞིན་མ་ཐོན་པར། རྒྱལ་ས་ལོན་ཌོན་ (London) ལ་ལོན་ཏོན། ཌཱར་ཝིན་ (Darwin) ལ་ཏར་ཝིན་སོགས་སྒྲ་ནོར་མང་དག་ཅིག་འབྲི་སྲོལ་འདུག་ལ། བཙན་བྱོལ་བ་ཚོས་“དགོས་པའི་ལྷ་ཁང་སྟོང་པར་བཞག །མི་དགོས་བྲག་ལ་དཀར་རག་གསོལ། །”ཞེས་པའི་དཔེ་ལྟར་ཐ་སྙད་ལ་གྲགས་ཤིང་གྲུབ་ཟིན་པའི་དབྱིན་ཇི་ལ་ (English) ཨིན་ཇི་སོགས་བཅོས་ཏེ་ལས་ཀ་མེད་སར་ལས་ཀ་འཚོལ་བཞིན་པ་སྟེ། གལ་ཏེ་དབྱིན་གདངས་སོར་གཞག་དགོས་ན་ཨིན་ཇི་ཙམ་མ་ཡིན་པར་“ཨིན་ལིཤ་”ཟེར། ཚིག་མཐའི་ཤ་དེ་ཕྱེད་ཀྱི་སྒྲས་འབོད་བར་རིགས་སོ། དེ་བས་ང་ཚོ་ཕན་ཚུན་དམ་བཅའ་ལ་འགྱིངས་ནས་སྡོད་པ་ལས་མཉམ་འབྲེལ་ཀྱི་ལག་འཇུ་ཞིག་བྱ་ན་ཅི་མ་རུང་སྙམ། དཔེར་ན་སྒྲ་སྒྱུར་ཐད་ལུང་པ་གང་གི་སྐད་ཡིན་ན་དེའི་ཀློག་གདངས་ལྟར་ཐག་གཅོད་དགོས་པ་སྟེ། དྷཱར་ཝིན་དབྱིན་ཇི་བ་ཡིན་པས་དབྱིན་སྐད་ལྟར་བསྒྱུར་རྒྱུ་དང་། མ་འོ་རྩེ་སྟུང་རྒྱ་མི་ཡིན་པས་རྒྱ་སྐད་ལྟར་འབྲི་ན་ད་བཟོད་དཀའ་ངལ་ཅི་ཞིག་འདུག དེ་བཞིན་སྒྲ་དོན་གཉིས་ལ་ཉེས་སྐྱོན་མངོན་གསལ་དོད་པོ་ཡོད་ན་མ་གཏོགས་ཐ་སྙད་གྲུབ་ཟིན་པ་དག་རང་སོར་གཞག་རྒྱུ་དང་། དེ་མིན་དོན་སྒྱུར་ལ་ཚིག་གང་ཞིག་བརྗོད་བདེ་ཞིང་ཚིག་ཚོགས་ཉུང་བ་དེ་འདེམས་ན་དཀའ་ངལ་འདི་དག་སེལ་བར་གདོན་མི་ཟ་ཡང། དེ་མིན་གལ་ཏེ་“བདག་ནི་བདེན་གྱི་གཞན་ནི་གཏི་མུག་གོ་”ཞེས་པ་ལྟ་བུའི་དམ་བཅའ་འདི་དག་ལྷོད་པར་མ་གྱུར་ན་ནི་གཅིག་གྱུར་ཡོང་ཐབས་གཏན་ནས་མེད། བསྐྱར་དུ་ནན་བཤད་བྱ་རྒྱུ་ཞིག་ལ་བོད་ནས་སྒྲ་སྒྱུར་གནང་མཁན་ཚོས་རྒྱ་ནག་མིན་པའི་ས་གནས་དང་། མི་སྣ་སོགས་ཀྱི་མིང་འབྲི་སྐབས་ངེས་པར་དུ་ཡུལ་དེ་དང་དེའི་ཀློག་གདངས་ལྟར་འབྲི་དགོས་པ་ལས་རྒྱ་སྐད་དིག་སྒྲོགས་མ་ལྟར་ར་མ་དང་བླ་མ་སྒྲ་གཅིག་ཏུ་སོང་ན་མི་བཟང་ངོ་མ་རེད་ལ། བཙན་བྱོལ་བ་ཚོས་ཀྱང་རྒྱ་སྐད་ཀྱིས་མ་ཁྲོལ་བ་ཁ་ཤས་ལས་དེ་མིན་རང་གི་འདོད་བློ་ཁེངས་མིན་ལ་མ་ལྟོས་པར་བོད་ནང་དང་མཐུན་ཐབས་གནང་སོང་བ་ཡིན་ན། ད་བཟོད་ཐ་སྙད་གཅིག་གྱུར་ཡོང་ཐུབ་པར་སྙམ། མཐའ་དོན་དུ་བརྡ་འཕྲིན་གྱི་ཐོག་ཏུ་བོད་སྐད་ཡིག་བེད་སྤྱོད་ཇི་ཙམ་བྱས་པ་དེ་ཙམ་གྱིས་བོད་སྐད་ཡིག་ལ་གསོན་ཤུགས་གསར་པ་རེ་རྒྱས་ཐུབ་པ་ནི་གདོན་མི་ཟ་བ་ཉིད་དོ། །

སྐད་ཡིག་ཤུགས་འབྱུང་གི་མཐུན་རྐྱེན་གློག་དེབ་སྒྲིག་སྟངས།

སྤྱིར་བོད་ཡིག་ཀློག་དེབ་མང་ཞིང་ལྷག་པར་དུ་ཤེས་རིག་ལས་ཁུངས་ནས་ཀློག་དེབ་གང་མང་མཁོ་སྒྲུབ་གནང་སྟེ་སློབ་གྲྭ་ཁག་ལ་འགྲེམས་སྤེལ་ཡང་དེ་མཚུངས་གནང་བཞིན་ཡོད་མོད། ཀློག་དེབ་དེ་དག་སྐད་བརྡ་རིག་པའི་གཏན་འབེབ་ཀྱི་ཆོས་ཉིད་དང་ཅུང་ཟད་མ་མཐུན་པའི་རྐྱེན་གྱིས་ཀློག་དེབ་བཀླགས་ཀྱང་དོན་གོ་དཀའ་ཞིང་དེའི་རྐྱེན་གྱིས་བོད་ཡིག་ཀློག་མི་སྤྲོ་བར་འགྱུར། མཚམས་དེ་ནས་བོད་ཡིག་ནི་མཁྲེགས་པོ་ཞེ་དྲག་འདུག་ཅེས་དང་། བོད་ཡིག་ཀློག་པའི་གོམས་གཤིས་མི་འདུག་ཅེས་པའི་སྐད་ཆ་འདི་དག་འབྱུང་གི་ཡོད། ང་ཚོས་ཐབས་ལམ་གསར་པ་ཞིག་གི་སྒོ་ནས་ཀློག་དེབ་སྒྲིག་ཐབས་བྱས་ན་ད་བཟོད་དཀའ་ངལ་འདི་དག་སེལ་བར་བསམ། སྤྱིར་འཛམ་གླིང་ནང་ཀློག་དེབ་ལ་ཞིབ་འཇུག་བྱས་པ་མང་པོ་ཡོད་ཚོད་རེད་དེ་ ༡༩༨༩ ལོར་ཧཝང་དང་ནེ་ཤོན་ (Hwang & Nation) གཉིས་ཀྱིས་ཀློག་དེབ་ཞིབ་འཇུག་བྱས་དོན། ཀློག་དེབ་ནང་གི་མིང་ཚིག་བརྒྱ་ཆ་ ༨༢% ཀློག་པ་པོས་ཤེས་ཟིན་པའམ། དོན་གོ་ཐུབ་པའི་མིང་ཚིག་བཀོལ་སྤྱོད་བྱས་ཡོད་པའི་ཀློག་དེབ་གཅིག་ཡིན་ན་ཀློག་དེབ་དེ་ཚད་ལྡན་ཞིག་ཡིན་པ་སྐབས་དེར་གཏན་ལ་ཕབ་ཡོད་པ་རེད། དེ་བཞིན་ ༡༩༩༩ ལོར་ནེ་ཤོན་དང་ཝང་ (Nation & Wang) གཉིས་ནས་བརྒྱ་ཆ་ ༩༤.༧% ལ་གཏན་འབེབས་གཅིག་བྱས་ཡོད་མོད་དེང་སང་ལག་ལེན་བྱེད་བཞིན་པ་ནི། ༢༠༠༠ ལོར་མར་སེལ་ལ་ཧུ་དང་། པཱུལ་ནེ་ཤོན་ (Marcella Hu & Paul Nation, 2000, Wellington) གཉིས་ནས་ཚར་གཅིག་དང་། ཡང་ ༢༠༠༦ ལོར་ཡང་ནེ་ཤོན་ལགས་ཀྱིས་ཞིབ་འཇུག་མཐིལ་ཕྱིན་པ་བྱས་འབྲས་སུ་ཀློག་དེབ་ནང་དུ་ཀློག་པ་པོས་གོ་དོན་མི་ཤེས་པའི་མིང་ཚིག་བརྒྱ་ཆ་གཉིས་ལས་བརྒལ་མི་རུང་བའམ། ཡང་ན་བརྒྱ་ཆ་ ༩༨%ཤེས་ཟིན་པའི་མིང་ཚིག་བེད་སྤྱོད་དགོས་པ་དེ་གནད་འགག་ཅིག་ཡིན་པ་དང་། གལ་ཏེ་དེ་ལས་བརྒལ་ན་ཉེ་འཁྲིས་སུ་འགྲེལ་བཤད་རྒྱག་མཁན་ཞིག་གམ། ཡང་ན་ཚིག་མཛོད་ཅིག་མེད་ན་དོན་མི་གོ་བའི་རྐྱེན་གྱིས་རང་འགུལ་གྱིས་དེབ་ཀློག་རྒྱུའི་སེམས་ཤུགས་ཉམས་འགྲོ་བ་ཡིན་པས་ངེས་པར་དུ་ཀློག་དེབ་ནང་གི་མིང་ཚིག་བརྒྱ་ཆ་ ༩༨% ཀློག་པ་པོས་ཤེས་ཐུབ་པ་ཤ་སྟག་ཡིན་དགོས་ཞེས་གསལ་ཡོད། དེས་ན་ང་ཚོ་བཙན་བྱོལ་ནང་གི་ཀློག་དེབ་ཇི་ལྟ་བུ་ཡིན་ཞེ་ན། ང་ཚོའི་དཔེ་མཚོན་དུ་འཇོག་འོས་པའི་དཔེ་སྟོན་སློབ་གྲྭའི་དམའ་རིམ་འཛིན་གྲྭ་བཞི་པའི་ཀློག་དེབ་ལ། «ཨ་ཁུ་སྟོན་པའི་སྒྲུང་» «མི་རོ་རྩེ་སྒྲུང་» «རི་དྭགས་རྩ་ཆེན» «རྟོགས་བརྗོད་དཔག་བསམ་འཁྲི་ཤིང་» «གཙུག་གཡུ་» «བྱིས་རྩོམ་མེ་ཏོག་ཆུན་པོ་» «སྤྱན་གཟིགས་གླིང་ཁ་» «རྩོམ་རིག་ཕོ་བྲང་»སོགས་མང་དག་ཅིག་མཆིས་མོད། དེ་དག་ལས་མང་ཆེ་བ་འཛིན་གྲྭ་བཅུ་པ་ཡན་གྱི་ཀློག་དེབ་ལྟ་བུ་ལས་འཛིན་གྲྭ་བཞི་པའི་བྱིས་པ་ཆུང་ཆུང་གི་ཀློག་དེབ་འདྲ་པོ་མ་རེད་སྙམ། ཀློག་དེབ་དེ་དག་ནང་གི་ལས་སླ་ཤོས་ཏེ་«རི་དྭགས་རྩ་ཆེན་»ཞེས་པ་དེ་བྱིས་པ་ཁག་གཅིག་ལ་ཀློག་བཅུག་པར་མིང་ཚིག་ཆ་སྙོམ་བརྒྱ་ཆ་ ༩༣% ལས་ཤེས་ཀྱི་འདུག དཔེར་ན་བརྗོད་གཞི་རི་དྭགས་ཀྱི་ངོ་བོ་ཙམ་ལས་བྱེ་བྲག་གི་སྤུ་མདོག་དང་གཤིས་ཀ་སོགས་གང་ཞིག་བཤད་ཡོད་མིན་ཤེས་ཀྱིན་མི་འདུག གནད་དོན་མིང་ཚིག་བརྒྱ་ཆ་ ༩༣% ལས་མི་ཤེས་པས་སོ། དེ་མིན་«བོད་ཀྱི་སྒྲུང་གཏམ་»ནང་གི་“གཏན་དཔེ་ལ་ལྷགས་པས་ནང་ལ་དེད། ལྟོགས་པས་སྒོར་ཕུད། ཟེར་བ་ལྟར་ཡུལ་གྲུ་ཀུན་ཏུ་སྤྲང་འཁྱམ་བྱས་”ཞེས་པའི་བརྗོད་པ་འདིའི་ནང་གི་མིང་ཚིག་གཏམ་དཔེ་དང་། ནང་། ལྟོགས་པ་གསུམ་ལས་མ་ཤེས་པས་བརྗོད་པ་འདིར་ཡང་སྙིང་གང་ཞིག་བཤད་ཡོད་མེད་ཙམ་ཡང་ཤེས་ཀྱིན་མེད་པ་རེད། དེ་བཞིན་འཛིན་གྲྭ་གསུམ་པའི་ཀློག་དེབ་«ཐམས་ཅད་སྒྲོལ་གྱི་རྟོགས་བརྗོད་»ནང་“ཁོང་གི་གཅུང་པོ་ལྷས་བྱིན་གྱིས་དུས་རྒྱུན་དུ་བཅོམ་ལྡན་འདས་ལ་གནོད་འཚེ་གཏོང་གི་ཡོད་པར་བརྟེན་ཁོང་གི་དགེ་ཕྲུག་རྣམས་ཀྱིས་ལྷས་བྱིན་གྱིས་སྐྱེ་བ་སྔོན་མའི་ལས་གང་ཡིན་ཞེས་བཅོམ་ལྡན་འདས་ལ་བཀའ་འདྲི་ཞུས་པར་”ཞེས་པའི་ཚིག་གི་བརྗོད་པ་རིང་པོ་འདི་ལྟ་བུ་བྲིས་འདུག སྤྱིར་མིང་ཚིག་ལ་བསམས་ན་བཅོམ་ལྡན་འདས་དང་ལྷ་སྦྱིན་གཉིས་ལས་གཞན་དག་མི་ཤེས་རྒྱུ་མེད་ཚོད་ཀྱང་། བརྗོད་པ་རིང་པོ་འདིས་གདོན་མི་ཟ་བར་ཕྲུ་གུ་མགོ་ཉོག་པར་བྱས་ཏེ་དོན་མི་གོ་བར་གྱུར་ཡོད། གལ་ཏེ་འདིར་“ཁོང་ལ་གཅུང་པོ་ཞིག་ཡོད་པ་དང་། ཁོའི་མིང་ལ་ལྷས་བྱིན་ཟེར་ལབ་གི་ཡོད་པ་རེད། གཅུང་པོ་ལྷས་བྱིན་དེས་རྒྱུན་དུ་སངས་རྒྱས་བཅོམ་ལྡན་འདས་ལ་གནོད་པ་སྐྱེལ་གི་ཡོད་པ་རེད། དེ་བྱས་ནས། དགེ་ཕྲུག་དེ་ཚོས་སངས་རྒྱས་ལ། ཁྱེད་རང་གི་གཅུང་པོ་ལྷས་བྱིན་འདིས་སྐྱེ་བ་སྔོན་མ་ལ་ལས་ག་རེ་བསགས་པ་ཡིན་ནམ། ཟེར་དྲི་བ་དྲིས་པ་རེད།” ཅེས་པ་ལྟ་བུའི་བརྗོད་པ་ཐུང་ངུའི་ལམ་ནས་བྲིས་པ་ཡིན་ན་བྱིས་པས་དོན་གོ་བ་ལ་ཁྱད་པར་ཏན་ཏན་ཡོད་པ་སྟེ། དཔེར་ན་བྱིས་པར་ཤ་བཙོས་རྡོག་པོ་ཞིག་བྱིན་ན་ཟ་མི་ཐུབ་ཀྱང་གྲིས་དུམ་བུ་ཞིབ་མོར་གཏུབས་ནས་བྱིན་ན་ད་གཟོད་སྤྱོད་ཐུབ་པ་དང་གཅིག་མཚུངས་ཡིན། དེ་བཞིན་རྒན་ལྷག་རྡོར་ལགས་ཀྱིས་བསྒྲིགས་པའི་བྱིས་སྒྲུང་ཁག་གཅིག་མཐོང་བའི་ནང་དུ་དཔེར་ན་“ཁྱི་གཞན་གྱིས་འཕྲོག་པར་དོགས་ཏེ་”ཞེས་པ་ལྟ་བུའི་གཞུང་ཆེན་མོའི་རྩོམ་འགྲོས་ཇི་བཞིན་བྲིས་པ་མང་བས་བྱིས་པས་ཀློག་ན་ཤིན་ཏུ་དཀའ་བར་སྣང་།
སྤྱིར་ངས་ཀློག་དེབ་ཁ་ཤས་མཐོང་ཐོས་ཙམ་གྱིས་བོད་སྐད་ཀློག་དེབ་ཀྱི་ཚད་བརྒྱ་ཆ་བརྒྱ་འཇལ་མི་ཐུབ་ཀྱང་སློབ་གྲྭ་རྩེ་ཕུད་གཅིག་གི་ཀློག་དེབ་ལ་ལྟོས་ཏེ་གཞན་དག་གི་ཚད་རོབ་ཙམ་ནི་ལོས་ཤེས་ཆོག་པར་སྙམ། དེས་ན་ང་ཚོས་བྱིས་པའི་ཁྲོད་དུ་ཉམས་ཞིབ་བྱས་ཏེ་སྐད་བརྡ་ཚན་རིག་དང་མཐུན་པའི་བྱིས་པའི་ཀློག་དེབ་དང་། མང་ཚོགས་ཀྱི་ཁ་སྐད་ལ་ཞིབ་འཇུག་བྱས་ཏེ་དམངས་ཀྱི་ཀློག་དེབ་ཚད་ལྡན་གང་མང་སྒྲིག་ཐུབ་པ་ཡིན་ན་སྐབས་དེར་ང་ཚོའི་སྤྱི་ཚོགས་འདིར་བོད་སྐད་ཤུགས་འབྱུང་གི་དཔྱིད་དཔལ་ཅུང་ཞིག་བསུ་ཐུབ་པར་བསམ།

སྐད་ཡིག་འབད་སྦྱོང་གི་མཐུན་རྐྱེན་སློབ་དེབ་སྒྲིག་སྟངས།

འདིར་སློབ་དེབ་ལ་ཀློག་དེབ་ལྟར་བརྒྱ་ཆ་ ༩༨% སོགས་ཀྱི་དབྱེ་མཚམས་མེད་པར་མིང་ཚིག་གསར་པ་གང་འཚམ་ཡོད་དགོས། སྤྱིར་སྐད་བརྡ་ཚན་རིག་པས་བསླབ་གཞི་རྩ་འཛིན་ལ་སྡེ་ཚན་ཆེ་ཁག་གཉིས་སུ་བགོས་ཡོད་པ་སྟེ། ཀློག་པའི་ཚུལ་སྦྱོང་བ་དང་བཀླགས་ནས་དོན་སྦྱོང་བ་གཉིས་ཡིན་པ་རེད། (learn to read & read to learm (Chall, Jacobs & Baldwin, 1990, Chall, Jacobs, 2003) 

དང་པོ་ཀློག་པའི་ཚུལ་སྦྱོང་བའི་དོན། 

དཔེར་ན་བུ་གསོ་ཁང་ནས་བཟུང་དམའ་རིམ་འཛིན་གྲྭ་གསུམ་པ་མ་ཚར་བར་གྱི་སློབ་མའི་སློབ་དེབ་ནང་དུ་མིང་ཚིག་གསར་པ་དེ་ཙམ་མི་དགོས་པར་ཕ་མས་མཚོན་པའི་ཉེ་འཁོར་གྱི་མི་དང་མཉམ་དུ་རང་ཤུགས་ཀྱིས་བྱང་ཟིན་པའི་མིང་ཚིག་དེ་དག་གི་མཚོན་རྟགས་ཡིག་གཟུགས་ངོ་སྤྲོད་བྱེད་པ་ཙམ་གྱིས་ཆོག་ཅེས་གསལ་ཡོད། ལྷག་པར་སྐབས་དེ་དག་ཏུ་མངོན་སུམ་གྱི་སྤྱོད་ཡུལ་ལས་འདས་པའི་སྟོང་ཉིད་ཀྱི་ཟབ་ཚད་དང་། ཞིང་ཁམས་ཀྱི་ཆེ་ཚད་ལྟ་བུ་ག་ཚོད་བསླབས་ཀྱང་ཚུལ་བཞིན་ཤེས་པར་མི་འགྱུར་བས་བྱིས་པ་རང་དང་རང་མཉམ་དག་གིས་བཀོལ་སྤྱོད་བཏུབ་པའི་མིང་ཚིག་རྣམས་སློབ་དགོས་པ་ཡིན། དཔེར་ན་འཛིན་གྲྭ་གསུམ་པའི་བསླབ་གཞིའི་མིང་ཚིག་ཕལ་མོ་ཆེ་འཛིན་གྲྭ་བཞི་པའི་སློབ་མས་རྒྱུན་པར་བེད་སྤྱོད་བྱེད་ཀྱིན་པའི་མིང་ཚིག་རྣམས་ལས་བཏུས་ཏེ་བསླབ་གཞི་སྒྲིག་དགོས་པ་ལས། ཆེས་མཐོ་བའི་བསྟན་བཅོས་ཀྱི་སྐད་ཆ་མང་དྲགས་སོང་ན་དོན་འབྲས་དེ་ཙམ་མེད། གང་ལགས་ཤེ་ན། མངོན་སུམ་གྱི་ཡུལ་ལས་འདས་པའི་ཤེས་བྱ་དེ་དག་བྱིས་པར་གོ་བརྡ་འཕྲོད་རྒྱུར་ཤིན་ཏུ་དཀའ་ཞིང་རྒྱ་ལ་ངོ་འཕྲོད་པར་གྱུར་ཀྱང་། ལམ་སང་བརྗེད་འགྲོ་བ་སྟེ་ནམ་རྒྱུན་འཚོ་བའི་ཁྲོད་བེད་སྤྱོད་མེད་པས་སོ། དེ་བཞིན་ང་ཚོའི་དམའ་རིམ་ནང་མཆོག་གསུམ་གྱི་རྣམ་གཞག་དང་། སྐྱབས་འགྲོའི་རྣམ་གཞག་སོགས་པར་རིས་ཀྱི་ལམ་ནས་གྲངས་འདྲེན་ཙམ་བསླབས་ན་དེར་ཟད་ལ་དེ་མིན་རྒྱལ་དར་འགྲེལ་བཤད་ལྟ་བུ་ཚད་མཐོ་བའི་ནང་ཆོས་ཀྱི་ཁོག་པ་སྔོག་གིན་འདུག་ན་དོན་འབྲས་མེད་པ་གོང་ཞུས་ལྟར་ལས་མ་འདས་པ་ཞིག་རེད།

གཉིས་པ་བཀླགས་ནས་དོན་སྦྱོང་བ། 

དེ་ཡང་འཛིན་གྲྭ་བཞི་པ་ཡན་གྱི་སློབ་མས་ཀློག་བྱང་ཟིན་པས་ད་གཟོད་མིང་ཚིག་གསར་པ་དང་། བརྡ་སྤྲོད་ཀྱི་འགྲོས། སྐད་ཆའི་འགྲོ་སྲོལ་སོགས་སློབ་དགོས་པ་གསལ་ཡོད། སྐབས་དེར་ཡང་ང་ཚོའི་བསླབ་གཞིའི་རྒྱལ་རབས་ཆོས་འབྱུང་། ནང་ཆོས་རིགས་ལམ། བརྡ་སྤྲོད་རིག་གནས་སོགས་གང་ལ་བལྟས་ཀྱང་མིང་ཚིག་གཅིག་ལས་གཅིག་གཏིང་ཟབ་ཅིང་མཁྲེགས་པ། བརྗོད་པ་རིང་བ་སོགས་ཀྱི་སྐྱོན་ཆ་ཅི་རིགས་ཡོད་པར་སྙམ། འོན་ཀྱང་དེང་སང་ང་ཚོའི་དབུས་ཤེས་རིག་ནས་སློབ་ཚན་གཙོར་འཛིན་མི་གནང་བར་བསླབ་གཞིའི་ཐོག་ལ་དགེ་རྒན་རྣམ་པའི་སློབ་ཁྲིད་ཐབས་ལམ་ཀྱི་འཐབ་ཇུས་གཙོས་ཆེར་བཟུང་ཡོད་སྟབས་སློབ་ཚན་སྐོར་རྒྱས་བཤད་དགོས་དོན་མེད་པར་བསམ།

མཇུག་སྡུད།

འདི་ནས་ཆོ་ག་ཕྱག་ལེན་ལྟ་བུའི་མཇུག་སྡུད་ཀྱི་རིམ་པ་བཤད་མ་དགོས་པའི་ཐོག་ནས་འདིར་འབྲི་མཚམས་འཇོག་གི་ཡིན་ལ། གོང་གསལ་རྩོམ་ཐུང་འདིར་ཚིག་དོན་གང་ཐད་ནས་སྐྱོན་དང་ནོར་འཁྲུལ་མི་ཉུང་བ་ཡོད་ངེས་པས་རྒྱ་ཆེའི་ཀློག་པ་པོ་རྣམ་པས་ཡོ་བསྲང་དང་ཐེར་འདོན་གནང་བར་དགའ་བསུ་ཞུ།

2014/01/30

སྐྱོ་གླུ།

གླུ་གཞས།


སྐྱིད་ཉི་མ་དྲོ་ན་བསམ་དུས། །
དགུང་ཨ་སྔོན་སྤྲིན་པས་གཡོགས་སོང་། །
ཆར་སིལ་མ་བབས་ན་བསམ་དུས། །
རླུང་ནག་པོས་མཐའ་ལ་གཏོར་སོང་། །
འདི་སྲིད་པའི་མནར་གཅོད་ཨེ་རེད། །

དཀར་འོ་མ་འཐུང་ཁ་ལ་མོར། །
ཉམས་ཆུང་བའི་བྱི་ལ་སླེབས་སོང་། །
ལྟོགས་ཞི་ལས་འཐུང་ན་བསམ་དུས། །
མངར་འོ་མ་ཐང་ལ་འཕོས་སོང་། །
ཡིད་ཕངས་བའི་ལས་ཤིག་ཨེ་རེད། །

ང་ཁ་རོག་འདུག་ན་བསམ་དུས། །
སྨན་བུ་མོས་གཡས་སྐོར་གཡོན་སྐོར། །
ངའི་འཁྲིས་ལ་འཁོར་ན་བསམ་དུས། །
སྨན་ཁྲེལ་མེད་གཞན་དང་བསྡེབས་སོང་། །
འདི་སྐྱོ་བའི་ལས་ཤིག་ཨེ་རེད། །

2014/01/21

ཨ་ཁུའི་རྗེས་དྲན།










ངའི་བརྩེ་བའི་ཨ་ཁུ་དྲིན་ཅན།
ཁྱེད་ཀྱིས་དང་ཐོག་བསླབས་པའི་འབྲུ་དེད་ཀྱི་ཁ་ལྕེ་རྡེབ་སྟངས།
ཁྱེད་ཀྱིས་བར་དུ་ཁྲིད་པའི་ཚག་དེད་ཀྱི་དབྱངས་འགྲོས་དལ་མོ།
ཁྱེད་ཀྱིས་ཐ་མར་གདམས་པའི་བསྡོམས་དེད་ཀྱི་འདོ་བའི་འགྲོས་ཆེན་དལ་མོས་དག
ངས་ད་ལྟའང་རྡེབ་ཀྱིན་འགུགས་ལ་འདོན་བཞིན་ཡོད།
ཨ་ཁུ་ལགས།
ཁྱེད་ཀྱིས་བསླབས་པའི་ཤིང་ལོ་རླུང་རྡེབ་མའི་ཆོས་དབྱངས་སྙན་མོ་དེ་ངའི་རྣ་ལམ་ད་རུང་ཡལ་མེད།
ཨ་ཁུ་ལགས།
ཁྱེད་ཀྱི་ཨག་ཚོམ་དཀར་པོའི་འོག་ནས་ཞག་རིལ་མ་སྣུམ་པོ་ཟོས་པའི་བྲོ་བ་དེ་ད་རུང་ལྕེ་གཏིང་ན་འཁྱིལ་ནས་ཡོད།
ཨ་ཁུ་ལགས།
ང་རྒྱུན་དུ་རླངས་འཁོར་གྱིས་མཁྲིས་ནད་སློང་རིམ་བཞིན་
ངས་ཁྱེད་ཀྱིས་གནང་བའི་འབྲི་བཟོ་སེར་པོ་དེ་ཟ་བར་འདོད་སོང་། ཨ་ཁུ་ལགས་
ཁྱེད་ཧ་ཅང་དྲན།

2014/01/17

དྲིན་ཆེན་གྱི་ཨ་ཕ་ལགས།

བུ་ངན་ང་བྱེས་ལ་འཁྱར་ཚེ། །
ཨ་ཕ་ཁྱེད་ཕྱི་མར་བུད་སོང་། །
མ་སྨད་ཚོ་ནང་དུ་ལུས་སོང་། །
སྐྱོ་གདུང་དེ་རྒྱ་མཚོར་འཁྱིལ་ཡོད། །
ཨ་ཕ་་ལགས།

དགུན་གསུམ་གྱི་ནམ་ཟླ་རེ་རེའི། །
སྒང་གསུམ་གྱིས་ཚར་ཞྭ་གོན་དུས། །
དབུ་སྐྲ་ལ་བ་མོ་འཁོར་བའི། །
ཨ་ཕ་ཁྱེད་སེམས་ནས་དྲན་སོང་། །
ཨ་ཕ་་ལགས།

དཔྱིད་གསུམ་གྱི་ནགས་མའི་པང་དུ། །
ཡིད་འོང་གི་ཁུ་བྱུག་དགོད་དུས། །
སྙན་འཇེབས་ཀྱི་ཨ་ཕའི་ཞལ་གསུང་། །
རྣ་ལམ་དུ་ལྷང་ལྷང་འཁོར་འོང་། །
ཨ་ཕ་་ལགས།

དབྱར་གསུམ་གྱི་སྦྲང་ཆར་འཇོ་བཞིན། །
འཇའ་འོད་ཀྱི་གུར་ཁང་བཞེངས་དུས། །
ཕ་རྒན་ཁྱེད་བུ་ལ་དུང་བའི། །
ཟོལ་མེད་ཀྱི་འཛུམ་དཀར་དྲན་སོང་། །
ཨ་ཕ་་ལགས།

སྟོན་གསུམ་གྱི་ལོ་མ་སྐམ་པོ། །
དྲག་རླུང་གིས་ཤེད་ཀྱིས་དེད་དུས། །
དུས་མིན་ཀྱི་འཆི་བ་སླེབས་པའི། །
ཨ་ཕ་ཁྱེད་དྲན་བཞིན་སྐྱོ་སོང་། །
ཨ་ཕ་་ལགས།

རི་རབ་འདི་རྒས་ནས་རྒུད་སོང་། །
གཙང་པོ་འདི་བཞུར་ནས་ཟད་སོང། །
འཇིག་རྟེན་འདི་བརྗེས་ནས་འགྱུར་སོང་། །
དྲན་གདུང་འདིར་འཕོ་འགྱུར་མི་གདའ། །
ཨ་ཕ་་ལགས།

རིག་འཛིན་ཁྱུང་པོ།

2013/10/07

མི་ང་།


ཁྱི།








མིའི་ཆ་བྱད་འཆང་བའི་ཁྱི་རྒན་ངས་། །
མི་ཆེན་དཔོན་ངོར་མཇུག་མ་གཡུག་བཞིན་ཡོད། །
མི་ཚོགས་ཕལ་པར་འབ་སྐད་སྒྲོག་ཀྱིན་ཡོད། །
མི་རོད་ཞན་པར་ལྷག་ཏུ་སྡང་བཞིན་ཡོད། །

2013/10/04

ཁ་ཆེའི་ཆོས་ལུགས། Islam

ཁ་ཆེའི་ཆོས་ལུགས། Islam

ཆོས་དང་ཆོས་པའི་སྒྲ་དོན།

ཁ་ཆེའི་ཆོས་ལ་“ཨེ་སུ་ལམ་” (Islam) ཟེར་ཞིང་དེའི་དོན་ནི་“དཀོན་མཆོག་གི་སྐྱབས་འོག་ཏུ་ཞུགས་ནས་ཁོང་གི་བཀའ་ལ་ཉན་པ་” (submission to will of the God and obedience to His Lawsཞེས་པའི་དོན་དང་། ཚིག་གི་འབྱུང་ནི་ཨ་རབ་བྷིའི་ཐ་སྙད་དུ་“ས་ལེ་མ་” (Salema) ཞེས་ཞི་བ་དང་གཙང་བའི་དོན་སོགས་ལ་འཇུག་པ་དེ་ལས་བྱུང་བར་བཤད། ཡང་ཁ་ཆེ་བས་འཚམ་འདྲི་ཞུ་བའི་སྐབས་“ས་ལམ་” (Salam) སྟེ་བདེ་བར་གྱུར་ཅིག་ཅེས་བརྗོད་སྲོལ་ཡོད་པ་དེ་དང་ཡང་འབྲེལ་བ་ཡོད་པར་སྣང་། ང་ཚོ་བོད་པས་ནི་ཆོས་མིང་ཡུལ་གྱིས་འབོད་པ་སྟེ། རྒྱ་གར་“ཀ་ཤི་མིར་” (Kashmir) ཡུལ་ལ་“ཨེས་སུ་ལམ་”རྒྱ་ཆེར་དར་བས་ན་ཁ་ཆེ་ཞེས་འབོད་ཀྱི་ཡོད་པར་མངོན། མདོ་དོན་“ཨེ་སུ་ལམ་”ནི་ཆོས་ལུགས་ལ་གོ་བ་ལེན་རྒྱུ་དང་། “མུ་སུ་ལམ་”ཞེས་པ་ནི་གང་དེས་“ཨེ་སུ་ལམ་”གྱི་ཆོས་ལ་དད་གུས་བྱེད་མཁན་གྱི་གང་ཟག་ལ་གོ་བ་ལེན་རྒྱུ་དེའོ། །

«ཀ་» དཀོན་མཆོག་གཅིག་བདེན།

སྤྱིར་ཁ་ཆེའི་བླ་ན་མེད་པའི་དཀོན་མཆོག་སྟེ་“ཨ་ལཱ་” (Aallah) ནི་གཅིག་བདེན་ཁེར་རྐྱང་གི་བདག་ཉིད་ཅན་ཏེ་གཉིས་དང་གསུམ་ལ་སོགས་པར་དབྱེར་མ་མཆིས་པ། ལྷ་ཚོགས་ཀྱི་ངོ་བོར་མ་གྲུབ་པའམ་འདུས་གྲུབ་མ་ཡིན་པ། གཟུགས་ཀྱི་རང་བཞིན་ལས་འདས་པ། མཐུ་རྩལ་ཡོངས་སུ་རྫོགས་པ་ཉིད། དེ་བཞིན་དུ་བཟང་བ་དང་། སྙིང་རྗེའི་བདག་ཉིད་ཅན། ཕན་བྱེད། བྱེད་པ་པོ། ཐམས་ཅད་མཁྱེན་པ། མཁྱེན་རབ་ཐམས་ཅད་པ། འཇིག་རྟེན་གྱི་སྟོན་པ། ཐོག་མར་གྱུར་པ། ཐ་མར་གྱུར་པ་ལ་སོགས་པའི་ཡོན་ཏན་དགུ་བཅུ་གོ་དགུའི་བདག་ཉིད་ཅན། འགྲོ་བ་མིའི་རིགས་ཐམས་ཅད་སྐྲུན་པ་པོ། ཡེ་ཤུ་བ་དང་། རྗེའུ་བ། ཁ་ཆེ་བ། ནང་པ། ཧིན་དྷུ་བ། ཆད་པར་སྨྲ་བ་ཚུན་ཆད་ཀྱིས་ཀྱང་ལྷག་པའི་ལྷ་རུ་གྱུར་པ། གང་གིས་ལྷ་དེ་བསྟེན་ཞིང་ལྷ་དེའི་སྡོང་གྲོགས་འཚོལ་ན། མཐར་ལྷ་དེས་ལམ་སྣ་འདྲེན་པར་བྱེད་པ་ཞིག་ཏུ་འདོད།

«ཁ་» དཀོན་མཆོག་གི་ཕོ་ཉ་དང་བསླབ་བྱ་གཅིག་བདེན།

དཀོན་མཆོག་གིས་སྔ་ཕྱི་བར་གསུམ་དུ་ཕོ་ཉ་སྣ་ཚོགས་པ་ཞིག་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་བཏང་ཡོད་ལ། དེ་དག་གིས་བསྣམས་འོངས་བའི་གསུང་འཕྲིན་གྱི་སྙིང་དོན་གཅིག་ཅིང་བསླབ་པ་ཡང་གཅིག་ཏུ་ངེས་པར་བཤད། འོན་ཀྱང་མི་རྣམས་གོ་འཛོལ་ཤོར་བའི་དབང་གིས་འགྲེལ་བཤད་ལོག་པར་བྱས་ཏེ་གྲུབ་མཐའ་སྣ་ཚོགས་པ་ཞིག་བྱུང་ཡོད་མོད། དོན་དངོས་ཐོག་ཡེ་ཤུ་དང་རྗེའུ་ལ་སོགས་པའི་སྟོན་པ་ཡོངས་རྫོགས་དཀོན་མཆོག་གི་ཕོ་ཉ་ཉག་གཅིག་ཏུ་ངེས་པར་བཤད།

«ག་» གསུང་གི་ཕོ་ཉ་སྟོན་པ།

དེ་བཞིན་དུ་སྟོན་པ་མུ་ཧམྨད་” (Muhammad) དེ་ཉིད་དཀོན་མཆོག་གི་ཕོ་ཉ་གཙོ་བོ་ཞིག་དང་ཆེས་མཐའ་མཇུག་བ་དེ་ཡང་ཡིན་པར་བཤད། ལྷག་པར་དུ་ཁོང་ནི་ཡེ་ཤུ་ལ་སོགས་པའི་སྔོན་བྱོན་ཕོ་ཉ་བ་ཡོངས་རྫོགས་ནང་གི་གཙོ་བོ་དེ་ཡིན་ཞིང་སྔར་གྱི་གསུང་རབ་འདྲེས་ལྷད་ཅན་རྣམས་ལ་དག་ཐེར་མཛད་ཅིང་འགྲོ་བ་མིའི་ཁམས་སུ་དམ་པའི་གསུང་རབ་རྣམ་དག་དར་བར་མཛད་མཁན་དེ་ཡིན་ལ། “ཁུ་རན་” (Quran) གསུང་རབ་གསལ་བར་བྱེད་པ་པོ་དེ་ཡང་ཡིན་པར་བཤད། དེ་ལྟ་བུའི་སྟོན་པ་ཁོང་ནི་སྤྱི་ལོ་༥༧༠་ལོར་ཨ་རབ་ཀྱི་“མཀྑ་” (Macca) ཞེས་པར་སྐུ་འཁྲུངས་ཞིང་ཕྱུག་བདག་གི་བུ་མོ་ཞིག་དང་གཉེན་བསྒྲིགས། དགུང་ལོ་བཞི་བཅུ་ཟིན་སྐབས་ཁོང་གིས་ཁ་ཆེའི་ཆོས་ལུགས་གསར་གཏོད་བྱས་པར་གྲགས། །

«ང་» འགྱུར་བ་མེད་པའི་གསུང་རྡོ་རྗེ།

ཆོས་ལུགས་འདིའི་གསུང་རབ་ཀྱི་གཙོ་བོ་ནི་“ཁུ་རན་” (Quran) སྟེ་དཀོན་མཆོག་གིས་སྟོན་པར་གནང་བའི་གདམས་ངག་ཡོངས་རྫོགས་ཕྱོགས་བསྡུས་བྱས་པའི་དམ་པའི་གསུང་རབས་ཤིག་ཡིན་པ་དང་། གསུང་རབ་དེ་དཀོན་མཆོག་ཉིད་ཀྱིས་སྟོན་པ་མུ་ཧམྨད་བརྒྱུད་དེ་ཕོ་ཉའི་གཙོ་བོ་“གབ་རི་ཨིལ་” (Gabriel) ལ་བསྟན། གསུང་དེའི་དགོངས་དོན་ནི་ལྷ་གཅིག་རང་བཞིན་དང་། ལྷ་དེ་བསྟན་ཚུལ། ཡང་དག་པའི་མི་ཚེའི་ལམ་བཅས་ཡིན་པ་རེད། དེར་བརྟེན་“ཁུ་རན་”གསུང་རབ་ནི་འགྱུར་བ་མེད་པའི་དཀོན་མཆོག་གི་རྡོ་རྗེའི་ཚིག་ཏུ་ཁས་ལེན་ཞིང་། ཁ་ཆེ་བའི་དམ་ཚིག་དང་བསླབ་བྱ་ཡང་དེ་ཉིད་ཏུ་འདུས་ཡོད་པར་བཤད། དེ་མིན་“ཧ་ཌི་ཐ” (Hadith) ཞེས་པའི་གསུང་རབ་དེ་ནི་སྟོན་པ་མུ་ཧམྨད་ཀྱིས་ཁུ་རན་ལ་གཞི་བཅོལ་ཏེ་ཉིན་རེའི་ཆོས་དང་མཐུན་པའི་ལག་ལེན་བྱེད་སྟངས་ཕྱོགས་བསྡུས་གནང་བ་ཞིག་ཡིན་པ་རེད།

«ཅ་» མི་གཅིག་བདེན།

དཀོན་མཆོག་གི་བཀའ་ཁྲིམས་ནང་ལ་མི་རྣམས་འདྲ་མཉམ་དུ་བསྐྲུན་ཡོད་སྟབས། གཞན་ལས་ཁྱད་འཕགས་ཅན་གྱི་སྐྱེས་བུ་ཞེས་པ་ཞིག་གཏན་ནས་མེད་པར་འདོད། སྤྱིར་དཀོན་མཆོག་གིས་འགྲོ་བ་མི་ལ་རིགས་རུས་དང་། ཁ་དོག སྐད་རིགས། ལྟ་གྲུབ་སོགས་འདྲ་མིན་སྣ་ཚོགས་བཟོས་དོན་ནི། སྐྱེ་བོའི་ཁྲོད་ནས་སུ་བཟང་མིན་ལ་ཚོད་བགམ་པའི་ཕྱིར་དུ་བསྐྲུན་པར་འདོད་ལ། བཟང་ངན་དེ་ཡང་ཆོས་དད་ཆེ་ཆུང་དང་དྲང་བདེན་ཡིན་མིན་ལ་གོ་དགོས། འོན་ཀྱང་སུ་ཞིག་བཟང་མིན་དེ་ནི་གཞན་སུས་ཀྱང་མི་དཔོག་པར་དམ་པའི་དཀོན་མཆོག་ཁོ་ནས་མཁྱེན་པར་འདོད་པ་དེའོ། །

«ཆ» སྐྱེས་ཐོག་དག་པའི་མི།

སྐྱེས་ཐོག་དག་པའི་དོན་ནི་མི་རྣམས་ཐོག་མར་སྐྱེ་སྐབས་སྡིག་སྒྲིབ་ཀྱིས་མ་གོས་པར་དག་གཙང་ཡིན་པ་དང་། ན་ཚོད་ལོན་སྐབས་གཞི་ནས་ནོར་འཁྲུལ་ཤོར་ཏེ་སྡིག་པ་གསོག་གི་ཡོད་པར་འདོད་ལ། གང་ཟག་གཞན་གྱི་སྡིག་པ་ལ་རང་ཉིད་ཀྱིས་འགན་ཁུར་ཡོད་མེད་གང་ལྟར་ཡང་། སྙིང་ནས་འགྱོད་བཤགས་བྱེད་དུ་ཡོད་པར་འདོད། བཤད་སྟངས་འདིར་སྐྱེ་སྔོན་མ་ཞིག་ཁས་ལེན་གྱི་གསལ་འདུག་པར་སེམས།

«ཇ་» སྤྲུལ་པའི་ཕོ་ཉ་དང་།

ཕོ་ཉ་དེ་ནི་མི་མངོན་པའི་སྤྲུལ་པའི་གང་ཟག་ཅིག་སྟེ་དཀོན་མཆོག་གིས་བཟོས་པའི་འཇིག་རྟེན་ཁམས་ཀྱི་“ལྷའི་ཕོ་ཉ་” (Angel) ཁྱད་པར་བ་ཞིག་ཡིན་པར་གྲགས། དཀོན་མཆོག་གིས་འདི་བཟོ་སྐབས་གློག་ལས་བཟོས་པ་དང་། “ཇིནྣ་” (Jinn) གྱི་རིགས་ནི་དུ་བ་མེད་པའི་མེ་ལས་བཟོས། དེ་བཞིན་ང་ཚོ་མི་ནི་འདམ་བག་ལས་བཟོས་ཚུལ་ཁུ་རན་ལས་བཤད་ཡོད་ལ། “ཇིནྣ་”ནི་མིས་འཐོང་དུ་མི་རུང་བའི་སེམས་ཅན་གང་ཞིག་ལ་ལྷ་བདུད་རང་བཞིན་བ་གསུམ་ཁ་ཡོད་པའི་རིགས་ཤིག་ཡིན་པར་འདོད་འདུག་པས་ཕྲ་བའི་གཟུགས་ཅན་ནམ། ཡིད་ལུས་པའི་ཁོངས་སུ་གཏོགས་ཆོག་གམ།

«ཉ་» ཐག་བཅོད་ཀྱི་ཉིན་མོ།

“ཐག་བཅོད་ཀྱི་ཉིན་མོ་” (Day of judgement) ནི་འཇིག་རྟེན་འདིར་འཚོ་བའི་ཉིན་ཐ་མའི་ཚུན་ཆད་དུ་ལོ་རྒྱུས་ཁྲོད་བྱུང་བའི་འགྲོ་བ་མིའི་རིགས་ཡོད་དོ་ཅོག་ལ་དཀོན་མཆོག་གིས་གཟིགས་བཟོས་བསྩལ་བ་དང་ཉེས་ཆད་གཅོད་པའི་ལམ་ནས་ཐག་གཅོད་བྱེད་ཅེས་བཤད་ཡོད། ཝི་ཀེ་རིག་མཛོད་ལ། “ཐག་གཅོད་ཀྱི་ཉིན་མོ་ནི་དཀོན་མཆོག་གིས་འགྲོ་བ་མིའི་རིགས་ལ་ཐ་མའི་ཁྲིམས་ཐག་གཅོད་པར་ཡིད་ཆེས་བྱེད་པ་ཞིག་ཡིན། དེའི་ཚུལ་ནི་རིམ་བཞིན་སེམས་ཅན་ཡོད་ཚད་རྩ་སྟོང་དུ་འགྲོ་བ་དང་། ཕུང་པོ་ལ་འདས་ལོག་འབྱུང་བ་དང་། སེམས་ཅན་ཡོད་ཚད་ལ་ཁྲིམས་ཐག་གཅོད་པ་བཅས་སོ། །སྐབས་དེར་གང་དུ་གནས་པའི་འགྲོ་བ་ཚང་མའི་རང་གི་བྱ་སྤྱོད་དང་རྣམ་འགྱུར་ལྟར་ཐག་གཅོད་ཁྲིམས་ལྟར་བྱེད། དེ་ཡང་དྲང་བདེན་ཡིན་མིན་མི་གཙོ་བར་དཀོན་ཅོག་ལ་ཡིད་ཆེས་ཡོད་མེད་གཙོ། དེ་དུས་ཚོད་ནམ་ཞིག་ལ་འབྱུང་མིན་མི་ཤེས།” ཞེས་འཁོད།

«ཏ་» ཐར་པ་དམ་པ།

ད་དུང་གལ་ཆེ་བ་གཅིག་སྟེ་ཐར་པའི་གོ་འཕང་ཡང་ཐག་གཅོད་འདིའི་ནང་དུ་ཚུད་ཡོད་པ་འདྲ་སྟེ་གང་དག་གིས་དཀོན་མཆོག་ལ་ཡིད་ཆེས་དྲག་པོས་ཁ་ཆེའི་ཆོས་བསྒྲུབས་ན་འཆི་བའི་སྐབས་དཀོན་མཆོག་གིས་འཆི་བ་མེད་པའི་སྐྱེ་བ་གསར་པ་ཞིག་གི་དངོས་གྲུབ་སྩལ་བར་བཤད་ཡོད་པ་སྟེ། དེ་ནི་གདོན་མི་ཟ་བར་ཨ་ལཱའི་སྐུ་དྲུང་དུ་སྐྱེ་བའི་སྐབས་དེ་ཡིན་པ་རེད།

«ཐ་» ལུགས་གཉིས་གཅིག་འཇུག

ཁ་ཆེའི་ཆོས་ནི་ཚེ་གང་གི་བྱ་གཞག་ཀུན་ལ་ཁྱབ་དགོས་པ་སྟེ། ཁ་ཆེའི་ཆོས་འཆད་སྤེལ་ནི་ཆབ་སྲིད་དང་ཁ་འབྲལ་ཐབས་མེད་པ་དཔེར་ན། དངོས་དོན་ཡིན་མིན་དང་། སྐབས་སུ་བབ་མིན་ལ་མི་ལྟོས་པར་ཡོད་ཚད་ཆུ་བརྒྱ་ཟམ་ཆུད་ལྟར་དཀོན་མཆོག་གི་བཀའ་གསུང་འོག་ཏུ་འཇུག་དགོས་ལ། དེ་བཞིན་དཔལ་འབྱོར་དང་། ཚོང་ལས། ཤེས་ཡོན། ཆབ་སྲིད་ཀྱི་ལམ་སྲོལ་ཐམས་ཅད་ཀྱང་ཁ་ཆེའི་ཆོས་ཀྱི་སློབ་གསོ་ལས་འདའ་མི་རུང་བར་འདོད།

«ད་» ཆོས་ཉམས་སུ་ལེན་ཕྱོགས།

འདིར་ཁ་ཆེའི་ཆོས་ཉམས་ལེན་ཀྱི་རིམ་པ་ལ་“ཀ་བ་ལྔ་”ཞེས་གྲགས་པ་དག་བསྡུས་ཙམ་ཞུས་ན།

དང་པོ། 

སྐྱབས་འགྲོའམ་དམ་བཅའ། བློ་གཅིག་སེམས་གཅིག་གིས་དཀོན་མཆོག་ནི་ཨ་ལཱ་གཅིག་ཁོ་ན་དང་མོ་ཧ་མ་དྷུ་ནི་དཀོན་མཆོག་གི་ཕོ་ཉ་ཡིན་པར་ཁས་ལེན་ཞིང་མནའ་སྐྱེལ་དམ་འཇོག་བྱེད་པ་སྟེ་ནང་པའི་སྐྱབས་འགྲོའམ། སྡོམ་པ་འབུལ་བའི་ཚོད་ལྟ་བུ་ཞིག་ཡིན་པ་འདྲ།

གཉིས་པ། 

གསོལ་འདེབས། ཁ་ཆེ་བས་ཉིན་རེར་ལན་ལྔ་རེ་སྒྲུབ་དགོས་པའི་གསོལ་བ་སྨོན་ལམ་འདེབས་པའི་ཆོས་སྤྱོད་ཀྱི་རིམ་པ་ཞིག་གོ །

གསུམ་པ། 

སྨྱུང་གནས། ཁ་ཆེའི་ཟླ་བ་དགུ་པ་ནི་“ར་མ་དྷན་” (Ramadan) སྨྱུང་གནས་ཟླ་བ་སྟེ། སྐབས་དེར་ཆོས་ཉམས་ལེན་པ་ཚོས་ཞོགས་ཐོ་རེངས་ནས་དགོང་ཉི་ནུབ་བར་ཟས་སྐོམ་འཁྲིག་གསུམ་སྤོང་བའོ། །

བཞི་པ། 

དག་པའི་དཔྱ་ཁྲལ། ཁ་ཆེ་བའི་རྒྱུ་ནོར་གྱི་བརྒྱ་ཆ་ལ་གཞིགས་པའི་ལོ་རེའི་དཔྱ་ཁྲལ་བསྡུས་ཏེ་ཉམས་ཐག་དང་དགོས་ངེས་པའི་ཡུལ་ལ་གཏོང་བའི་མཆོད་སྦྱིན་ཏེ། དཔེར་ན་ཉེ་སྔོན་ཨ་རིས་ཨེ་ར་ཁུ་ལ་དམག་རྒྱག་སྐབས་རྒྱ་ཁ་ཆེ་ཧུ་རིགས་དག་གིས་ཞལ་འདེབས་བསྡུས་ཏེ་ཨི་རག་ཡུལ་དུ་བཏང་བ་ལྟ་བུ་ཡིན་འདུག

ལྔ་པ། 

གནས་སྐོར། གལ་ཏེ་མི་ལུས་དོན་དང་ལྡན་པ་ཞིག་བྱ་འདོད་ན། མི་ཚེའི་ནང་སྟོན་པ་མོ་ཧ་མ་དྷུ་འཁྲུངས་སའི་“མ་ཁཱའི་གནས་ཆེན་སྐོར”དུ་ལན་གཅིག་སླེབས་དགོས་པའི་ལུགས་སྲོལ་དེ་རེད། གནས་དེ་ནི་“སཱོ་དྷི་ཨ་རབ་བྷི་ཡ་” (Saudi Arabia) ལ་ཡོད་པ་དང་། ཞོར་དུ་ཆོས་དཔོན་ཨེ་བྷུ་ར་ཧམ་གྱིས་རང་གི་བུ་ཨེ་སཱག་ལྷ་ལ་དམར་མཆོད་ཕུལ་བའི་མཛད་ཆེན་ཡང་དྲན་གསོ་བྱེད་ཆོག་གི་ཡོད། དེ་མིན་ཕག་ཤ་མི་ཟ་བ་དང་ཆུང་མ་མང་བསྟེན་སོགས་ཀྱི་རིགས་སྣ་ཆོགས་པ་ཞིག་ཡོད་ཀྱང་འདིར་སྨོས་ཀྱིས་མི་ལང་།

«ན་» དུས་ཆེན་སྲུང་བརྩི།

ཁ་ཆེ་ལ་མཆོད་འབུལ་དུས་ཆེན་དང་སྨྱུང་གནས་དུས་ཆེན་ཏེ། དུས་ཆེན་ཆེ་ཁག་གཉིས་ཡོད་པ་རེད། དང་པོ་ནི་ཁ་ཆེའི་ཟླ་བ་༡༢་ཚེས་པ་༡༠་ནས་ཚེས་༡༣་བར་ཉིན་གསུམ་གྱི་རིང་སྟེ། དེ་ནི་སྟོན་པ་ཨེ་བྷུ་ར་ཧམ་གྱིས་རང་གི་བུ་དམར་མཆོད་དུ་ཕུལ་བའི་དྲན་གསོའི་དུས་ཆེན་ཡིན་པ་རེད། སྨྱུང་གནས་དུས་ཆེན་གོང་དུ་ཀ་བ་ལྔའི་ཁོངས་སུ་ཞུས་ཟིན་པ་དེའོ། །དེ་མིན་རེས་གཟའ་པ་སངས་དེ་ཡང་གལ་ཆེན་དུ་བརྩི་བ་སྟེ། གང་ལགས་ཤེ་ན་མ་འོངས་པར་དཀོན་མཆོག་གིས་རེས་གཟའ་པ་སངས་ཞིག་ལ་“ཐག་གཅོད་ཉིན་མོ”ཞེས་པ་དེ་གནང་བར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་ས་གནས་སོ་སོའི་ཁ་ཆེ་བ་དག་རེས་གཟའ་པ་སངས་ཉིན་རྒྱབ་ལྷན་དུ་འཛོམས་ཏེ་ཕྱག་འཆོད་དང་ཆོས་དཔོན་གྱིས་ཆོས་བཤད་ཀྱང་གནང་སྲོལ་ཡོད་པ་རེད།

«པ་» ཁ་ཆེའི་ཕྱག་ཁང་ངམ་ལྷ་ཁང་།

ཁ་ཆེ་བས་མཆོད་འབུལ་ཞུ་གནས་ལྷ་ཁང་ལ་“མོ་སུ་ཁཱུ་” (Mosque) ཞེས་འབོད་ཅིང་དེའི་ནང་དུ་ཨ་ལཱ་གཟུགས་མེད་ཀྱི་རང་བཞིན་ཡིན་ཕྱིར་ལྷ་སྐུ་སོགས་སྒྲིག་སྲོལ་མེད། སྤྱིར་འཛམ་གླིང་འདིར་ཕྱག་ཁང་རྩ་ཆེན་གསུམ་བརྩི་སྲོལ་ཡོད་པ་སྟེ། དང་པོ། “མ་ཁཱའི་ཡུལ་གྱི་ཀཱ་བ་མཆོད་ཁང་” (Kaaba in Mecca) གཉིས་པ། མ་ཁཱའི་ནུབ་ཕྱོགས་ཀྱི་མེ་དི་ན་ (Medinaཞེས་པའི་ཡུལ་གྱི་སྟོན་པ་མོ་ཧ་མ་དྷུའི་ཁུ་བྷ་མཆོད་ཁང་ (Quba Mosque) གསུམ་པ། ཨེས་སུ་རལ་གྱི་“ཇེར་རུ་ས་ལེམ་” (Jerusalem) ཞེས་པའི་ཡུལ་དུ་ཡོད་པའི་“ཨལ་ཨཁ་ས་མཆོད་ཁང་” (al-Aqsa Mosque) བཅས་ཡིན་པ་རེད། སྤྱིར་ཁ་ཆེ་བས་རང་ཉིད་ཚོང་ཁང་དང་དམག་སྒར་སོགས་གནས་གང་ཞིག་ཏུ་ཡོད་ཀྱང་ཕྱག་མཆོད་བྱེད་ཆོག་གི་ཡོད་པ་རེད།

«ཕ་» ཆོས་རྒྱུད།

ཁ་ཆེའི་ཆོས་བརྒྱུད་ལ་རིགས་མི་འདྲ་དུ་མ་ཡོད་ཀྱང་གཙོ་ཁག་གསུམ་སྟེ། 

དང་པོ། 

“སུན་ནི་རིང་ལུགས་”  (Sunnism) ནི། ཁ་ཆེའི་ཁྲི་འཛིན་ཐོག་མ་བཞི་པོ་དེ་སྟོན་པ་མོ་ཧ་མ་དྷུའི་རྒྱལ་ཚབ་དངོས་ཡིན་པར་ཁས་ལེན་མཁན་གྱི་བརྒྱུད་པ་སྟེ་ཁོང་ཚོས་གདུང་བརྒྱུད་མི་འདེད་པའོ། ། 

གཉིས་པ། 

“ཤའི་ཊེ” (Shiite) ཆོས་བརྒྱུད་ནི་སྟོན་པ་མུ་ཧམྨད་ཀྱི་བུ་མོ་“ཧྥ་ཊི་མཱ་་ཛ་ར་” (Fatimah Zara) དང་ཚ་བོ་“ཧུ་སེ་ཨིན་་ཨིབྣ་ཨ་ལི་”(Hussein Ibn Ali)སོགས་གདུང་བརྒྱུད་རྒྱལ་ཚབ་ཏུ་འདོད་མཁན་ཏེ། ཧུ་སཱན་ཨ་ལི་རྒྱལ་ཚབ་དངོས་དང་གཞན་གསུམ་ཁས་མི་ལེན་པའི་རིགས་སོ། །འདི་གཉིས་ཁ་གྱེས་ཚུལ་ནི་སྟོན་པ་མུ་ཧམྨད་སྐུ་གཤེགས་རྗེས་སྤྱི་ལོ་༦༣༢་ལོར་ནས་བཟུང་༦༨༠་ “ཀ་བྷ་ལ་” (Kabala) ཡི་དམག་འཁྲུག་གི་བར་དུ་ཤའི་ཊེ་རིང་ལུགས་འགོ་བཙུགས་པའི་དུས་སྐབས་ཡིན་པར་བཤད་ཡོད། ཀ་བྷ་ལའི་དམག་འཁྲུག་ནི་རྗེས་འཛིན་པ་གསུམ་པ་“ཡ་ཛིད་དང་པོ་” (Yazid I) དང་སྟོན་པའི་ཚ་བོ་ཨ་ལི་གཉིས་ཀྱི་དབར་དུ་བྱུང་བའི་དབང་ཆའི་འཐབ་འཁྲུག་ཅིག་ཡིན་པ་རེད། སྐབས་དེར་ཚ་བོ་ཨ་ལི་རྗེས་འབྲང་དང་བཅས་པས་ཡ་ཛིད་དང་པོ་རྗེས་འཛིན་པར་ཁས་མ་བླངས་པའི་རྐྱེན་གྱིས་དམག་འཁྲུག་དངོས་སུ་ཤོར། དམག་སྟོབས་ཆེ་ཆུང་དབང་གིས་གཡུལ་ཐོག་དེར་ཨ་ལི་དཔུང་དང་བཅས་པ་ཐ་ན་ཟླ་བ་དྲུག་ལས་མ་ལོན་པའི་བུ་ཆུང་ཚུན་ཆད་དམར་གསོད་བཏང་ཡོད་པ་རེད། གཡུག་འཁྲུག་འབྱུང་ཡུལ་དེ་“ཨི་རན་” (Iran) དང་འཁྲུག་ཡུན་ཉིན་བཅུ་ཡིན་པར་བཤད། ཡིན་ནའང་ཤའི་ཊེ་ཆོས་ལུགས་དངོས་དེ་“ཨི་དྲི་སིད་རྒྱལ་རྒྱུད་” (Idrisid dynasty) (780–974) དེ་ཨ་ལི་ཧ་སཱན་གྱི་ཡང་ཚའི་རྒྱལ་བརྒྱུད་ནས་བྱུང་བ་ཡིན་པ་རེད།

གསུམ་པ། 

“སུ་ཧྥི་རིང་ལུགས་པ་” (Sufism) ནི་ཁ་ཆེ་གཞན་དང་མི་འདྲ་བར་དཀོན་མཆོག་བརྒྱུད་པ་དང་བཅས་པས་གནང་བའི་གདམས་ངག་ཉམས་སུ་ལེན་པ་ལ་དཀོག་མཆོག་གིས་ཁོང་ཅག་དཀོན་མཆོག་ཏུ་གཟིགས་ཀྱང་ཁོང་ཚོས་རང་ཉིད་དཀོན་མཆོག་ཏུ་ད་རུང་མཐོང་མེད། གལ་ཏེ་རང་སེམས་ཀྱི་ངོ་བོ་དཀོན་མཆོག་ཏུ་ཤེས་པའི་གདིང་ཐོག་ནས་ཉམས་སུ་ལེན་པ་ནི་དོན་དམ་པའི་ཁ་ཆེ་དེ་ཡིན་པར་འདོད། ཆོས་ལུགས་འདི་ཐོག་མར་དུས་རབས་དགུ་པ་བཅུ་པའི་ནང་ཨ་རབ་ཕྱི་ལོགས་ནས་བྱུང་ཞིང་། དམིགས་བསལ་སྟག་གཟིག་ཡུལ་དུ་དུས་རབས་༡༢པའི་ནང་ལ་ལུགས་འདི་འཕེལ་རྒྱས་སོང་ཡོད་ལ་དུས་རབས་༡༣་ནས་༡༦་བར་དུ་དེ་ལས་ཀྱང་དར་རྒྱས་སོང་ཚུལ་འདུག

«བ» ཆོས་དར་ཁྱབ་བྱུང་ཚུལ།

ཁ་ཆེའི་ཆོས་ནི་སྤྱི་ལོ་༦༠༠་ནང་སྐོར་ཞིག་ལ་ཨེ་ཤི་ཡ་དང་ཨ་རབ་བྱེ་ཐང་ཁུལ་དུ་དཀོན་མཆོག་གི་ཕོ་ཉ་བ་སྟོན་པ་མུ་ཧམྨད་ཀྱིས་གསར་གཏོད་བྱས། མ་འགྱངས་བར་ཨེ་ཤི་ཡའི་ཤར་ཕྱོགས་དང་། ཡོ་རོབ་དབུས་ཁུལ། ཨ་ཧྥི་རི་ཁའི་ནུབ་ཁུལ་བཅས་ལ་དར་ཁྱབ་སོང་། དམིགས་བསལ་དུ་ལོ་ངོ་སུམ་ཅུ་ཙམ་མ་འགོར་བར་ཁ་ཆེའི་ཆོས་འདི་ཨ་རབ་ཀྱི་ཉེ་བའི་གླིང་ཕྲན་ནང་མྱུར་མགྱོགས་ཀྱིས་དར་ཁྱབ་བྱུང་ཡོད་ལ། དེ་བཞིན་“སྟག་གཟིག་” (Persian) དང་“རོ་མན་རྒྱལ་པོའི་” (Roman Empires) མངའ་ཁུལ་དག་ཁ་ཆེའི་དཔུང་གིས་དབང་དུ་བསྡུས། དེའི་རྗེས་ཀྱི་དུས་རབས་ཁ་ཤས་ནང་ཁ་ཆེའི་ཆོས་དེ་“རྒྱ་གར་” (India) ཤར་ཕྱོགས་དང་“སུ་པན་” (Spain) ནུབ་ཕྱོགས་ཀྱི་བར་དུ་ཁྱབ་ཡོད་པ་མ་ཟད། ཚོང་འགྲུལ་བ་དག་བརྒྱུད་ནས་ལྷོ་ཤར་ཨེ་ཤི་ཡའི་མངའ་ཁུལ་ལ་མུ་མཐུད་ནས་ཁྱབ་ཡོད་པ་སྟེ། དཔེར་ན་དེང་གི་ཁ་ཆེའི་རྒྱལ་ཁབ་ཆེ་ཤོས་“ཨིན་ཌོ་ནེ་ཤི་ཡ་” (Indonesia) ལ་ཨ་རབ་ཀྱི་ཚོང་པ་དག་བརྒྱུད་དེ་ཁ་ཆེའི་ཆོས་འབྱོར་སོང་བ་ལྟ་བུ་རེད།
དེ་རྗེས་ཚན་རིག་གི་དུས་སྐབས་དེ། རྩིས་ཀྱི་རིག་པ། གྲངས་རིག་པ། གནམ་དཔྱད་རིག་པ། གསོ་བ་རིག་པ། དངོས་ཁམས་རིག་པས་མཚོན་པས་དེང་གི་རིག་གནས་མང་པོ་ཞིག་འཕེལ་རྒྱས་སོང་བའི་སྐབས་སུའང་ཁ་ཆེའི་ལམ་སྲོལ་ནི་རྩེ་མོར་གནས་ཡོད་པ་སྟེ། དེང་སང་སྤྱོད་བཞིན་པའི་ཁ་ཆེའི་ཆོས་འདི་སྐབས་དེའི་ཁ་ཆེའི་མཁས་པའི་ལམ་སྲོལ་གྱི་རྨང་མ་ཉམས་པ་ལ་བརྟེན་ནས་བྱུང་ཡོད་པ་རེད། གང་ལྟར་དེང་སང་ཁ་ཆེའི་ཆོས་ནི་འཛམ་གླིང་ནང་གི་འཕེལ་རྒྱས་འགྲོ་མགྱོགས་ཤོས་དེ་ཡིན་པས་དེང་གི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ལས། ཁ་ཆེ་བའི་མི་འབོར་བརྒྱ་ཆ་༣༠%་ཡན་ཆོད་ཟིན་པའི་རྒྱལ་ཁབ་ལྔ་བཅུ་ང་བདུན་དང་། འཇིག་རྟེན་ཁྱོན་ཡོངས་ཀྱི་ཁ་ཆེའི་མི་འབོར་བརྒྱ་ཆ་༢༦.༠༢% ཟིན་ཡོད་ལ། མི་གྲངས་དུང་ཕྱུར་ཉི་ཤུ་དང། བྱེ་བ་ལྔ། ས་ཡ་མེད། འབུམ་མེད། བརྒྱད་ཁྲི། ལྔ་སྟོང་སུམ་བརྒྱ་ཞེ་བདུན་ཙམ་ཡོད་པ་རེད།

ཁ་ཆེའི་མི་འབོར་རེའུ་མིག

ཨེ་ཤ་ཡ། 

དང་པོ། དབུས་ཨ་ཤི་ཡར་ཁ་ཆེ་མི་འབོར་༦༦༨༨༤༡༦༤་དང་བརྒྱ་ཆ་༩༠.༦%ཡོད་པ་དང་། 
གཉིས་པ། ཤར་ཨེ་ཤི་ཡར་མི་གྲངས་༣༠༩༧༧༡༥༠་དང་བརྒྱ་ཆ་༣་.༡༣% 
གསུམ་པ། ལྷོ་ཨེ་ཤི་ཡར་མི་འབོར་༦༠༡༩༣༩༤༡༧་བརྒྱ་ཆ་༣༢.༤༣% 
བཞི་པ། ཤར་ལྷོ་ཨེ་ཤི་ཡར་མི་འབོར་༢༧༧༣༤༦༣༧༨་དང་བརྒྱ་ཆ་༤༠.༨%
ལྔ་པ། ནུབ་ཨེ་ཤི་ཡར་མི་འབོར་༣༢༦༨༦༩༡༥༡་དང་བརྒྱ་ཆ་༧༩.༤༥% བཅས།
ཁྱོན་བསྡོམས་ཁ་ཆེ་མི་འབོར་༥༤༢༢༧༠༩༩༢༩་ཙམ་ཡོད། 

ཨ་ཧྥི་རི་ཁ།

དེ་བཞིན་ཨ་ཧྥི་རི་ཁའི་གླིང་ལ་མི་ཁ་ཆེའི་གྲངས་འབོར་།
བྱང་ཨ་ཧྥི་རི་ཁར་༢༣༩༠༥༨༤༦༥་དང་བརྒྱ་ཆ་༩༣.༠༨%
ནུབ་ཨ་ཧྥི་རི་ཁར་༨༠༢༠༧༤༨༡་དང་བརྒྱ་ཆ་༥༥.༢༠% 
ཨ་ཧྥི་རི་ཁ་དཀྱིལ་སྟོད་ལ་༡༢༩༧༧༦༤༣༣་དང་བརྒྱ་ཆ་༤༤.༥༥%
ཨ་ཧྥི་རི་ཁའི་རྭ་ལ་༥༦༩༠༩༥༠༨་དང་བརྒྱ་ཆ་༣༨.༩༨%
ཨ་ཧྥི་རི་ཁ་དཀྱིལ་སྨད་ལ་༢༥༥༦༥༢༨༠་དང་བརྒྱ་ཆ་༡༡.༡༨%
ཨ་ཧྥི་རི་ཁའི་ཤར་གྱི་མཚོ་གླིང་༡༥༨༠༡༤༨་དང་བརྒྱ་ཆ་༥.༢༤%
ལྷོ་རྒྱུད་ཨ་ཧྥི་རི་ཁ་༩༡༧༣༦༡༤་དང་བརྒྱ་ཆ་༥.༣༦%
འདིར་བཀོད་པའི་འཛམ་གླིང་ཁྱོན་ཡོངས་ཀྱི་ཁ་ཆེའི་མི་འབོར་གྱི་བརྒྱ་ཆ་དེ་ཕྱི་ལོ་༡༩༥༠་ལོའི་བརྒྱ་ཆ་༡༧%་ནས་ཕྱི་ལོ་༢༠༢༠་ལོའི་བར་དུ་བརྒྱ་ཆ་༢༦%་ལ་བརྟན་པོར་འཕེལ་ཡོད། ཕྱོགས་མཚུངས་ཨ་ཧྥེ་རི་ཁའི་ཁ་ཆེའི་མི་འབོར་ཡང་ཕྱི་ལོ་༡༩༥༠་ལོའི་མི་གྲངས་ས་ཡ་༢༢༧་ནས་ཕྱི་ལོ་༢༠༢༠་ལོའི་བར་དུ་མི་གྲངས་ས་ཡ་༡༣༠༢་ལ་འཕེལ་ཡོད་ཀྱང་། ཨ་ཧྥེ་རི་ཁའི་ཁྱོན་ཡོངས་ཀྱི་ཁ་ཆེའི་མི་འབོར་གྱི་བརྒྱ་ཆ་དེ་ཕྱི་ལོ་༡༩༥༠་ལོའི་བརྒྱ་ཆ་༤༤%་ཡོད་པ་ནས་ཕྱི་ལོ་༢༠༢༠ ལོའི་བར་དུ་བརྒྱ་ཆ་༤༡%་བར་དུ་མར་ཟག་ཡོད།

ཡོ་རོབ་གླིང་། 

ཡོ་རོབ་གླིང་ལ་ཁ་ཆེའི་མི་འབོར་༤༢༧༠༦༧༤༧་དང་བརྒྱ་ཆ་༥.༧༦%ཡོད། སྤྱིར་ཡོ་རོབ་ལའང་གླིང་གཞན་ལྟར་ལྷོ་བྱང་སོགས་ས་ཁུལ་དབྱེ་ཞིབ་བྱས་ཏེ་ཁ་ཆེའི་མི་འབོར་ཞིབ་མོར་བརྩིས་འདུག་ཀྱང་། རྩ་བའི་ཆ་ནས་ཡོ་རོབ་གླིང་གི་རྒྱལ་ཁབ་ལས་ན་ཨ་ཛེར་བཻ་ཇམ་དང་ཏུརྐེས་ལྟ་ཁ་ཤས་མ་གཏོགས་མང་ཤོས་གྲས་ལའང་ཁ་ཆེའི་མི་འབོར་བརྒྱ་ཆ་བཅུ་ལས་ཉུང་བས་ཕྱོགས་ཙམ་བརྩིས་པ་ལགས།

 ཨ་རིའི་གླིང་། 

ཨ་རི་ལྷོ་བྱང་གཉིས་ལ་བསྡོམས་པས་ཁ་ཆེའི་མི་འབོར་༩༩༣༡༨༡༢་དང་བརྒྱ་ཆ་༠་༩༤་ཡིན་པར་འཁོད་པས་ཧ་ཅང་ཉུང་། འདི་ཡང་གོང་ལྟར་ཧི་ཏི་ལྟ་བུ་རྒྱལ་ཁབ་ཆུང་ངུ་ཁ་ཤལ་ལ་ཁ་ཆེ་བརྒྱ་ཆ་བཅུ་ལས་བརྒལ་བ་ཡོད་པ་ལས། གཞན་དག་ལ་རྩ་བའི་ཆ་ནས་མང་ཤོས་གྲས་ལའང་ཁ་ཆེའི་མི་འབོར་བརྒྱ་ཆ་ལྔ་ལས་ཉུང་བས་ཕྱོགས་ཙམ་བརྩིས་པ་ལགས།

འཇིག་རྟེན་ཧྲིལ་པོར། 

འཇིག་རྟེན་ཧྲིལ་པོར་ཁ་ཆེའི་མི་འབོར་༢༠༥༠༠༨༥༣༤༧་དང་བརྒྱ་ཆ་༢༦.༠༢% ཡོད་པར་འཁོད། «༢༠༢༠་ལོར་བསྐྱར་ཞིབ་འདི་༡༩༥༠་ནས་༢༠༢༠་བར་གྱི་ཁ་ཆེ་འི་མི་འབོར་» (Muslim Population in the Americas: 1950 – 2020) ཞེས་པའི་ཆེད་རྩོམ་ལས་དྲངས།

མཇུག་གི་གཏམ།

ཕྲན་ནས་ཁ་ཆེའི་ཆོས་སྐོར་ཉུང་བསྡུས་འདི་འབྲི་དོན་ནི། ཆོས་འདི་ཉམས་སུ་ལེན་འདོད་པས་མིན་ལ་གཞན་ལ་སྤེལ་འདོད་པས་དེ་བས་མིན། འདི་ནི་བདག་གི་གྲོགས་པོ་ཞིག་གིས་ཁ་ཆེའི་ཆོས་སྐོར་ལ་དྲི་བ་དྲིས་པར་ལན་ལྡོན་མ་ནུས་པའི་གནོང་ལྟ་བུ་ཞིག་གིས་རྐྱེན་བྱས་ཏེ་ཁ་ཆེའི་ཆོས་ལ་རྒྱུས་ལོན་ཅུང་ཟད་བྱ་འདོད་པས་བྲིས་པ་ཙམ་ལགས། སྤྱིར་ན་ང་ཁ་ཆེ་བ་མིན་པས་ཁ་ཆེའི་ཆོས་ཤེས་དགོས་པའི་འོས་བབ་མེད་རུང་། གཅིག་ཏུ་ན། འདིའང་མ་མཐར་རིག་གནས་ཤིག་གི་ཁོངས་སུ་གཏོགས་འདུག་ལ། ལྷག་དོན་དུ་འཛམ་གླིང་མི་དམངས་དུས་ཕྱུར་བཅུ་དྲུག་ལྷག་གིས་ཉམས་སུ་ལེན་རྒྱུའི་ཆོས་ཤིག་ཡིན་པས་རྒྱུས་ལོན་ཙམ་བྱེད་རིན་ཡོད་པར་བསམས་ནས་བྲིས།
ཁྱུང་པོ་བ་ཨོ་རྒྱན་རིག་འཛིན། ༢༠༡༣། ༡༠། ༤།
༢༠༢༤། ༥།༣༠ བསྐྱར་ཞིབ་བྱས།
http://www.greenstar.org/Islam/ རྩོམ་འདི་གཙོ་བོ་དྲྭ་བ་འདི་གཞི་ལ་བཞག་ནས་བྲིས།

2013/08/21

པ་ཀི་སྠན་ནང་གི་བོད་རིགས།

 དེ་ཡང་ལོ་གཉིས་སྔོན་གྱི་སོས་ཀའི་ཞོགས་པ་ཞིག་ལ་རྒྱ་གར་དུས་བབ་གསར་ཤོག་སྟེང་དུ་མིང་ལ་ཁུ་ལོ་ཌི་ཞུ་བ་ཞིག་གིས་''བོད་ཡིག་གི་འབྲི་རྒྱུན་པ་ཀི་སི་ཐན་དུ་བསྐྱར་ལོག་བརྒྱབས་པ་''ཞེས་འགོ་བརྗོད་དུ་བཀོད་དེ་པ་ཀི་སི་ཐན་གྱི་མངའ་འོག་ན་ཡོད་པའི་