རྟ་ཆེ་ཆུང་ན་བ་རྟ་འདྲ་ནས།།
མར་བབས་ཆུ་ལ་རྟ་ཆུ་དང་།།
ཡར་བསྟོད་རི་ལ་རྟ་རྒྱལ་ཟེར།།
ལྷོ་རྟ་ཤོད་བུ་མོ་འཁྲུངས་ས་ཡིན།།
རྟ་ཤོད་ཟལ་མོ་རི་རྒྱུད་འདི།།
བོད་སྒང་པར་གྲགས་པའི་གནས་རི་ཡིན།།
བྱང་གི་པད་ནེ་རི་བཀྲ་འདི།།
ལྟ་རྟ་རྐྱང་ངུའི་ཕ་ས་ཡིན།།
རོམ་ཐང་མ་ཎི་རྡོ་འབུམ་འདི།།
ཨ་ཅེ་རྒྱ་བཟའི་མཛད་པ་ཡིན།།
གེ་སར་རྒྱལ་པོའི་བཞག་པ་ཡིན།།
ལྷ་སྤྱན་རས་གཟིགས་ཀྱི་གདན་ས་ཡིན།།
གྱིམ་ཤོད་ཤེ་ལེ་རྒྱ་གར་འདི།། (ཁྱུང་པོ་རི་བོ་རྩེ་དྲུག་འདི།)
གནས་ཆེན་བརྒྱ་ཡི་གོང་བ་ཡིན།།
དཔལ་རིག་འཛིན་བརྒྱད་ཅུའི་ཕོ་བྲང་ཡིན།།
བཀའ་བོན་བན་གཉིས་ཀའི་མཆོད་གནས་ཡིན།།
ཡུལ་རྟ་ཤོད་གཡང་གི་ར་འདི།།
སྨན་བཟང་དྲུག་འཁྲུངས་སའི་ཞིང་ས་ཡིན།།
ཕྱུགས་དཀར་ནག་འཁོར་སའི་གཡང་ར་ཡིན།།
འབྲུ་སྣ་ལྔ་ལྟེམ་སའི་བང་མཛོད་ཡིན། །
ཡུལ་མི་སྡེ་མཐུན་སྒྲིལ་ཆེ་ས་ཡིན།།
རྒན་མགོ་དཀར་ཆོས་ལ་བརྩོན་ས་ཡིན།།
གཞོན་སོ་དཀར་ལས་ལ་བརྩོན་ས་ཡིན།།
ཆུང་བྱིས་པ་སློབ་ལ་བརྩོན་ས་ཡིན།།
2022/05/29
2022/05/02
ནྱ་གྲོ་དྷ། nyagrodha
དེ་རིང་ལམ་ཞོར་དུ་མཻ་སོར་ (Mysore) རྫོང་གི་ཤིང་སྡོང་ཆེ་ཤོས་དེ་ལྟ་རུ་ཕྱིན་པ་ཡིན། གོ་ཐོས་ལ་ཤིང་སྡོང་འདིར་ལོ་བཞི་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པར་གྲགས།
ཤིང་འདིའི་མིང་ལ་ནྱ་གྲོ་དྷའམ་ནྱ་གྲོ་ཏ་ (Nyagrodha / Nyagrota) ཟེར་ཞིང་དབྱིན་སྐད་དུ་ཧྥི་ཁུས་བེངྒྷ་ལེན་སི་སི་ (Ficus Benghalensis) སྟེ་བྷ་ཡན་བྱང་ཆུབ་ཤིང་གི་རིགས་སུ་གཏོགས། ཁྱད་པར་ཤིང་འདི་རྒྱལ་གར་རྒྱལ་ཁབ་ཆེན་མོའི་ཚབ་མཚོན་རང་བཞིན་གྱི་ལྗོན་ཤིང་ཞིག་ཏུ་གཞུང་འབྲེལ་ཐོག་ངོས་འཛིན་ངོས་འཛིན་གནང་ཡོད་པ་རེད། རྒྱ་བོད་ཀྱི་སྲོལ་རྒྱུན་སྨན་གཞུང་ནས་བཤད་ན་ཤིང་འདིར་མིང་གི་རྣམ་གྲངས་མི་འདྲ་བ་བཅུ་གྲངས་ཡོད་པ་སྟེ། རྒྱ་གར་གྱི་སློན་དཔོན་ཟླ་བ་ལ་དགའ་བའམ་ཙནྡྲ་ནཱནྡ་ནས་?མཛད་པའི་«སྨན་དཔྱད་ཡན་ལག་བརྒྱད་པའི་སྙིང་པོའི་འགྲེལ་པ་» (D, vol. He, fol. 25a6) ལས། “ནྱ་གྲོ་དྷ་དང༌། སྐན་ད་ཛ་དང༌། ཤུད་གི་དང༌། ཀྵི་རི་དང༌། རཀྟ་པ་ལ་དང༌། བ་ཏྲ་དང༌། ཧྲོ་བ་དང༌། བེ་ཤ་ར་བ་དྷ་དང༌། པ་ནན་པ་ཏི་དང༌། དེ་དག་ནི་ནྱ་གྲོ་དྷའི་མིང་ངོ༌། །”ཞེས་གསུངས་པས་གསལ་ལ། དེང་གི་ཚན་རིག་པས་བཤད་ན་ཧྥི་ཁུ་སི་བྷ་ཡ་ན་ཨོ་ཀན་ (Ficus Bayana Oken) སོགས་མིང་གི་རྣམ་གྲངས་ཉེར་གཅིག་ཡོད་པར་གསལ།
གང་ལྟར་ཤིང་ནྱ་གྲོ་དྷ་ནི་ནང་ཆོས་ཀྱི་གསུང་རབ་ཁག་ཏུའང་གྲགས་པ་ཧ་ཅང་ཆེ་བའི་ལྗོན་ཤིང་ཞིག་སྟེ། དཔེར་ན་«འདུལ་བ་ལུང་» (D, vol. Kha, fol. 96a7) ལས། “ཀྱེ་གཽ་ཏ་མ་ནྱ་གྲོ་དྷ་འདིའི་ཤར་ཕྱོགས་ན་ནྱ་གྲོ་དྷའི་ཤིང་ཆེན་པོ་ཞིག་མཆིས་ཏེ། དེའི་མིང་གིས་གྲོང་འདི་ནྱ་གྲོ་དྷ་ཞེས་བགྱིའོ། །དེའི་འོག་ན་ཤིང་རྟ་ལྔ་བརྒྱ་མ་རེག་ཅིང་ཕན་ཚུན་མ་ཐུག་པར་མཆིས་ལགས་”ཞེས་གསུངས་པ་དེ་དག་ད་ལན་ཤིང་དངོས་སུ་མཐོང་དུས་རབ་བཏགས་དང་འུད་བརྗོད་བྱས་པ་ཞིག་མ་ཡིན་པར་ར་འཕྲོད་ཐུབ་པ་ཞིག་རེད།
ཤིང་འདིའི་ཁྱད་ཆོས་གཙོ་བོ་ཞིག་ནི་ཤིང་གི་ཡལ་ག་དག་ལས་རལ་པ་ལྟ་བུའི་བ་ཐག་ས་བརྐྱངས་ཏེ་རྩ་བ་གསར་པའམ་སྣོན་མ་བསྐྱེད་ནས་སྡོང་པོ་ཨ་མའི་རྩ་བ་ཇེ་བརྟན་ནས་ཇེ་བརྟན་དང་རྒྱ་ཇེ་ཆེ་ནས་ཇེ་ཆེར་གཏོང་བའི་ནུས་པ་ལྡན་པས་ཤིང་འདི་ལོ་མང་རིང་སྐྱེ་འཕེལ་བྱེད་ཀྱིན་གནས་ཐུབ་པར་ཤེས་ནུས།
2021/07/06
འཇམ་དཔལ་རྫོགས་པ་ཆེན་པོའི་སྨོན་ལམ།
ཕྱོགས་བཅུ་དུས་བཞིའི་བདེ་གཤེགས་སྲས་བཅས་ཀྱི། །
ཡེ་ཤེས་སྐུར་གྱུར་གཉིས་མེད་ཚུལ་འཆང་བ། །
འཇམ་དཔལ་གཞོན་ནུ་མཉམ་པ་ཉིད་ཀྱི་ངང་། །
བྱར་མེད་དོན་ལ་ལྷུན་གྱིས་གྲུབ་གྱུར་ཅིག །
གདོད་མའི་མགོན་པོ་དཔལ་ལྡན་བླ་མ་ལ། །
མཉམ་ཉིད་ཆོས་སྐུར་ལྟ་བའི་མོས་གུས་ཀྱིས། །
དོན་བརྒྱུད་དགོངས་པའི་བྱིན་རླབས་སྙིང་ལ་འཕོས། །
རིག་པ་རྩལ་གྱི་དབང་ཆེན་ཐོབ་པར་ཤོག །
ཡེ་ནས་གནས་ཕྱིར་རྩོལ་བས་བསྒྲུབ་པ་དང་། །
དབང་པོའི་ཁྱད་པར་སོགས་ལ་མི་ལྟོས་ཀྱང་། །
སླ་བས་ཡིད་མ་ཆེས་པ་སེམས་ཀྱི་གསང་། །
བླ་མའི་མན་ངག་སྟོབས་ཀྱིས་མཐོང་གྱུར་ཅིག །
སྤྲོས་ཤིང་དཔྱད་པ་ཀུན་རྟོག་སྣོན་མ་སྟེ། །
བཙལ་ཞིང་སྒྲུབ་པ་རང་ཉིད་ངལ་བའི་རྒྱུ། །
དམིགས་ཤིང་བསྒོམ་པ་ཕྱིར་ཞིང་འཆིང་བའི་གཟེབ། །
ཟུག་རྔུའི་སྤྲོས་པ་ནང་ནས་ཆོད་པར་ཤོག །
2021/05/07
དྲིན་ཅན་གྱི་ཨ་མ་ལགས།
ཨོ་རྒྱན་རིག་འཛིན། 2021.5.7
ཨ་མ་ལགས། དེ་རིང་རབ་བྱུང་བཅུ་བདུན་པའི་ལྕགས་གླང་བོད་ཟླ་གསུམ་པའི་ཚེས་ཉེར་དྲུག་ (2021.5.7) སྟེ། ཁྱེད་འཇིག་རྟེན་འདི་དང་ཁ་བྲལ་ནས་མི་ལོ་གཅིག་ཏག་ཏག་སོང་བའི་ཉིན་མོ་རེད།
ཐོག་མར་དེ་རིང་འདི་ནས་ཨ་མ་ཁྱེད་དང་སྤུན་ཆུང་ཚོར་དགོངས་དག་ཞུ་དགོས། གང་ཡིན་ཟེར་ན་སྤུན་ཆུང་ཡོན་ཏན་ཉི་མས་སྔོན་མའི་ལོ་སྟོད་ནས་བཟུང་ཨ་མ་ཁྱེད་ཀྱི་ལོ་འཁོར་རྗེས་དྲན་དུ་དམིགས་ཏེ་«རླབས་ཆེན་གྱི་མ་ཡུམ་»ཞེས་པའི་དུས་དེབ་འདི་ཁོ་རང་ཉིད་ཀྱི་ཨ་མར་བཅངས་བའི་བརྩེ་བ་ཟབ་མོ་མཚོན་པའི་ཕྱིར་དང་། སྤུན་མཆེད་ཚོར་གདུང་སེམས་མཉམ་སྐྱེད་བྱ་ཆེད་དཀའ་ཚེགས་ལ་མ་འཛེམས་པར་འགོ་འཆར་འགོད་ནས་མཇུག་པར་སྐྲུན་བར་གྱི་ལས་རིམ་ལེགས་འགྲུབ་བྱས། འོན་ཏེ་ཕྲན་རང་ངོས་ནས་རྗེས་དྲན་མཚོན་པའི་རྩོམ་ཡིག་ཤོ་ལོ་ཀ་གཅིག་ཀྱང་མ་བྲིས་པ་ནི་ངོ་གནོང་དགོས་པ་ཞིག་རེད། མ་ཟད་ཡོན་ཉིས་རྩོམ་བརྡ་འབོད་བསྐུལ་ཐེངས་མང་བཏང་ཡོད། དེར་བརྟེན་ངས་རྩོམ་ཡིག་འབྲི་མ་ཐུབ་པའི་རྒྱུ་མཚན་འབུམ་ཕྲག་བགྲངས་ཀྱང་དོན་དུ་ཁ་གཡར་ས་ཙམ་ཡིན་པས། ངས་ལས་ཀ་གཞན་དག་གིས་རྐྱེན་པས་ཁོམ་པ་མ་བྱུང་ཞེས་བཤད་རྩིས་མེད། དེ་ནི་ང་རང་ཉིད་ཀྱིས་ཨ་མར་བཅངས་བའི་བརྩེ་སེམས་ཀྱིས་ད་རུང་མ་འདངས་བ་རེད་ཅེས་བཤད་ན་ཏག་ཏག་རེད། དགོངས་དག་ཞུ།
ལར་ངེད་ཅག་མ་ཁོག་གཅིག་ནས་འགྲིམས་པའི་བུ་རྒྱུད་ཡིན་ཡང་བཟོ་གྲྭ་གཅིག་ནས་བསྐྲུན་པའི་དངོས་རྫས་མ་ཡིན་པས་ལས་ཀའི་འཇོན་ནུས་སོགས་མི་འདྲ་བ་ཡོད་སྲིད་ཀྱང་ཨ་མར་བཅངས་བའི་ལྷག་བསམ་དང་བརྩེ་སེམས་ལ་གཡོ་ལྷད་མེད་པར་ཡིད་ཆེས་ཡོད། ཨ་མ་ལགས། སྤུན་མཆེད་ཚོ།
དེ་རིང་འདིར་ང་ལ་བཤད་རྒྱུའི་སྐད་ཧ་ཅང་མང་མོད། ཐོག་མར་ངས་འདི་ནས། ཨ་མ་དྲིན་མོ་ཆེས་ངའི་སེམས་གཏིང་ལ་བཞག་པའི་ཕྱིར་དྲན་འགའ་ཞིག་སྤུན་ཆུང་ཚོར་བཤད།
2020/04/25
བི་མའི་རྣམ་སྤྲུལ་ལྡང་མ་ལྷུན་རྒྱལ།
བྲག་དཀར་ཆོས་ཀྱི་དབང་ཕྱུག «བི་མའི་རྣམ་སྤྲུལ་ལྡང་མ་ལྷུན་རྒྱལ་». In «ཆོས་ཀྱི་དབང་ཕྱུག་གསུམ་འབུམ་» Sawayambhunath, Kathmandu: Khenpo shedup Tenzin, 2011, vol. 13, pp. 446.4–448.2.
བི་མའི་རྣམ་སྤྲུལ་ལྡང་མ་ལྷུན་རྒྱལ་དང་། །
ལྕེ་སྟོན་ནག་པོ་ཞང་སྟོན་བཀྲ་རྡོ་རྗེ། །
མེ་ལོང་རྡོ་རྗེ་དུང་མཚོ་རས་པ་དང་། །
སྒོ་བ་གཡུ་སྒོམ་རྣམས་ལ་གསོལ་བ་འདེབས། །
ཞེས་པས། གུ་རུ་ལྡང་མ་དགེ་མཆོག་གི་སྲས་ལྡང་མ་ལྷུན་གྱི་རྒྱལ་མཚན་ནི། དབུར་སྟོད་དུ་འཁྲུངས། སྐུ་ཆུང་ངུ་ནས་དགེ་བསྙེན་གྱི་བསླབ་པ་ལ་གནས་པར་མཛད། དགུང་ལོ་ཉི་ཤུ་རྩ་ལྔའི་སྟོང་དུ་སྔགས་བདག་གཟའ་དང་དམ་ཅན་གསུམ་གྱི་ལུང་བསྟན་ལ་བརྟེན །དབུ་རུ་ཞྭའི་ལྷ་ཁང་ནས་རྫོགས་པ་ཆེན་པོ་རྒྱུད་བཅུ་བདུན། བི་མ་ལའི་སྙིང་ཐིག་མན་ངག་བརྒྱ་དང་བཅུ་དགུ་ལས་ཕྲན་དང་བཅས་པ། གཞན་ཡང་དམ་པའི་ཆོས་བསམ་གྱིས་མི་ཁྱབ་པ་གཏེར་ནས་སྤྱན་དྲངས་སོ། །བླ་མ་འདི་ནི་ལོ་བརྒྱ་བརྒྱ་ན་བི་མ་ལའི་སྤྲུལ་པ་རེ་རེ་བོད་ལ་བྱོན་པ་དེ་ཡིན་པར་གྲགས་ཤིང་། ཤངས་ལ་ཨའི་རི་མོ་ཐིག་ལ་ཁད་ཡོད་པ་དང་། ཞལ་ནས་སཾ་སྐྲྀ་ཏའི་གསུང་རྒྱུན་མི་འཆད་པར་སྒྲོགས་པ་དང་། ཐུགས་ལ་སེམས་ཅན་ལ་ཤས་མི་བཟོད་པའི་སྙིང་རྗེ་རྒྱུན་མི་འཆད་པར་ཡོད་པར་གསུངས། དེ་ནས་གདམས་པའི་བདག་པོ་སྐལ་ལྡན་འཚོལ་བར་གཙང་དུ་ཕེབས། ལྕེ་བཙུན་སེང་གེ་དབང་ཕྱུག་དང་རི་གཟར་རྒོད་པོ་ལུང་དུ་མཇལ་ཏེ། ཕྱི་མའི་ལོར་ཁ་རག་ཕུག་ཏུ་མཇལ་བའི་དུས་བཏབ། ཁྲ་ཟླ་བའི་ཚེས་བཅོ་ལྔར་དཔོན་སློབ་མཇལ་ཏེ། །ཕྱི་མའི་ལོར་ཁ་རག་ཕུག་ཏུ། གདམས་པ་རྣམས་ཡོངས་སུ་རྫོགས་པར་གནང་། དམ་པའི་ཆོས་རྣམས་དབུས་གཙང་ཁམས་གསུམ་དུ་དར་རྒྱས་ཆེ་ཞིང་། ལྡང་མ་ནི་དབུ་རུ་ཞ་ལྷ་ཁང་དུ་སྐུ་གཤེགས་ཤིང་། ཕུང་པོ་རིང་བསྲེལ་གྱིས་གཅལ་དུ་བཀྲམ། ཐམས་ཅད་ངོ་མཚར་བའི་གནས་སུ་གྱུར་ཏོ། །
2020/04/13
ཏོག་དབྱིབས་ནད་ཀྱིས་བལ་པོ་བཅུ་བཞི་འདས་གྲོངས།
Published: April 13, 2020 9:10 am –– (ཨོ་རྒྱན་རིག་འཛིན་ནས་བསྒྱུར།)
ཀ་ཐ་མན་ཌུ། ཕྱི་རྒྱལ་ལ་ཡོད་པའི་བལ་པོའམ་ནེ་པལ་རྒྱལ་ཁོངས་ཀྱི་མི་རིགས་བཅུ་བཞི་ཏོག་དབྱིབས་ནད་དུག་གི་རྐྱེན་པས་འདས་གྲོངས་སུ་གྱུར་ཡོད་ཚུལ་གཏན་སྡོད་མིན་པའི་ནེ་པལ་ཚོགས་པ་ (Non-Resident Nepal Association) ནས་རེས་གཟའ་ཉི་མའི་ཉིན་བཤད་ཡོད།
འཕྲོད་བསྟེན་ལྷན་ཚོགས་ཀྱི་དབུ་ཁྲིད་སྐུ་ཞབས་ཀུ་མར་་པཏྣ་ལེད་ (NRNA President Kumar Panta-led Health Committee) ཀྱིས་གསལ་བཤད་བྱས་པའི་ཆ་འཕྲིན་ལྟར་ན། ཕྱི་རྒྱལ་ལ་ཡོད་པའི་བལ་པོའམ་ནེ་པལ་ཡུལ་མི་དབྱིན་ཡུལ་ནས་ནས་མི་ 8 དང་། ཨ་རི་ནས་ 5 ཨ་རབ་མཉམ་འབྲེལ་རྒྱལ་ཁབ་ནས་ 1 བཅས་བསྔོམས་པས་མི་ 14 འདས་གྲོངས་སུ་གྱུར་ཡོད་པ་དང་།
དེ་བཞིན་ཕྱི་རྒྱལ་ལ་ཡོད་པའི་ནེ་པལ་ཡུལ་མི་ཏོག་དབྱིབས་ནད་དུག་ཕོག་མཁན་ཡང་གང་མང་ (662) ཞིག་ཡོད་པ་སྟེ། ཨ་རི་ (USA) ལ་སྔོད་མཁན་ 500 དང་། དབྱིན་ཡུལ་ (England) དུ་ 100 སུ་པན་ (Spain) ལ་ 18 ཨ་རབ་མཉམ་འབྲེལ་ (UAE) ལ་ 10 འཇར་མི་ནས་ (Germany) ལ་ 4 ཕོར་ཏུ་གལ་ (Portugal) ལ་ 8 ཨོ་སུ་ཏྲོ་ལི་ཡར་ (Australia) 9 སཽ་དི་ཨ་རབ་བྷི་ཡ་ (Saudi Arabia) ལ 4 ཀུ་ཝཻ་ཏི་ (Kuwait) ལ་ 5 དེ་བཞིན་འཇར་པན་ (Japan) དང་མ་ལས་ཤི་ཡ་ (Malaysia) མ་ཡན་མར་ Myanmar) ཧོང་ཀོང་ (Hong Kong) རྣམས་པ་རེ་རེ་བཅས་ཁྱོན་བསྡོམས་དྲུག་བརྒྱ་དྲུག་ཅུ་རེ་གཉིས་ (662) ན་ཡོད་པ་རེད།
2020/04/10
ཌི་ཌོལ་དང་དུག་སེལ་སྨན་ཆུ་འཐུང་ནས་ཤི་རྐྱེན་བྱུང་སྐོར།
![]() |
| Kenya Today: 2020, March, 19, by Sasha Kapur |
ལྷོ་ཨ་ཧྥི་རི་ཁའི་ཆོས་དཔོན་རུ་ཧྥུས་ཕ་ལས་ (Rufus Phala) ཁོང་རང་གི་དད་ལྡན་པར་ཏོག་དབྱིབས་ནད་ཡམས་ལ་ཕན་པར་སྙམ་སྟེ། ཁང་པ་གཙང་བཟོའི་ཌི་ཌོལ་ (Dettol) འཐུང་བཅུག་པས་མི་ལྔ་བཅུ་ང་དྲུག་འདས་གྲོངས་སུ་གྱུར་པ་དང་དུས་མཚུངས་མི་བཞི་ཚབས་ཆེན་གྱི་གནས་སུ་ལྷུང་ཡོད། དེ་ཡང་ཌི་ཌོལ་འཐུང་བཅུག་པ་དེ་ཏོག་ནད་ལ་ཕན་རེ་ཙམ་མིན་པར་ལྷ་ཁང་གི་བྱིན་རྟེན་དུ་བརྩིས་ཏེ་འགྲེམ་སྤེལ་བྱས་ཡོད།
ཨི་རང་བའི་ཡུལ་མི་ ༦༠༠ ལས་བརྒལ་བས་ཏོག་དབྱིབས་ནད་དུག་འགོག་ཐུབ་པར་ཡིད་ཆེས་བྱས་ཏེ་གར་ཚད་མཐོ་བའི་ཆང་བཅུད་འཐུང་ནས་ཤི་ཡོད་འདུག
དབྱི་རན་ཕྱེད་གཞུང་ཕྱོགས་ཀྱི་ཏ་སི་ནིམ་གསར་འགྱུར་ཁང་ (Tasnim News Agency) གིས་དབྱི་རན་ཁྲིམས་འཛིན་སྡེ་ཚན་གྱི་མགྲིན་ཚབ་པ་གྷུ་ལམ་་ཧུས་སཻན་་ཨི་ས་མཱི་ལི་ (Ghulam Hussein Ismaili) སྐད་ཆ་དྲངས་ནས་བཤད་དོན། གཙང་སེལ་ཨ་རག་འཐུང་རྐྱེན་མི་འབོར་ཆེན་ལ་སྲོག་སྐྱོན་ཐེབ་པའི་དཀའ་རྙོག་བྱུང་ཞིང་། ད་རུང་མི་ ༣༠༠༠༠ ལྷག་ཙམ་ལ་གཙང་སེལ་ཨ་རག་འཐུང་བའི་རྐྱེན་གྱིས་དུག་ཕོག་ཡོད་པ་དག་ལ་སྨན་བཅོས་བྱེད་ཀྱིན་ཡོད། ཡང་ཁོང་གིས་ཨི་རན་གྱིས་ཁྲིམས་འགལ་ངང་ཐོན་སྐྱེད་བྱས་པའི་ཨ་རག་ཉིང་ཁུའི་འཐུང་ཆུ་མང་པོ་ཞིག་ལ་བདེ་ཐང་ལ་འགན་ལེན་ཡོད་པའི་དགོས་ངེས་ཀྱི་ཚད་གཞི་འདང་གི་མེད་པ་མ་ཟད། དེའི་རྐྱེན་གྱིས་མི་མང་པོ་ཞིག་འཛིན་བཟུང་བྱས་ཡོད་ཅེས་བཤད་ཡོད་པ་རེད། གཟའ་མིག་དམར་གྱི་ཕྱི་དྲོར་མི་ ༣༨༧༢ ཏོག་དབྱིབས་ནད་དུག་དེ་རིགས་ཕོག་ནས་རྐྱེན་ལམ་དུ་ཤོར་བ་མ་ཟད། མི་ ༦༣༥༨༨༩ ལ་འགོས་ཡོད་པ་རེད།
རྒྱ་གར་ཏ་མིག་ན་དྷུའི་ (Tamil Nadu) ཡུལ་མི་རང་ལོ་ ༣༥ ལ་སླེབས་པའི་སྐྱེས་པ་ཆང་རག་ལང་ཤོར་བ་ཞིག་རྒྱ་གར་ལ་ཏོག་དབྱིབས་ནད་དུག་འགོག་ཆེད་འགྲིམ་འགྲུལ་འགོག་སྡོམ་སྐབས་དུག་སེལ་ཨ་རག་ (Sanitizer) བཏུང་རྗེས་རྐྱེན་ལམ་དུ་ཤོར་ཡོད་པ་རེད། གནས་ཚུལ་སྤེལ་བར་གཞིགས་ན། འདས་པོ་ཁོང་ནི་ཁོ་ཡིམ་བྷེ་ཏྲོར་ཞེས་པའི་ས་གནས་ཞིག་ཏུ་སྡོད་པའི་བྷེ་ནར་ཌི་ (Bernard from Coimbatore) ལགས་ཡིན་པ་ར་སྤྲོད་བྱུང་ཡོད། ཁོང་པ་དེ་གར་སོལ་རླངས་སྐྱེལ་བའི་ལས་ཀ་བྱེད་ཀྱི་ཡོད་འདུག
![]() |
རེས་གཟའ་སྤེན་པའི་ཞོགས་པ་ཆུ་ཚོད་གསུམ་པའི་གཡས་གཡོན་ལ་བྷེར་ནར་ཌི་དྲན་མེད་དུ་བརྒྱལ་ཡོད་པ་མཐོང་འཕྲལ་ལམ་སང་ཉེ་སྐོར་གྱི་སྨན་ཁང་དུ་བསྐྱལ་ཀྱང་སྐབས་དེར་ཁོང་གྲོངས་ཟིན་ཡོད་པ་དང་། ཁོང་ལ་སྨན་ཁང་ནས་བརྟག་དཔྱད་བྱས་པས་ཁོ་པ་མ་ཤི་བའི་སྔོན་དུ་དུག་སེལ་ཨ་རག་ (Sanitizer) བཏུང་ཡོད་པ་ར་སྤྲོད་བྱུང་ཡོད་པ་རེད།
Subscribe to:
Posts (Atom)


