2024/06/04

རོ་སྒམ་ནང་གི་ལྐོག་གྱུར་གྱི་དོན་རྐྱེན། In Eiffel Tower coffin mystery

BBC News Jun 3, 2024
ཕ་རན་སིའི་གསང་བའི་ལས་ཁུངས་ཀྱི་ལས་བྱེད་པ་ཚོས་ཡིད་ཆེས་བྱས་པ་ལྟར་ན། ཨུ་རུ་སུས་གཡོ་བྱུས་བྱས་ཏེ་ཕུང་པོ་བླུག་སའི་རོ་སྒམ་ལྔ་ཐམ་པ་ཨེ་ཕེལ་ལྕོགས་ (Eiffel Tower) ཀྱི་ཉེ་འགྲམ་དུ་བཞག་ཡོད་པ་དང་། རོ་སྒམ་དེ་དག་ཧྥ་རན་སིའི་རྒྱལ་དར་གྱིས་དཀྲིས་ཤིང་དེའི་ངོས་སུ་“ཡུ་ཁུ་རཱན་ལ་ཡོད་པའི་ཧྥ་རན་སིའི་དམག་མི་”ཞེས་བྲིས་ཡོད་པ་རེད།
རེས་གཟའ་སྤེན་པའི་ཉིན་གྱི་ཆུ་ཚོད་དགུ་པ་ཙམ་ལ་རླངས་འཁོར་ཆུང་བ་ཞིག་གི་ནང་མི་གསུམ་སླེབས་པ་གཞན་གྱིས་མཐོང་ཡོད་པ་དང་། མི་བཞི་པོ་དེ་དག་ཐོན་ཚར་བའི་རྗེས་སུ་རོ་སྒམ་ནང་དུ་ས་དཀར་བླུགས་པའི་རྩྭ་རས་ (sacks of plaster) ཁ་ཤས་བླུགས་ཡོད་པ་ཕྱིས་སུ་ཤེས་རྟོགས་བྱུང་ཡོད་པ་རེད།
དེ་མཚུངས་ཉེན་རྟོག་པས་རླངས་འཁོར་ཁ་ལོ་བ་དེ་མགྱོགས་མྱུར་ངང་འཛིན་བཟུང་བྱས་པ་དང་། ཁ་ལོ་བ་དེས་ཁོ་ལ་རོ་སྒམ་དབོར་འདྲེན་བྱེད་པར་མི་གཞན་གཉིས་ཀྱིས་ཡུ་རོབ་སྒོར་མོ་བཞི་བཅུ་སྤྲད་སོང་ཞེས་དང་། ཁོ་རང་བྷུལ་གྷ་རི་ཡ་ (Bulgaria) ནས་ཉིན་གཅིག་གི་སྔོན་ལ་རྒྱལ་ས་པེ་རི་སི་ལ་འབྱོར་བ་ཡིན་ཚུལ་བཤད།
དེ་རྗེས་ཉེན་རྟོག་པས་མི་གཞན་པ་དེ་གཉིས་རྒྱལ་ས་ཕེ་རི་སིའི་དབུས་ཀྱི་བྷེར་སི་ཁོ་ཆི་རླངས་འཁོར་འབབ་ཚིགས་ (Bercy coach station) ནས་འཛིན་བཟུང་བྱས་པ་དང་། སྐབས་དེར་ཁོ་གཉིས་འཇར་མན་གྱི་གྲོང་ཁྱེར་བྷེར་ལིན་ (Berlin) ལ་འགྲོ་བའི་སྤྱི་སྤྱོད་རླངས་འཁོར་དུ་འགྲོ་འཆར་བྱེད་བཞིན་ཡོད་ཚུལ་དང་། ཁོང་གཉིས་ལ་ཡང་གཞན་གྱིས་རོ་སྒམ་འཇོག་གླ་ལ་སྒོར་མོ་བཞི་བརྒྱ་སྤྲད་སོང་ཞེས་བཤད།
ཡང་ཉེན་རྟོག་པས་བཤད་པ་ལྟར་ན། ཁ་ལོ་བ་དེ་ནི་བྷུལ་གྷ་རི་ཡའི་མི་ཞིག་དང་། གཞན་གཉིས་ལས་གཅིག་ཡུ་ཁེ་རན་དང་གཞན་པ་དེ་འཇར་མན་ནས་ཡིན་པར་ངོས་ལེན་བྱས་སོང་ཞེས་བཤད།
རེས་གཟའ་ཉི་མའི་ཉིན་ཁྲིམས་དཔོན་གྱི་མདུན་དུ་ཁོང་ཚོ་ཁྲིད་ནས། ཁྲིམས་དཔོན་གྱིས་“སྔོན་ཚུད་ནས་འཆར་གཞི་བཏིངས་ཏེ་དྲག་སྤྱོད་བྱས་པའི་སྐོར་”ལ་ཁྲིམས་ཞིབ་འགོ་འཛུགས་རྒྱུ་ཡིན་པར་བཤད། སྤྱི་ཁྱབ་ཁྲིམས་དཔོན་གྱི་ལས་ཁུངས་གཉིས་པ་ནས་བཤད་པ་ལྟར་ན། ལས་བྱེད་པ་ཚོས་གནས་ཚུལ་འདི་“ཕྱི་རྒྱལ་ནས་བཀོད་སྒྲིག་”བྱས་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བཤད།
ཉེ་ཆར་བྱུང་བའི་དོན་རྐྱེན་གཉིས་ལ་བསམ་བློ་བཏང་ན། ཨུ་རུ་སུའི་གསང་མྱུལ་བ་རྣམས་ཀྱང་དོན་རྐྱེན་འདིའི་ནང་དུ་ཞུགས་ཡོད་སྲིད་པར་ཧྥ་རན་སིའི་ཉེན་རྟོག་པས་འདོད་ཀྱི་ཡོད་ལ། དོན་རྐྱེན་དེ་གཉིས་ཀས་མང་ཚོགས་བློ་འགུག་ཐབས་བྱས་པར་མངོན།
མི་རིང་བའི་ཟླ་བ་བཅུ་པའི་ནང་། ཧ་མ་སིས་ (Hamas) ཨི་སི་རལ་གྱི་ཐོག་ཏུ་སྔོན་ཆད་བྱུང་མྱོང་མེད་པའི་དྲག་རྒོལ་བྱས་པས། མི་ ༡༢༠༠ ཙམ་བསད་ཅིང་མི་བརྒྱ་ཕྲག་མང་པོ་བཙོན་དུ་བཟུང་། དུས་ཡུན་མི་རིང་བར་ཨི་སི་རལ་གྱི་རྒྱལ་དར་གྱི་སྐར་མ་ཟུར་དྲུག་གི་རི་མོ་ཅན་རྒྱལ་ས་ཕ་རེ་སིའི་རྩིག་གྱང་ངོས་སུ་བཀལ་བའི་དོན་རྐྱེན་བྱུང་། སྐབས་དེར་ཧྥ་རན་སི་གཞུང་ནས་མོལ་ཌོ་ཝན་ (Moldovan) བཟའ་ཚོ་གཉིས་འཛིན་བཟུང་བྱས་ཡོད་པ་དང་། ཧྥ་རན་སིའི་དཔོན་རིགས་ཚོས་བཟའ་ཚོ་དེ་གཉིས་ལ་ཨུ་རུ་སུའི་གསང་ལས་ཀྱིས་གླ་ཕོགས་སྤྲད་ཡོད་པར་ཡིད་ཆེས་བྱས་ཡོད། 
ཞེས་སོགས་འཁོད་ཡོད།

2024/06/02

འཛམ་གླིང་གི་གྲོང་ཚོ་སྔ་ཤོས།

གཽ་པེཀ་ལི་་ཊེ་པེ་ (Göbekli Tepe) ཞེས་པ་ནི་ཏུར་ཀེས་ (Turkey) རྒྱལ་ཁབ་ཀྱི་ལྷོ་ཤར་ཨ་ན་ཏོ་ལི་ཡའི་ (Anatolia) ས་ཁུལ་དུ་ཆགས་པའི་རྡོ་ཆས་གསར་མའི་གནའ་རྫས་རིག་དངོས་ཡོད་པའི་ས་ཁུལ་ཞིག་ཡིན། གནའ་གྲོང་སྡེ་དེ་ནི་ཧ་ལམ་ཕྱི་ལོ་སྔོན་གྱི་ ༩༥༠༠ ནས་མ་མཐའ་ཡང་ཕྱི་ལོ་སྔོན་གྱི་ ༨༠༠༠ བར་ལ་ཆགས་མྱོང་བ་ཞིག་དང་། སྐབས་དེ་ནི་རྫ་ཆས་སྔོན་གྱི་རྡོ་ཆས་གསར་མའི་དུས་ཡིན་པ་རེད། སྐད་གྲགས་ཅན་གྱི་གནའ་བོའི་རིག་དངོས་འདིའི་ཆགས་དབྱིབས་ནི། རྡོ་ཡི་ཀ་བ་ཆེན་པོ་བསླངས་ཤིང་བཟོ་བཀོད་སྒོར་དབྱིབས་ཅན་ཞིག་དང་། རྡོ་ཡི་ཀ་བ་དེ་དག་ནི་འཛམ་གླིང་སྟེང་གི་ཆེས་རྙིང་ཤོས་ཀྱི་རྡོ་རིང་གི་གྲས་ཡིན་པར་བཤད། དེ་ཡང་རྡོ་ཡི་ཀ་བ་མང་པོ་ཞིག་ལ་མི་ཡི་ཆས་གོས་ཀྱི་རྣམ་པ་སྣ་ཚོགས་དང་། རི་དྭགས་ཀྱི་འབུར་གཟུགས་སོགས་ཀྱིས་བརྒྱན་ཡོད་པས། གནའ་རྫས་རྟོག་དཔྱོད་པ་ཚོས་སྔ་རབས་ཆོས་ལུགས་ཀྱི་ལོ་རྒྱུས་ལས་བརྒལ་བའི་སྐུ་འདྲའི་བྱུང་རབས་སྐོར་ལ་ཤེས་རྟོགས་རྙེད་པར་དཀའ་བ་ཞིག་བྱུང་ཡོད་པར་བཤད། མཐོ་ཚད་ལ་མི་ཊར་ ༡༥ དང་རྒྱ་ཁྱོན་ལ་ཨེ་ཀར་ ༢༠ ཡོད་པའི་གནའ་བོའི་ཁང་པ་མང་པོས་ཡོངས་སུ་ཁེངས་ཡོད་པ་དང། རྡོ་ཆས་གསར་མའི་དུས་ཀྱི་ཁང་ཆུང་དང་། རྡོ་རྐོས། རྡོ་བརྐོས་ཆུ་མཛོད་བཅས་ཡོད་པ་མ་ཟད། དུས་ཕྱིས་བྱས་པའི་རྗེས་ཤུལ་ཡང་འགའ་ཞིག་ཡོད། ད་ལྟའི་ས་སྔོག་འདོན་པ་ཚོས་བཤད་ན། གནའ་ཤུལ་འདི་གྲོང་གསེབ་ཀྱི་བཟོ་བཀོད་དང་ཁྱད་ཆོས། ཆུའི་མ་ལག་རྡོ་ཆས་གསར་མའི་ཁྱིམ་སྤྱོད་ཡོ་བྱད་སོགས་ཉེ་བའི་ཆར་རྙེད་སོན་བྱུང་བའི་དངོས་རྫས་ཁག་ལ་གཞི་བཅོལ་ནས་གནའ་བོའི་གྲོང་གསེབ་ཅིག་ལ་ངོས་འཛིན་བྱས་ཡོད། ས་གཏེར་སྔོག་འདོན་བྱེད་མཁན་ཁུ་ལའོ་སི་ཤ་མེ་ཏི་ (Klaus Schmidt) ཡིས་བཤད་རྒྱུར། རྩ་ཆེའི་གནས་དེར་མཚམས་རེར་ཕྱོགས་མཐའ་གྲུ་ནས་རྔོན་པ་དང་འབྲོག་པའི་ཚོ་ཁག་འདུས་ཤིང་བྱེད་སྒོ་སྤེལ་བ་ལས། ས་གནས་དེར་གཏན་སྡོད་བྱེད་མཁན་ཉུང་ངུའམ་ཡང་ན་གཏན་སྡོན་བྱེད་མེད་སྲིད་པར་ཡང་བཤད།

➊ Breuers & Kinzel 2022, p. 471.
➋ Schönicke 2019, p. 214-215.

2024/06/01

གངས་རིན་པོ་ཆེ།

 མཁན་པོ་ཨོ་རྒྱན་རིག་འཛིན་གྱིས་བརྩམས།

གངས་ཏི་སེའམ་གངས་རིན་པོ་ཆེ་ (Kailāsa, 冈仁波齐峰) ནི་བོད་ལྗོངས་སྤུ་ཧྲེང་རྫོང་གི་བྱང་རྒྱུད་མཚོ་མ་ཕམ་དང་ཁད་ཉེར་དུ་ལྷུན་ཆགས་སུ་ཡོད་ཅིང་། རྒྱ་མཚོ་ངོས་ལས་མཐོ་ཚད་སྨི་ (6,638 m (21,778 ft) ཡོད་པ་དང་། གང་སྐོར་ཐེངས་གཅིག་ལ་སྤྱི་ལེ་ ༥༢ དང་སྒྲོལ་མ་ལ་ཡི་མཐོ་ཚད་སྨི་ ༥༧༢༣ ཡོད། གནས་འདིར་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་ནང་པ་སངས་རྒྱས་དང་། ཕྱི་རོལ་རིག་བྱེད་པ་སོགས་ཀྱིས་ངོས་འཛིན་ཚུལ་མི་འདྲ་བ་བྱུང་ཡོད། གང་ལྟར་ས་གནས་འདི་བོད་ནུབ་ཁུལ་རྒྱ་ནག་དང་། རྒྱ་གར། བལ་ཡུལ་བཅས་ཀྱི་ས་མཚམས་སུ་ཆགས་ཡོད།

མིང་དོན།

གངས་རི་འདི་ལ་ཀཻ་ལཱ་ས་ (कैलास Kailāsa)ཞེས་པ་ནི་ལེགས་སྦྱར་སཾ་སྐྲྀ་ཏའི་སྐད་དུ་“ཤེལ་”ཞེས་པའི་དོན་ཅན་ཡིན་ལ། དེ་བཞིན་“ཏི་སེ་”ཞེས་པ་ཡང་བསིལ་བའི་དོན་ལ་འཇུག་པར་བཤད། ཡང་འགའ་རེས“ཏི་སེ”ཞང་ཞུང་ཕྱོགས་ནས་ཆུ་ཡི་མིང་ཡིན་པས་ཆུ་ཡི་ཕུགས་ལྟ་བུ་ཞིག་ལ་གོ་ཆོག་ཚུལ་བཤད་པའང་ཡོད། དེ་བཞིན་“གངས་རིན་པོ་ཆེ་”ཞེས་པ་ནི་བོད་སྐད་དེ“གངས་ནི་ཁ་བ་དང་“རིན་པོ་ཆེ་”ནི་རྩིས་ཐང་ཆེ་བའི་དོན་ཅན་ལ་འཇུག་པ་གོ་སླ།

ས་ཁམས།

གངས་ཏི་སེའམ་གངས་རིན་པོ་ཆེ་ནི་ཨེ་ཤ་ཡའི་ཆུ་བོ་མང་པོ་ཞིག་གི་འབྱུང་ཁུངས་ཡིན་པ་སྟེ། ཡར་ཀླུང་གཙང་པོ། སེང་གེ་གཙང་པོ། ཆུ་ཀླུང་སུ་ཏ་ཛེ། གངྒཱའི་ཡན་ལག་ཀརྞ་ལི་རྣམས་ཡིན་ལ། གཙང་པོ་འདི་དག་ཚང་མ་ཀཻ་ལ་ཤའི་ས་ཁུལ་སྤྱི་ལེ་གྲུ་བཞི་མ་ ༢༣ ནས་འབབ་མགོ་བརྩམས་ཡོད། མ་ཕམ་གཡུ་མཚོའམ་མཱ་ན་ས་རཽ་ཝ་ར་ (मानसरोवर / Mānasarōvara) ནི་གཡས་གཡོན་གྱི་གངས་རི་དང་གངས་ཕྲན་ནས་བབས་པའི་ཆུ་བོ་ཆེ་ཆུང་དུ་མ་འདུས་ནས་མཚོ་འདི་་གྲུབ་པ་ཡིན་ལ། དེའི་འཁྲིས་སུ་་ཧ་ལམ་མ་ཕམ་མཚོ་འདྲ་ལ་ཁད་པའི་ལག་ངར་མཚོའམ་རཱཀྵ་ས་ཏཱ་ལ་ (Rākṣasatāla) ཞེས་པའི་ཚྭ་ཆུའི་མཚོ་ཞིག་ཡོད། མཚོ་དེའི་རང་བཞིན་ཚྭ་མཚོ་ཡིན་ལདེའི་ནང་དུ་མ་ཕམ་མཚོའི་འཚོ་ཆུ་འབབ་ཀྱིན་ཡོད།

ནང་པའི་ལུགས།

དེ་ལྟ་བུའི་གངས་རི་ནི་«མཛོད་འགྲེལ་»ལས།➊ རི་ནག་པོ་དགུ་འདས་པའི་ཕ་རོལ་ན་གངས་རི་དང་ཚུར་རོལ་ན་མཚོ་མ་དྲོས་པ་ཞེས་བྱ་བ་ལས་ཆུ་ཆེན་པོ་བཞི་སྟེ་གངྒ་དང་སིནྡྷུ། སི་ཏཱ། པཀྵུ་བཅས་འབབ་ཀྱི་ཡོད་ཅེས་དང་། པདྨའི་ལུང་བསྟན་བཀའ་རྒྱ་མ་ལས་གངས་ཏི་སེ་ཤེལ་གྱི་མཆོད་རྟེན་འདྲ་བའི་ཤར་ཕྱོགས་སུ་ཟངས་ལུང་ཡོད་ཅེས་དང་། «བློན་པོ་བཀའ་ཐང་»ལས། “རྡོ་རྗེ་གདན་ནས་བྱང་ཕྱོགས་བཙལ་བ་ན། རི་ནག་དགུ་འདས་ཕ་རོལ་གངས་ཏི་སེ། །”ཞེས་པ་དང་། དཔལ་ལྡན་ཨ་ཏི་ཤ་ (d. ༡༠༥༤) མངའ་རིས་ཀྱི་རྒྱལ་པོ་ལྷ་བཙུན་བྱང་ཆུབ་འོད་ (cent. ༡༡) ཀྱིས་གདན་དྲངས་སྐབས་ཏི་སེའི་མདུན་དུ་ཕེབས་ཚེ། ཇོ་བོ་རྗེའི་ཞལ་ནས། ཏི་སེའི་གངས་ནས་གནས་བརྟན་རྣམས་གདུགས་ཚོད་ཀྱི་གནྜི་རྡུང་བྱུང་། རང་རེ་ཡང་གུང་གི་དྲོ་གྱིས་ཤིག་གསུངས་པ་སོགས་རྒྱ་བོད་པཎ་གྲུབ་སུས་ཀྱང་ཏི་སེ་ཞེས་པ་ནི་བོད་ཀྱི་རི་འདི་ལ་ངོས་འཛིན་པ་ཡིན།

གནས་ཁྱད་པར་ཅན་འདི་ནས་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་(༡༡༤༣–༡༢༡༧)ནས་རྗེ་དཀོན་མཆོག་ཕན་བདེ་ཉི་མའི་བར་གངས་ཏི་སེའི་རིག་པ་འཛིན་པ་མཁན་རྡོར་འཛིན་དང་འབྲི་གུང་པའི་གྲུབ་མཐའ་འཛིན་པའི་དགེ་འདུན་གྱི་སྡེ་མ་ཆད་པ་བྱུང་། ཁྱད་པར་དུ་མཉམ་མེད་དྭགས་པོ་བཀའ་བརྒྱུད་ཀྱི་སྒྲུབ་གནས་སུ་གྱུར་ཚུལ་ནི། རྗེ་ལྷོ་བྲག་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ (༡༠༡༢–༡༠༩༧) ཀྱིས་ལུང་བསྟན་ལྟར་རྗེ་བཙུན་མི་ལ་རས་པ(༡༠༤༠–༡༡༢༣) གནས་འདིར་སྒྲུབ་པ་ཡུན་རིང་མཛད། དེ་བཞིན་དུ་འབྲི་གུང་སྤྱན་སྔ་ཤེས་རབ་འབྱུང་གནས་ (༡༡༧༥–༡༢༥༥) དང་། གྲུབ་ཐོབ་སེང་གེ་ཡེ་ཤེས་ (༡༡༨༡–༡༢༥༥) རྒོད་ཚང་པ་མགོན་པོ་རྡོ་རྗེ(༡༡༨༩༡༢༥༨)སོགས་གཙོ་བོ་འགྲོ་མགོན་བཀའ་རྒྱུད་པའི་བསྟན་པ་རྒྱ་ཆེར་དར། གཞན་ཡང་དགེ་ལྡན་པའི་སྐྱེས་ཆེན་པཎ་ཆེན་བློ་བཟང་ཆོས་རྒྱན་ (༡༥༧༠–༡༦༦༢) དང་རྙིང་མའི་གྲུབ་ཆེན་ཞབས་དཀར་ཚོགས་དྲུག་རང་གྲོལ་ (༡༧༨༡–༡༨༥༡) སོགས་མཁས་གྲུབ་མང་པོས་ཞབས་ཀྱིས་བཅགས་མྱོང་བའི་གནས་ཁྱད་པར་ཅན་ཞིག་ཡིན།

ཧིན་དྷུའི་ཆོས་ལུགས།

ཧིན་དྷུ་ཆོས་ལུགས་ཁྲོད་དུ་སྲོལ་རྒྱུན་ལྟར་ན། གངས་ཏི་སེ་ནི་ལྷ་ཆེན་པོ་ཤི་བའ་དབང་ཕྱུག་ཆེན་པོ་ (Śiva) ཡི་བཞུགས་གནས་ཡིན་པ་དང་། ཁོང་དང་ལྷན་དུ་བཙུན་མོ་པརྦ་ཏི་ (Parvati) དང་སྲས་ག་ནེ་ཤ་ (Ganesha) དང་ཀར་ཏི་ཀེ་ཡ་ (Kartikeya) རྣམས་ཀྱང་བཞུགས་པར་ཡིད་ཆེས་བྱེད་ཀྱི་ཡོད། རྒྱ་གར་གྱི་གཏན་རྒྱུད་གྲགས་ཅན་«ར་མ་ཡ་ནའི་རྟོག་བརྗོད་ནང་»གི་ཨུཏྟ་ར་ཀནྡ་ཞེས་པའི་ཚན་པའི་ནང་གསལ་ལྟར་ན། རྒྱལ་པོ་རཱ་ཝ་ཎ་ (Rāvaṇa) ནའམ་སྲིན་པོ་ལངྐ་མགྲིན་བཅུ་ཡིས་ལྷ་དབང་ཕྱུག་ལ་འཁོན་ལན་སློག་པའི་ཆེད་དུ་གངས་རི་ཏི་སེ་རྩ་མེད་དུ་གཏོང་རྩིས་བྱས་ཀྱང་། ལྷ་ཆེན་དབང་ཕྱུག་གིས་རྐང་གཡས་ཀྱི་མཐེ་མོས་མནན་ཏེ་བདུད་ཀྱི་ལམ་བཀག་པར་བཤད། དེ་བཞིན་«མ་ཧཱ་བྷཱ་ར་ཏ་» (Mahābhārata) དང་«ཝིཥྞུ་པུ་རཱ་ཎ་» (Viṣṇu purāṇa) སོགས་སུ་གངས་ཏི་སེའི་སྐོར་རྒྱ་ཆེར་འབྱུང་།

གཅེར་བུ་པའི་ལུགས།

གཅེར་བུ་པའམ་ཇེན་གྱི་གསུང་རབ་ལྟར་ན། ཨཤྟ་པ་ད་ནི་ཏཱིརྠཾ་ཀ་ར(tīrthaṅkara) ཞེས་ཇེན་གྱི་བླ་རབས་ནང་གི་ཆེས་ཐོག་མ་དྲང་སྲོང་རྀཥ་བྷ་དེ་བ་ (Ṛṣabhadeva) མཆོག་ཐར་པའམ་གྲོལ་བ་ཐོབ་པའི་གནས་ཡིན་པར་འདོད། དེ་ཡང་རྒྱལ་བ་པའི་ལུགས་ལ། རྀཥ་བྷ་དེ་ན་ཐ་མྱ་ངན་ལས་འདས་པའི་རྗེས་སུ་དེའི་སྲས་རྒྱལ་པོ་བྷ་ར་ཏས་ཡུལ་དེར་མཆོད་རྟེན་གསུམ་དང་། གནས་ཉེར་ལ་ཏིརྠི་ཀའི་ལུགས་ཀྱི་མཆོད་ཁང་ཉེར་བཞི་བཞེངས་ཤིང་། དེ་དག་གི་སྐུ་གཟུགས་ལ་རིན་པོ་ཆེས་སྤྲས་ཏེ་སིྃཧ་ནི་ཤིདྡྷ་ཞེས་མིང་བཏགས་ཞེས་སོགས་འཁོད།


མཆན།

 «མཛོད་རང་འགྲེལ་» (D, fol. 147b5–7): ལས། “འདི་ནས་བྱང་ན་རི་ནག་པོ། །དགུ་འདས་གངས་ཅན། འཛམ་བུའི་གླིང་འདི་ཉིད་ཀྱི་འཛམ་བུའི་གླིང་གི་བྱང་ཕྱོགས་ན་རི་ནག་པོ་གསུམ་མོ། །དེ་འདས་པའི་ཕ་རོལ་ན་ཡང་གསུམ། དེ་འདས་པའི་ཕ་རོལ་ན་ཡང་གསུམ་སྟེ་དགུ་འདས་པའི་ཕ་རོལ་ན་གངས་རིའོ། །དེ་ནས་ནི། སྤོས་དང་ལྡན་པའི་ཚུ་རོལ་ན། །ཆུ་ཞེང་ལྡ་བཅུ་ཡོད་པའི་མཚོ། །རི་གངས་ཅན་དེའི་ཕ་རོལ་ན་མཚོ་མ་དྲོས་པ་ཞེས་བྱ་བ་ལས་ཆུ་བོ་ཆེན་པོ་བཞི་སྟེ། གང་གཱ་དང༌། སིན་དྷུ་དང༌། པ་ཀྵུ་དང༌། སི་ཏཱ་རྣམས་འབབ་པ་ཡོད་དེ། དེ་ནི་ཞེང་དུ་དཔག་ཚད་ལྔ་བཅུ་ཆུར་ཡང་དཔག་ཚད་ལྔ་བཅུ་སྟེ། དེར་ནི་རྫུ་འཕྲུལ་དང་མི་ལྡན་པ་རྣམས་ཀྱིས་བགྲོད་པར་དཀའོ། །”
➋ «བློན་པོ་བཀའ་ཐང་» (ed. p. 428.15–20) ལས། “འཛམ་མིང་སྙིང་པོ་རྒྱ་གར་རྡོ་རྗེ་གདན། །རྡོ་རྗེ་གདན་ནས་རྒྱང་ཕྱོགས་བཙལ་བ་ན། །རི་ནག་དགུ་འདས་ཕ་རོལ་གངམ་ཏི་སི། །གངས་རིའི་བྱང་ངོས་རི་བོ་སྤོས་ངད་ལྡན། །དེ་གཉིས་བར་ན་མ་དྲོས་མཚོ་ཞེས་ཡོད། །གྲུ་བཞི་ཆུ་ཞེང་དཔག་ཚད་ལྔ་བརྒྱ་སྡོང་། །ཡན་ལག་བརྒྱད་དང་ལྡན་པའི་ཆུས་གང་བ། །རྟག་ཏུ་བསིལ་གནས་དབྱིབས་ལེགས་ལྟ་ན་སྡུག །”
➌ Allen, Charles. (1982). A Mountain in Tibet, pp. 21–22. André Deutsch. Reprint: 1991. Futura Publications, London. ISBN.
➍ "To heaven and back". The Times of India. 11 January 2012. Archived from the original on 7 July 2012. Retrieved 2 March 2012.

2024/05/30

གསེར་འོད་དམ་པ་བཀླགས་པའི་ཟིན་ཐོ།

 དང་པོ། ​«གསེར་འོད་དམ་པ»བཀླགས་པའི་ཟིན་ཐོ། 

གྲོག་མ། 2023-12-29 10:28

ངས་དེ་རིང«འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་»ཞེས་པའི་གསུང་རབ་གྲགས་ཆེན་དེ་ཞིབ་མོར་བཀླགས་པ་ཡིན། སྤོས་དང་མར་མེ་སྦར། བཆོད་པ་བདུན་ཚར་བསྒྲིགས། དེ་ནས“བྱ་རྒོད་ཕུང་པོ་ཆོས་ཀྱི་དབྱིངས། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་ན། །དེ་བཞིན་གཤེགས་པ་བཞུགས་ནས་ནི། །དག་ཅིང་རྡུལ་རྣམས་མེད་པ་ཡི། །བྱང་ཆུབ་སེམས་དཔའ་མཆོག་རྣམས་ལ། །མདོ་སྡེའི་དབང་པོའི་རྒྱལ་པོ་སྟེ། །མཉན་ན་ཤིན་ཏུ་ཟབ་པ་དང་། །ཡོངས་སུ་བརྟགས་ན་ཟབ་པ་ཉིད། །གསེར་འོད་དམ་པ་འདི་འཆད་དོ། །”ཞེས་སོགས་དབྱངས་ཀྱི་རྟ་ལ་དྲངས་ཏེ། བློ་ཡོངས་སུ་གཏད་ལ། དྲན་པ་མངོན་དུ་བཞག་ནས་བཏོན་པ་ཡིན། 


དཔེ་ཆ་འདི་བོད་ཀྱི་བཀའ་འགྱུར་ཁྲོད་ནས་མཁོ་རྒྱུག་ཆེ་ཤོས་སུ་གྱུར་པའི་ཐེག་པ་ཆེན་པོའི་མདོ་སྡེ་ཞིག་ཡིན་པ་ནི་ཚང་མས་ཤེས་གསལ་ལྟར་ཡིན་ལ། «གསེར་འོད་དམ་པ་»ཞེས་པའི་མདོ་སྡེ་འདི་ལ་རྒྱས་བསྡུས་མི་འདྲ་གསུམ་ཐམ་པ་བཞུགས། དེའི་ནང་གི«གསེར་འོད་བམ་ལྔ་མ་»འདི་ལ་ལེའུ་ཉི་ཤུ་རྩ་གཅིག་གདའ། «གསེར་འོད»ཅེས་སུ་གྲགས་པའི་མདོ་སྡེ་འདི་དག་ནི་གཟུངས་སྔགས་དང་བསྒྲུབ་པའི་ཆོ་ག །བྲིས་སྐུའི་སྒྲུབ་ཐབས། སྦྱིན་སྲེག་གི་ཆོ་ག་སོགས་བསྟན་པས། སྔགས་བྱ་རྒྱུད་ཀྱི་ཁོངས་སུ་འཐད་པའི་ཕྱིར་ན་མདོ་གྲས་སུ་མ་བཀོད་པར། སྡེ་དགེ་བཀའ་འགྱུར་གྱི་རྒྱུད་འབུམ༼པ༽དང་༼ཕ༽རྟགས་ཅན་དུ་བཞག་འདུག། བུ་སྟོན་གྱིས་ཀྱང་། «རྒྱུད་སྡེ་སྤྱི་རྣམ་»དུ་«གསེར་འོད་»རྒྱུད་དུ་འཐད་པའི་ལུང་རིགས་གཉིས་ཀ་བཀོད་ནས་བཤད།


ངའི་ཕ་ཡུལ་གྱི་དད་འབངས་ཁྲོད་ན་དར་སྲོལ་ཤིན་ཏུ་ཆེ་བའི«ལྷ་མོ་དཔལ་གྱི་གཡང་སྐྱབས་»ཟེར་བ་དེ་ཡང་། «གསེར་འོད་»ཀྱི་ལེའུ་བརྒྱད་པ་དབྱངས་ཅན་གྱི་ལེའུ་དང་། དགུ་པ་ལྷ་མོ་ཆེན་མོ་དཔལ་གྱི་ལེའུ་སོགས་ལ་གཞི་བཅོལ་ཞིང་། གནའ་བོའི་བོད་རང་གི་བོན་ལུགས་གཏོ་གླུད་དང་། གཡང་འགུག། ལྷ་བསང་གི་ཆོ་གའི་རིམ་པས་རྒྱན་གྱིས་སྤྲས་ཏེ་བརྩམས་གནང་བ་ཞིག་ཡིན་པ་ཚོར་བྱུང་། 


«གསེར་འོད་དམ་པ་»འདིའི་ལེའུ་བཅུ་བདུན་པ། ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་ཉ་བཏུལ་བ་སྔོན་བྱུང་གི་གཏམ་བརྒྱུད་དེ་ནི་མདོ་སྡེ་འདིའི་བརྗོད་བྱ་གལ་ཆེན་ཡིན་ན་ཡང་། ཀུན་ལ་ཆ་རྒྱུས་ཆེ་བས་འདིར་མི་གླེང་། ངེས་པར་དུ་གླེང་ན་འདོད་པ་ནི་ལེའུ་བཅོ་བརྒྱད་པ་སྟག་མོ་ལུས་སྦྱིན་གྱི་གཏམ་གྱི་འཕྲོས་གཞི་དེ་ཡིན། དེ་ཡང“བཅོམ་ལྡན་འདས་དགེ་སློང་སྟོང་གིས་ཡོངས་སུ་བསྐོར་ཏེ། ཡུལ་ལྔ་ལེན་གྱི་ལྗོངས་སུ་ལྗོངས་རྒྱུ་ཞིང་གཤེགས་ནས་ནགས་ཚོགས་ཞིག་ཏུ་བྱོན་པ་དང་། དེར་དེས་སྔོ་ཞིང་འཇམ་ལ་མཐིང་གར་འདུག་པའི་སྤང་གི་ངོས་མེ་ཏོག་གི་དྲི་ཞིམ་པ་རྣམ་པ་སྣ་ཚོགས་ཀྱིས་རབ་ཏུ་བརྒྱན་པའི་ས་ཕྱོགས་ཞིག་གཟིགས་སོ། །གཟིགས་ནས་ཀྱང་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ས་ཕྱོགས་འདི་ནི་མཛེས་པ་སྟེ། འདི་ན་གཏམ་གྱི་གནས་ཀྱི་མཚན་མ་ཡོད་ཀྱིས་ད་དེ་བཞིན་གཤེགས་པའི་གདན་ཐིངས་ཤིག”ཅེས་གསུང་ཞིང་། “དེ་ནས་བཅོམ་ལྡན་འདས་གདན་དེ་ལ་བཞུགས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཁྱོད་བྱ་དཀའ་བའི་ལས་བྱེད་པའི་བྱང་ཆུབ་སེམས་དཔའི་རུས་པ་རྣམས་བལྟ་བར་འདོད་དམ། དེ་སྐད་ཅེས་བཀའ་སྩལ་པ་དང་།”དེར་བཞུགས་ཀྱི་དགེ་སློང་དག་གིས་ཀྱང་། ཡོན་ཏན་དཔག་མེད་ཅན་གྱི་སེམས་ཅན་དེའི་རུས་པ་ལ་བལྟ་འདོད་ཡོད་ཚུལ་ཞུས་འདུག། དེ་ནས་བཅོམ་ལྡན་འདས་ཀྱིས་ས་ཆ་དེ་ག་རང་ནས་ནོར་བུ་དང་གསེར་དང་དངུལ་ལས་བྱས་པའི་མཆོད་རྟེན་ཞིག་ཐོལ་བྱུང་གི་ཚུལ་གྱིས་སྤྱན་དྲངས་འདུག། (དེ་ལ་གཏེར་ནས་བཏོན་ཟེར་ཡང་ཆོག་ངེས།) མཆོད་རྟེན་དེའི་ནང་དུ་གསེར་གྱི་ཟ་མ་ཏོག་ཅིག། ཟ་མ་ཏོག་དེའི་ནང་དུ་རུས་པ་དཀར་པོ་ཁ་བའི་མདངས་ཅན་ཞིག་ཡོད། དེ་ནས་ཀུན་དགའ་བོས་རུས་པ་དེའི་ཚུལ་ཇི་ལྟར་ཡིན་པ་བཅོན་ལྡན་འདས་ལ་བཀའ་འདྲི་ཞུས་པ་ན། བཅོམ་ལྡན་འདས་ཀྱིས། “ཀུན་དགའ་བོ་སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོ་ཤིང་རྟ་ཆེན་པོ་ཞེས་བྱ་བ་བཞོན་པ་དང་སྟོབས་དུ་མ་དང་ལྡན་པ་ཐོགས་པ་མེད་པའི་སྟོབས་ཀྱིས་ཕ་རོལ་གནོན་པ་ཞིག་བྱུང་སྟེ” ཞེས་སོགས་གསུང་ནས་སྟག་མོ་ལུས་སྦྱིན་གྱི་ལེའུ་དེ་ཞིབ་རྒྱས་ཀྱི་སྒོ་ནས་གསུང་ཡོད། སྟག་མོ་ལུས་སྦྱིན་གྱི་མཛད་པ་རྣམ་ཐར་འདི་ཤིན་ཏུ་གྲགས་ཆེ་བས་ན་ང་ཚོ་སུས་ཀྱང་ཤར་ཤར་འཆད་ཤེས་པ་དེ་མ་ཡིན་ནམ། འོན་ཀྱང་ལེའུ་བཅོ་བརྒྱད་པ་འདིའི་ནང་གི་སངས་རྒྱས་ཀྱིས་གཏེར་ཁ་བཞེས་མཛད་པའི་ཚུལ་འདིས། སྔ་འགྱུར་རྙིང་མ་བའི་གཏེར་སྟོན་གྲུབ་པའི་རིག་འཛིན་དག་གིས་མཛད་པའི་ཚུལ་དག་དྲན་པར་བྱེད་ཅིང་། ཐེག་པ་ཆེན་པོའི་མདོ་སྡེ་འདི་དག་ལས་བྱུང་བའི་སངས་རྒྱས་ཀྱིས་རྫས་གཏེར་བཞེས་ཚུལ་ཁུངས་སུ་བཅོལ་ནས་རྙིང་མ་བས་གཏེར་ཁ་ར་སྤྲོད་དག་འབུད་བྱེད་སྲོལ་ག་ཚད་ཡོད་དམ་སྙམ་པ་བྱུང་། 


«གསེར་འོད་བམ་ལྔ་མ་»འདི་ལ་འགྱུར་བྱང་མི་སྣང་ཡང་། འདི་དང་ཁ་བྱང་གཅིག་པ་གཅིག་རྐྱང་ཡིན་པའི་«གསེར་འོད་བམ་བཅུ་»མའི་མཇུག་ཏུ། “པཎྜི་ཏ་ཛི་ན་མི་ཏྲ་དང་། ཤཱི་ལེནྡྲ་བོ་དྷི་དང་། ཞུ་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་གཏན་ལ་ཕབ།”ཅེས་འཁོད་འདུག། ཁ་བྱང་ཅུང་ཟད་མི་འདྲ་བའི་དཔེ་«འཕགས་པ་གསེར་འོད་དམ་པ་མཆོག་ཏུ་རྣམ་པར་རྒྱལ་བའི་མདོ་སྡེའི་རྒྱལ་པོ་ཐེག་པ་ཆེན་པོའི་མདོ་»ཞེས་པ་དེའི་མཇུག་ཏུ། “ཞུ་ཆེན་གྱི་མཁན་པོ་དང་། ལོ་ཙྪ་བ་བཅོམ་ལྡན་འདས་ཀྱིས་རིང་ལུགས་བནྡེ་ཆོས་གྲུབ་ཀྱིས་རྒྱའི་དཔེ་ལས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ།” ཅེས་གསལ་ཞིང་། འདི་ལ་ལེའུ་སུམ་ཅུ་སོ་གཅིག་ཡོད་པས་ན། «གསེར་འོད་»མི་འདྲ་བ་གསུམ་ལས་འདི་རྒྱས་ཤོས་དེ་རེད། 

ངས་དེ་རིང་ཚིགས་སུ་བཅད་པ་དག་དབྱངས་སུ་གྱེར་ཏེ། “སེམས་ཅན་ཐམས་ཅད་དག་ནི་རྨི་ལམ་རང་བཞིན་ཏེ། །ནམ་མཁའ་འདྲ་ཞིང་ནམ་མཁའི་ངོ་བོ་ཉིད་ཀྱང་ལགས། །སྒྱུ་མ་སྨིག་རྒྱུ་དང་ནི་ཆུ་ཡི་ཟླ་བ་འདྲ། །འདྲེན་པ་ཁྱོད་ཀྱིས་སྟོང་པ་ཚེ་དང་ལྡན་པ་ལགས། །” ཞེས་ཆ་ཚང་བར་རྟ་ལ་དྲངས་ཏེ་བླངས་སོ།། དེ་ནས་མཇུག་ཏུ«གསུར་བསྔོ་རྐྱེན་ངན་ཀུན་གྲོལ»ཡང་དབྱངས་སུ་གྱེར་ནས་བཏོན། སླར་ཡང་སྤོས་སྤར། མཆོད་ཁ་གསོས། འཕགས་པ་ས་ཡི་སྙིང་པོའི་མཆོད་བསྟོད་དང་མཚན་གཟུངས་ལ་ཁེན་ནས«གཡང་འགུགས་ལྷ་རྫས་ལྕགས་ཀྱུ་»རྟ་ལ་དྲངས་ཤིང་དབྱངས་སུ་གྱེར། དྲིལ་བུ་འཁྲོལ་ཞོར་མདའ་དར་གཡབ། གཡང་སྒྱེའི་ནང་དུ་འབྲུ་སྣ་ཡང་བསྣན། བན་བོན་བསྲེས་ཤིང་སྦྱིན་བདག་གི་རེ་བ་སྐོང་བར་བྱས་སོ། །ངས་ད་ནས་བཟུང་སྟེ་དཔེ་ཆ་བརྒྱ་ཀློག་དགོས་ཤིང་། ཟིན་ཐོ་ཡང་བརྒྱ་འབྲི་དགོས། འདི་ནི་དཔེ་ཀློག་ཟིན་ཐོ་དང་པོ་དེ་ཡིན། 

2024/05/29

བསོད་ནམས་ཉི་མ།

 མཁན་པོ་ཨོ་རྒྱན་རིག་འཛིན་གྱིས་བརྩམས།

དང་པོ། ཐོག་མར་གློག་བརྙན་གྱི་ལམ་ཁར་ཞུགས་པའི་སྐོར་དང་དེའི་བརྒྱུད་རིམ།

བསོད་ནམས་ཉི་མ་ནི་སྤྱི་ལོ་ ༡༩༨༥ ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་དུ་སྐྱེས་ཤིང་། ཁོང་ཉིད་ལོ་བཅུ་བདུན་ལ་སོན་རྗེས་ནས་གླུ་གར་ཚོགས་པ་ཞིག་ཏུ་ཞབས་བྲོ་འཁྲབ་མཁན་བྱས། དེ་ནས་སྟེས་དབང་གི་གོ་སྐབས་ཤིག་གིས་ཁོང་ཉིད་སྐབས་དེར་ཆ་རྒྱུས་དེ་ཙམ་མེད་པའི་གློག་བརྙན་འཁྲབ་སྟོན་པའི་ལས་སུ་ཞུགས་འགོ་བརྩམས་པ་སྟེ། སྤྱི་ལོ་ ༢༠༠༦ ལོར། ཁོང་གི་གློག་བརྙན་འཁྲབ་ཐེངས་ཐོག་མ་སྟེ། «ཧི་མ་ལ་ཡའི་རྒྱལ་སྲས་»ཞེས་པའི་འཁྲབ་སྟོན་ནང་ཞུགས་ཤིང་། གློག་བརྙན་དེའི་ནང་གི་མི་སྣ་གཞོན་དུས་ཀྱི་ཁུ་ལོ་ལང་འཁྲབ་སྟོན་བྱས་ཡོད།

དེ་ཡང་བསོད་ནམས་ཉི་མས་སྔ་རྗེས་སུ་གློག་བརྙན་«གྱེས་བྲལ་གྱི་གདུང་བ་»དང་ «གཡང་མདའ་» «གངས་དཀར་རི་བོ་» «གངས་རིན་པོ་ཆེ་» «རྒྱུད་སྐུད་སྟེང་གི་རྣམ་ཤེས་» «ལྷ་མོ་དང་སྐལ་བྷེ་»སོགས་ཕུལ་བྱུང་གི་རིག་གནས་སྒྱུ་རྩལ་མཚོན་པའི་གློག་བརྙན་བརྩམས་ཆོས་ཁག་གཅིག་འཁྲབ་སྟོན་བྱས་ཡོད་པ་དང་། དེ་དག་བརྒྱུད་ཁོང་གི་གློག་བརྙན་འཁྲབ་སྟོན་གྱི་འཁྲབ་རྩལ་ཡག་པོ་མངོན་པར་བྱས་ཡོད་པར་མ་ཟད། འཁྲབ་སྟོན་ལ་འཁྲབ་ཁྲིད་པའི་ཁས་ལེན་དང་ལྟད་མོ་བའི་དགའ་བསུ་ཐོབ་ཡོད།

སྤྱི་ལོ་ ༢༠༡༤ ལོར་ཁོང་གིས་པདྨ་ཚེ་བརྟན་གྱི་གློག་བརྙན་«གཡང་མདའ་»ཞེས་པའི་ནང་གི་མདའ་པ་ཉི་མ་འཁྲབ་སྟོན་བྱས་པ་དང་། གློག་བརྙན་དེར་བརྟེན་བསོད་ནམས་ཉི་མར་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་ ༡༧ པའི་ཐོག་སྐྱེས་པའི་འཁྲབ་སྟོན་པ་ཡག་ཤོས་ཀྱི་མིང་འདོན་བྱ་དགའ་ཐོབ། དེ་ནས་«གངས་དཀར་རི་བོ་»ཞེས་པའི་གློག་བརྙན་འཁྲབ་སྟོན་ནང་ཞུགས་པས། གློག་བརྙན་དེར་སྤྱི་ལོ་ ༢༠༡༦ ལོར་ཨ་རིའི་སྐབས་ ༡༣ པའི་འཛམ་གླིང་མི་རིགས་གློག་བརྙན་དུས་སྟོན་སྟེང་ཕུལ་བྱུང་གཏམ་རྒྱུད་གློག་བརྙན་གྱི་གཟེངས་རྟགས་ཐོབ་པ་དང་། གཞན་ཡང་སྤྱི་ལོ་ ༢༠༡༦ ལོར་ཀྲང་ཡང་གིས་འཁྲབ་ཁྲིད་བྱས་པའི་དོན་བརྗོད་གློག་བརྙན«གངས་རིན་པོ་ཆེ་»ཡི་མི་སྣ་གཙོ་བོ་ཉི་མ་འཁྲབ་སྟོན་བྱས། གློག་བརྙན་དེར་སྐབས་བདུན་པའི་ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་ལོ་འཁོར་མོའི་ཞིབ་དཔྱད་གྲོས་ཚོགས་ཐོག་དམིགས་བསལ་གྱི་གཟེངས་བསྟོད་བྱ་དགའ་ཐོབ།

སྤྱི་ལོ་ ༢༠༡༨ ལོར། བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན«ལྷ་མོ་དང་སྐལ་བྷེ་»ཞེས་པ་དེའི་ནང་དུ་མི་སྣ་གཙོ་བོ་སྐལ་བྷེ་འཁྲབ་སྟོན་བྱས་ཡོད་པ་དང་། གློག་བརྙན་དེར་སྐབས་ ༡༤ པའི་ཞང་ཀང་ཡ་གླིང་གློག་བརྙན་མ་འཇོག་ལྷན་ཚོགས་ (HAF) ཀྱི་མཐའ་མའི་བཟོ་སྐྲུན་གཟེངས་རྟགས་སོགས་ཀྱི་བྱ་དགའ་ཐོབ་ཡོད།

གཉིས་པ། ཤོམ་འགྲོའི་ལམ་ལ་ཞུགས་པའི་སྐོར།

བསོད་ནམས་ཉི་མ་ནི་གློག་བརྙན་འཁྲབ་སྟོན་ཐད་བྱང་ཆ་ལྡན་པར་མ་ཟད། ཕྱིའི་རྣམ་པ་རྫིག་པོ་ཡོད་པས་ཤོམ་འགྲོའི་ཐད་ལའང་གྲུབ་འབྲས་གཟེངས་སུ་ཐོན་པ་ཐོབ་ཡོད། དེ་རྗེས་ཁོང་ཉིད་ཕ་ཡུལ་དང་ཁ་བྲལ་ཏེ་ཧྲང་ཧའེ་གྲོང་ཁྱེར་ལ་ཕྱིན་ཏེ། ཤོམ་འགྲོ་དང་གློག་བརྙན་འཁྲབ་སྟོན་སོགས་སློབ་སྦྱོང་བྱས་པ་དང་། དེའི་རིང་དཀའ་སྡུག་མང་པོ་འཕྲད་པ་ནི་བརྗོད་མི་དགོས་པ་ཞིག་རེད། དེ་ཡང་སྤྱི་ལོ་ ༢༠༡༠ ལོར། ཁོང་ཉིད་ཧྲང་ཧའེ་ཟློས་གར་སློབ་གླིང་དུ་ཕྱིན་ནས་ལོ་བཞིའི་རིང་གི་གློག་བརྙན་འཁྲབ་སྟོན་སློབ་སྦྱོང་བྱེད་འགོ་ཚུགས། དེ་ནས་ཁོང་སྒྱུ་རྩལ་ལམ་བུའི་ཐོག་དངོས་སུ་ཞུགས་པ་དང་། ད་ལྟ་ཁོང་ཉིད་བོད་ཁུལ་ཡོངས་ལ་མིང་དུ་གྲགས་པའི་ན་གཞོན་འཁྲབ་སྟོན་པ་ཞིག་ཏུ་གྱུར་ཡོད།

གསུམ་པ། སྒྱུ་རྩལ་གྱི་ལས་འདིར་བཅངས་པའི་དུང་ཞེན་དང་ན་གཞོན་ཚོར་བཤད་འདོད་པའི་སྐད་ཆ་ཁག་ཅིག

བསོད་ནམས་ཉི་མ་ནི་སྙིང་ཁོང་རུས་པའི་གཏིང་ནས་སྒྱུ་རྩལ་ལ་དགའ་ཞེན་ཆེ་བ་དང་། དེ་བས་ཀྱང་གློག་བརྙན་སྒྱུ་རྩལ་གྱི་ལམ་བུའི་ཐོག་རང་ཉིད་ཀྱི་ཕུགས་འདུན་འཚོལ་སྙེག་བྱེད་བཞིན་པའི་བོད་ཀྱི་ན་གཞོན་སྒྱུ་རྩལ་པ་ཞིག་ཡིན་ཞིང་། ཁོང་གི་སྒྱུ་རྩལ་ཐད་ཀྱི་ཐུན་མིན་གྱི་ཉམས་ལེན་དང་བསམ་པའི་ཁྱེར་བཟོ། དེ་བཞིན་དེའི་ཐད་དཀའ་སྤྱད་སྡུག་རུས་ཀྱི་སྙིང་སྟོབས་བཅས་ཀྱིས་གཞོན་སྐྱེས་དེ་བས་མང་བར་ཤུགས་རྐྱེན་ཐེབས་བཞིན་ཡོད་པ་རེད།

ཁོང་གིས་གློག་བརྙན་ལ་དགའ་བའི་ན་གཞོན་ཚོར། གཅིག་ནས་རང་ཉིད་ཆུང་དུས་འཚར་ལོངས་བྱུང་སའི་ཁོར་ཡུག་དེས་ད་ལྟའི་སྒྱུ་རྩལ་གྱི་ལམ་བུར་ཐད་ཀར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་སྲིད་པས། གློག་བརྙན་གྱི་ལས་རིགས་འདིར་དགའ་བའི་ན་གཞོན་ཚོས་སོ་སོའི་འཚོ་བའི་རྣམ་པ་དེ་གློག་བརྙན་ཁྲོད་མངོན་རྒྱུ་དེ་གལ་འགངས་ཆེན་པོ་རེད། གཉིས་ནས་གློག་བརྙན་འཁྲབ་སྟོན་གྱིས་ང་ལ་མི་སྣའི་གཤིས་ཀ་སྣ་ཚོགས་བཞེངས་སྐྲུན་བྱ་བའི་གོ་སྐབས་སྟེར་བར་མ་ཟད། མི་ཚེའི་མྱོང་ཚོར་མི་འདྲ་བ་མང་པོ་དང་། དེ་དག་གི་དགའ་སྐྱོ་ཆགས་སྡང་སོགས་ཀྱི་འཚོ་བའི་བྲོ་བ་གང་མང་ཞིག་ཉམས་སུ་མྱོང་བའི་གོ་སྐབས་སྟེར་བས། གློག་བརྙན་ལ་དགའ་པོ་ཡོད་པའི་ཁར་ཆེད་ལས་ལ་འབད་འབུངས་བྱ་དགོས། གློག་བརྙན་འཁྲབ་མཁན་ཞིག་ལ་མཚོན་ན་འཁྲབ་བྱའི་གློག་བརྙན་དེའི་རིག་གནས་ཀྱི་རྒྱབ་ལྗོངས་དང་འཚོ་བའི་གོམས་གཤིས་སོགས་ལ་རྒྱུས་མངའ་མཐར་ཕྱིན་པ་ལོན་དགོས།

གསུམ་ནས་སྤྱིར་གློག་བརྙན་བརྩམས་ཆོས་ནང་གི་མི་སྣའི་གཤིས་ཀ་སོགས་ཐད་ཀྱི་རྣམ་པ་དེ་འཁྲབ་ཁྲིད་པ་དང་འཁྲབ་གཞུང་རྩོམ་པ་པོ། དེ་མ་ཟད་ལྟད་མོ་བ་བཅས་ཀྱི་འདོད་བློ་དང་མཐུན་པ་ཞིག་མངོན་མ་ཐུབ་ཚེ། དེ་ནི་བློ་ཕམ་སྐྱེ་བ་ཞིག་ཡིན་པས། གློག་བརྙན་གྱི་ལས་རིགས་འདིར་ཞུགས་ཡོད་པའི་ན་གཞོན་རྣམས་ནས་ངེས་པར་དུ་འཁྲབ་རྩལ་བྱང་ཆུབ་པ་དགོས་པས་དེའི་ཐད་འབད་བརྩོན་བྱ་དགོས་ཞེས་གླེང་། ཁོང་གིས་ད་ཐེངས་ཀྱི་བཅར་འདྲི་བརྒྱུད་རང་ཉིད་ཀྱི་སྒྱུ་རྩལ་ལམ་བུའི་མྱོང་བ་དངོས་སུ་མཉམ་སྤྱོད་བྱས་པ་དེས་གློག་བརྙན་ལས་རིགས་ལ་དགའ་ཞིང་ལས་རིགས་དེར་འཇུག་སྤྲོ་བའི་གྲོགས་པོ་རྣམས་ལ་ཕན་ཐོགས་ཅུང་ཟད་ཡོང་བའི་རེ་བ་འཆང་བཞིན་ཡོད། །

གློག་བརྙན་དང་མུ་འབྲེལ་ཟློས་གར།

གློག་བརྙན།

  1. ༢༠༠༦ ཧི་མ་ལ་ཡིའི་རྒྱལ་སྲས། ཕལ་པ།
  2. ༢༠༡༣ གྱེས་བྲལ་གྱི་གདུང་བ། ཕལ་པ།
  3. ༢༠༡༤ གཡང་མདའ། གཙོ་འཁྲབ་པ།
  4. ༢༠༡༤ གངས་དཀར་རི་བོ། གཙོ་འཁྲབ་པ།
  5. ༢༠༡༥ གངས་རིན་པོ་ཆེ། གཙོ་འཁྲབ་པ།
  6. ༢༠༡༦ རྒྱུད་སྐུད་སྟེང་གི་རྣམ་ཤེས། ཕལ་པ།
  7. ༢༠༡༦ སྨྱོ་སྤྱོད་ཅུང་ཟད་ཅིག་ལ་བརྩེ་བ་ཟེར། ཕལ་པ།
  8. ༢༠༡༦ ལྷ་མོ་དང་སྐལ་བྷེ། གཙོ་འཁྲབ་པ།
  9. ༢༠༢༡ བོར་བ། གཙོ་འཁྲབ་པ།

མུ་འབྲེལ་ཟློས་གར།

  1. ༢༠༢༢ ཀུན་ལུན་མཆོད་ཁང་། ཕལ་པ།

བྱ་དགའ་གཟེང་བསྟོད།

  1. ༢༠༡༤ ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས་ ༡༧ པའི་ཐོག་«གཡང་མདའ་»ནང་སྐྱེས་པའི་འཁྲབ་སྟོན་པ་ཡག་ཤོས་ཀྱི་མིང་འདོན་བྱ་དགའ་ (nomination) ཐོབ།
  2. ༢༠༡༦ ལོར་གངས་དཀར་རི་བོ་ལ། ཨ་རིའི་སྐབས་བཅུ་གསུམ་པའི་འཛམ་གླིང་མི་རིགས་གློག་བརྙན་དུས་ཆེན་ཐོག་“ཕུལ་བྱུང་ཁྱད་ཆོས་ལྡན་པའི་གློག་བརྙན་”དང་ཁོང་ལ“ཆེས་བཟང་བའི་འཁྲབ་སྟོན་པ་”ཞེས་པའི་བྱ་དགའ་གཉིས་ཐོབ།
  3. ༢༠༡༦ ལོར་«གངས་རིན་པོ་ཆེ་»ནང་ཁོང་གིས་མི་སྣ་གཙོ་བོ་ཉི་མ་འཁྲབ་སྟོན་བྱས། གློག་བརྙན་དེར་སྐབས་བདུན་པའི་ཀྲུང་གོའི་གློག་བརྙན་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་ལོ་འཁོར་མོའི་ཞིབ་དཔྱད་གྲོས་ཚོགས་ཐོག་དམིགས་བསལ་གྱི་གཟེངས་བསྟོད་བྱ་དགའ་ཐོབ།
  4.  ༢༠༡༨ ལོར་«ལྷ་མོ་དང་སྐལ་བྷེ་»ཞེས་པ་དེའི་ནང་དུ་མི་སྣ་གཙོ་བོ་སྐལ་བྷེ་འཁྲབ་སྟོན་བྱས་ཡོད་པ་དང་། གློག་བརྙན་དེར་སྐབས་ ༡༤ པའི་ཞང་ཀང་ཡ་གླིང་གློག་བརྙན་མ་འཇོག་ལྷན་ཚོགས་ (HAF) ཀྱི་མཐའ་མའི་བཟོ་སྐྲུན་གཟེངས་རྟགས་སོགས་ཀྱི་བྱ་དགའ་ཐོབ་ཡོད།

ཆོས་ཉིད་ཚེ་རིང་། 曲尼次仁, Quni Ciren, Qu Ni Ci Ren

 ལོ་རྒྱུས།

མཁན་པོ་ཨོ་རྒྱན་རིག་འཛིན་ནས་བརྩམས།

ཆོས་ཉིད་ཚེ་རིང་ནི་བོད་ཀྱི་བུད་མེད་གློག་བརྙན་འཁྲབ་སྟོན་པ་ཞིག་ཡིན། ཁོང་མོ་སྤྱི་ལོ་ ༡༩༨༦ ལོའི་ཟླ་ ༥ ཚེས་ ༡༥ ཉིན་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་དུ་སྐྱེས་ཤིང་བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་སློབ་མཐར་ཕྱིན། ༡༩༩༩ ལོར་ཁོང་མོ་«ངའི་བཀྲ་ཤིས་ལོའི་སྒྲ་སྙན་དཀྲོལ་བ་»ཞེས་པའི་བརྙན་འཕྲིན་ཟློས་གར་ནང་སྐལ་བཟང་ཞེས་པའི་མིང་ཐོག་ནས་གཞུང་འབྲེལ་འཁྲབ་སྟོན་ཐོག་མར་བྱེད་རྒྱུའི་གོ་སྐབས་ཐོབ། ༢༠༠༣ ལོར་«རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྔ་བཅུ་ང་དྲུག་གི་གསེར་གྱི་མེ་ཏོག་གི་མཛེས་མ་»ཞེས་པའི་འགྲན་བསྡུར་ཆེན་མོའི་ནང་ཞུགས་པ་མ་ཟད་ཨང་དང་པོའང་ཐོབ་ཡོད། ༢༠༠༨ ལོར་ཁོང་མོ་«ཡུན་རིང་སྟོབས་ལྡན་གྱི་གླུ་གཞས་»ཞེས་པའི་གློག་བརྙན་དུས་སྟོན་ནང་ནང་དབྱངས་ཅན་ཞེས་པའི་མིང་ཐོག་ནས་འཁྲབ་སྟོན་བྱས། ༢༠༠༩ ལོའི་ཟླ་ ༡༠ ཚེས་ ༢༣ ཉིན་ཤར་ཕྱོགས་སྲུང་སྐར་གྱི་བརྙན་འཕྲིན་“ཕེབས་ཤོག། ཤར་ཕྱོགས་ཀྱི་ལྷའི་ཕོ་ཉ་”ཞེས་པའི་«རྒྱལ་ཡོངས་འབྲུག་གི་དཔའ་རྟུག་»ཐོག་འཁྲབ་སྟོན་པ་ཨང་དང་པོ་ཐོབ་པ་མ་ཟད་འཁྲབ་སྟོན་གྱི་བྱ་དགའ་ཡག་ཤོས་ཀྱང་ཐོབ། མདོར་ན་ཉིན་སྟོང་དགུ་ནས་བཟུང་ད་ལྟའི་བར་ལོ་རེ་བཞིན་གློག་བརྙན་དང་། མུ་འབྲེལ་ཟློག་གར། ཟློས་གར་འཁྲབ་སྟོན་སོགས་བཅོ་ལྔ་ཙམ་ནང་འཁྲབ་སྟོན་གྱི་ལས་ཀ་བྱས་ཡོད།


ཆོས་ཉིད་ཚེ་རིང་། Choe nyid Tsering

གློག་བརྙན་གྱི་རེའུ་མིག་གཤམ་གསལ།

  1. ༢༠༠༩ ཕེབས་ཤོག ཤར་ཕྱོགས་ཀྱི་ལྷ་ཡི་ཕོ་ཉ།  གླུ་གཞས་འགྲན་བསྡུར།
  2. ༢༠༡༠ སེམས་ཚོར། མུ་འབྲེལ་ཟློས་གར། ལེའུ་ ༢༧ གཙོ་འཁྲབ་པ།
  3. ༢༠༡༡ ནམ་ཕྱེད་དུ་སྒོ་བརྡུངས་པ།   གློག་བརྙན། གཙོ་འཁྲབ་པ།
  4. ༢༠༡༤ ལངས་ཤོར་བུད་མེད་དེ་ཡག་ཤོས་ཡིན། གློག་བརྙན། ཕལ་པ།
  5. ༢༠༡༦ རྒྱུད་སྐུད་སྟེང་གི་རྣམ་ཤེས།  གློག་བརྙན། གཙོ་འཁྲབ་པ།
  6. ༢༠༡༦ རྟོག་འཆར་གྱི་གྲོང་ཁྱེར།  མུ་འབྲེལ་ཟློས་གར། ལེའུ་ ༦༤ ཕལ་པ།
  7.  ༢༠༡༨ དྲན་སེམས་ལྟེབས་མ།  གློག་བརྙན། གཙོ་འཁྲབ་པ།
  8. ༢༠༡༨ གོ་ཁྲབ་ཕུག་པ། མུ་འབྲེལ་ཟློས་གར། ལེའུ་ ༦༤ གཙོ་འཁྲབ་པ།
  9. ༢༠༡༩ སྦྲུག་དཀར་ལྷ་མོ། མུ་འབྲེལ་ཟློས་གར། ལེའུ་ ༣༦ ཕལ་པ།
  10. ༢༠༡༩ རི་འཛེགས།   གློག་བརྙན། ཕལ་པ།
  11. ༢༠༡༩ སྟོབས་ལྡན་མིན་རྒྱལ་རྒྱུད།  མུ་འབྲེལ་ཟློས་གར། ལེའུ་ ༦༤ ཕལ་པ།
  12. ༢༠༢༠ མེ་ཏོག་བརྒྱ་ཕྲག་སོ་ལྔའི་གློག་བརྙན་དུས་སྟོན།  གླུ་གཞས་དུས་སྟོན།
  13. ༢༠༢༢ ལོབ་ནོར་གྱི་གློ་བུར་བྱུང་བའི་གསང་བ།  གློག་བརྙན། གཙོ་འཁྲབ་པ།
  14. ༢༠༢༠ གཡུལ་ས། འཇིག་རྟེན་གཞན་གྱི་མི། གློག་བརྙན། གཙོ་འཁྲབ་པ།
  15. ༢༠༢༣ ཟླ་བའི་མཐའ་ཟུར།   མུ་འབྲེལ་ཟློས་གར། ལེའུ་ ༤༠ ཕལ་པ།
  16. ༢༠༢༣ གངས་ཀྱི་པདྨ་གང་དུ་བཞད།  མུ་འབྲེལ་ཟློས་གར། ལེའུ ༣༢ གཙོ་འཁྲབ་པ།
  17. ༢༠༢༤ ཁྱོད་རང་༢༠༣༩ རེད། གློག་བརྙན། གཙོ་འཁྲབ་པ།

ཕུར་པ་སྐྱབས། 蒲巴甲 Pú Bājiǎ

 མཁན་པོ་ཨོ་རྒྱན་རིག་འཛིན་ནས་བརྩམས། ༢༠༢༤། ༥། ༢༩། 

ཕུར་པ་སྐྱབས་ (Wylie: phurpa skyabs; (Chinese: 蒲巴甲; pinyin: Pú Bājiǎ) ནི་བོད་རིགས་གློག་བརྙན་འཁྲབ་སྟོན་པ་དང་གཞས་པ་གྲགས་ཅན་ཞིག་ཡིན། ཁོང་སྤྱི་ལོ་ ༡༩༨༥ ཟླ་བ་༧ ཚེས་ ༨ ཉིན་མདོ་སྨད་རྒྱལ་རོང་ཆུ་ཆེན་རྫོང་ཁྲོ་སྐྱབས་བར་མའི་སྡེ་བ་འོ་བཟེ་ཡུལ་ཚོའི་ཞིང་ལས་དུད་ཚང་དཀྱུས་མ་ཞིག་ཏུ་ཕ་དབང་ཕྱུག་དང་མ་དཔལ་སྐྱིད་གཉིས་ཀྱི་བུ་རུ་སྐྱེས།

བྱིས་དུས།

ལོ་ན་དྲུག་ནས་བཟུང་སྤྲོ་སྡེ་ཡུལ་ཚོའི་སློབ་ཆུང་འགྲིམས་པའི་འགོ་བརྩམས་ཏེ་འཛིན་གྲྭ་གསུམ་གྱི་བར་དུ་སྤྲོ་སྡེའི་སློབ་ཆུང་འགྲིམས། འཛིན་གྲྭ་བཞི་པ་ནས་དྲུག་པའི་བར་དུ་འོ་བཟེ་ཤང་ལྟེ་བའི་སློབ་ཆུང་དུ་བསྐྱོད་དེ་འབྲས་བུ་གཡུར་དུ་སྨིན་ནས་རྒྱ་ཡིག་སློབ་ཆུང་མཐར་ཕྱིན་པ་མ་ཟད་གསུམ་བཟང་སློབ་མའི་མཚན་བཟང་ཡང་ཐེངས་མང་པོར་ཐོབ་མྱོང་། ད་དུང་དྲུག་གཅིག་བྱིས་པའི་དུས་ཆེན་སྐབས་སུའང་ཞབས་བྲོ་དང་རྒྱུགས་རྩེད་གླུ་གར་སོགས་འཛིན་གྲྭ་སོ་སོའི་འགྲན་བསྡུར་ཁྲོད་སློབ་མ་རྩེ་ཕུད་ཀྱི་གྲས་ཡིན།

ཕུགས་བསམ།

ཁོང་ཆུང་དུས་ལོ་ཚོད་ལ་དཔག་པའི་ཕུགས་བསམ་ཡང་རིམ་བཞིན་འགྱུར་བ་ཕྱིན་ཡོད་པ་སྟེ། གཅིག སློབ་ཆུང་སྐབས་རང་གི་ཨ་ཕ་ལྟར་ཁྲོ་སྐྱབས་འོ་བཟེ་ལུང་པའི་ཡུལ་སྲོལ་ལྟར་ལུས་ལ་བོད་གོས་གྱོན། སྐེད་ལ་གྲི་རིང་དྲང་། རྒྱབ་ལ་མེ་མདའ་ཁུར། རྒྱབ་ཏུ་རྟ་དཀར་དཀར་ཞིག་ཁྲིད་ནས་རྔོན་པ་བྱ་འདོད་ཡོད། གཉིས། སློབ་འབྲིང་སྐབས་རང་ཉིད་ཀྱི་ 观音桥中学 ཐུགས་རྗེ་ཆེན་རུ་ཁག་ལ་ལག་རྩེད་སྤོ་ལོ་ (Basketball) རྒྱལ་ཁ་ཐོབ་པས་ཉིན་དེ་ནས་བཟུང་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་མི་སྣ་ཨ་རིའི་རྗོར་ལྡན་ (Jorden) དང་། རོ་ཌི་མན་ (Rodman) སོགས་དང་འདྲ་བོ་ཞིག་བྱེད་འདོད་ཀྱི་རེ་བ་བཅངས་མྱོང་། གསུམ་པ། གླུ་བ་གཡུང་དྲུང་དབང་རྒྱལ་ལ་ཡིད་སྨོན་ཤོར་ཏེ་རང་ཉིད་གླུ་བ་ཞིག་བྱེད་འདོད་ཀྱི་རེ་བཟང་དེ་ད་ལྟ་མངོན་གྱུར་བྱུང་ཡོད་ལ་དེ་ལས་ཀྱང་བརྒལ་ཡོད།

སྒྱུ་རྩལ་གྱི་ལམ།

དམིགས་ཡུལ་ཐ་མ་དེ་འགྲུབ་ཆེད་ཨ་ཁུ་རྣམ་རྒྱལ་གྱི་མོ་ལུང་བཞིན་གཟི་ཚ་སྡེ་དགུ་རུ་ཕྱིན། དེར་ངོ་ཤེས་དང་འབྲེལ་བ་མེད་པས་ཟླ་བ་འགའ་ལ་ལས་ཀ་ཡང་མ་རྙེད་པ་དང་། ཐོག་མར་རྙེད་པའི་ལས་ཀ་གཙོ་བོ་ནི་སྐུ་མགྲོན་ལ་འཛིན་བྱང་འཚོང་རྒྱུ། ཞོར་དུ་གར་སྟེགས་ཐོག་ཕྱག་བདར་བྱེད་རྒྱུ། ལུག་ཤ་སྲེག་མ་སོགས་འཚོང་རྒྱུ། སྒོ་སྲུང་། བདེ་འཇགས་སྲུང་དམག་སོགས་བྱས་མཐར་གླུ་གར་ཚོགས་པ་ཞིག་ཏུ་ཞུགས་ཐུབ་ཙམ་བྱུང་། སྐབས་དེར་སྟབས་ལེགས་ལྟས་དབང་གིས་རྒྱ་ནག་གི་འཁྲབ་འཁྲིད་པ་གྲགས་ཅན་ཧོ་ཞོ་ཧ་ 胡雪桦 ཚོགས་པ་དེར་འབྱོར་ཏེ། ཁོང་ཧི་མ་ལ་ཡའི་རྒྱལ་སྲས་ཀྱི་འཁྲབ་སྟོན་པར་བདམས།

ཟླ་འགའི་རིང་«ཧི་མ་ལ་ཡའི་རྒྱལ་»ཞེས་པའི་གློག་བརྙན་ལེགས་འགྲུབ་བྱུང་ཞིང་གློག་བརྙན་འདིར་ཨ་རིའི་ལོ་སུ་ཨེང་ཇལས་རྒྱལ་སྤྱི་གློག་བརྙན་དུས་སྟོན་སྐབས་གསུམ་པའི་བྱ་དགའ་ཐོབ། འཁྲབ་ཁྲིད་པ་ཧོ་ཞོ་ཧ་ཡིས་ཁོང་འཁྲབ་སྟོན་སྒྱུ་རྩལ་སོགས་ལེགས་ཀྱང་། རྒྱ་ཡིག་དང་རྒྱ་སྐད་ཀྱི་གནས་ཚད་ཞན་པས་ཧྲང་ཧེའི་སློབ་གྲ་ཆེན་མོ་ཞིག་ལ་ངོ་སྤྲོད་བྱས་པ་བཞིན་སྒོར་ཉིས་ཁྲི་དྲུག་སྟོང་ཨམ་ཕྲག་ནང་བླུགས་ནས་ཧྲང་ཧེ་སློབ་གྲྭར་བསྐྱོད་དེ་ ༢༠༡༡ ལོ་མཐར་ཕྱིན།

སྐབས་དེར་ཡང་བསྐྱར་འཁྲབ་ཁྲིད་པ་ཧོ་ཞོ་ཧ་ཡིས་རོགས་སྐྱོར་འོག་རྒྱལ་ཡོངས་གླུ་གཞས་འགྲན་སྡུར་ཆེན་མོ་“ཕེགས་ཤོག ཕ་བཟང་གི་བུ།Come On! Good Guys!”ཞེས་འཛུལ་ཞུགས་བྱས། ཐོག་མར་ཁྲོང་ཅིན་ 重庆 ལ་མི་སུམ་སྟོང་ཙམ་ལས་བརྒྱ་དང་བརྒྱད་ཅུར་ཚུད་པ་དང་། དེ་ལས་སུམ་ཅུ། སུམ་ཅུ་ལས་བཅུ། དེ་ལས་ལྔ་འདེམས་ཐོན་བྱུང་བའི་ནང་དུའང་ཚུད་ཐུབ་པ་བྱུང་།

དེ་རྗེས་རྒྱལ་ས་པེ་ཅིན北京དང་། ཧྲང་ཧེ上海 ཤིན་ཡང་沈阳 ཧང་ཀྲོའོ་杭州 ཝུ་ཧན་武汉 ཁྲོང་ཆིན་重庆 སོགས་གྲོང་ཁྱེར་རེ་རེ་ལ་འགྲན་བསྡུར་མི་སྣ་ལྔ་རེ་སྟེ་མི་སྣ་སུམ་ཅུ་ཧྲང་ཧེ་རུ་ལྷན་དུ་འཛོམས་ཤིང་དེ་ནས་སྐད་ཆ་བཤད་སྟངས་དང་། བསམ་བློའི་ཁ་ཕྱོགས། ངག་གི་སྒྱུ་རྩལ་སོགས་འདྲ་མིན་འགྲན་བསྡུར་བྱས་མཐར་མཐའ་མ་ ༢༠༠༦་ཟླ་༨་ཚེས་༢༦་མཚན་མོར་ཆེས་མཐའ་མཇུག་གི་རྒྱལ་ཁའི་གཟེངས་རྟགས་དེ་ཁོང་ལ་ཐོབ། དེ་ནས་བཟུང་ད་བར་གློག་བརྙན་ཉེར་གཅིག་ཙམ་དང་། མུ་འབྲེལ་ཟློག་གར་ཉེར་གཅིག་སྟེ་བསྡོམས་པའི་བཞི་བཅུ་ལྷག་འཁྲབ་ཟིན་ཡོད་ལ་དེང་སྐབས་ཀྱང་འཁྲབ་དང་འཁྲབ་བཞིན་པ་འོག་ཐོ་གཞུང་ལ་གཟིགས།

སྤྱི་ཚོགས་ཞབས་ཞུ།

༢༠༠༦ ལོར“ཕེགས་ཤོག་ཕ་བཟང་གི་བུའི་” (Come on! Good Boy) བྱ་དགའ་ཐོབ་རྗེས་རང་གི་ཕ་ཡུལ་གྱི་སློབ་མ་རྣམས་པ་སྒྲིག་ཆས་ཆ་ལྔ་བརྒྱ་ཞབས་འདེབས་ཕུལ།[༢] ལོ་དེའི་ཟླ་བ་བཅུ་གཉིས་པར་“སྐར་མའི་གློག་འོད་ཀྱིས་རེག་པའི་བརྩེ་བ”ཞེས་པར་མཉམ་ཞུགས་བྱས་སྐབས་རང་ལ་ཡོད་པ་དང་གྲོགས་པོ་ས་ནས་གཡར་ཏེ་རྒྱ་སྒོར་ཁྲི་གཅིག་ཕུལ།

༢༠༠༧། ༡། ༢༩། ལ་“གྲགས་སྐར་གླུ་ཚོགས་གསར་པའི་རོགས་སྐྱོར་ཐེངས་དང་པོ་”ཞེས་པར་མཉམ་ཞུགས་ཀྱིས་ལེགས་སྐྱེས་ཕུལ། ལོ་དེའི་ཟླ་བ་གསུམ་པའི་ཚེས་ 11 ལ་“ཐེངས་དང་པོའི་རོགས་སྐྱོར་གླུ་ཚོགས་”ཞེས་མཉམ་ཞུགས་ཀྱིས་ལེགས་སྐྱེས་ཕུལ་ཞིང་ཆེས་གྲགས་ཅན་གྱི་གྲགས་སྐར་ཞེས་པའི་བྱ་དགའ་ཐོབ།

༢༠༠༨ ལ་སི་ཁྲོན་ལུང་དགུའི་ས་ཡོམ་ཆེན་མོའི་སྐབས་རྒྱ་སྒོར་འབུམ་གཅིག་ཞལ་འདེབས་ཕུལ་ཞིང་མ་ཟད་རང་གི་ཕ་ཡུལ་དུ་ལོག་ནས་ཡུལ་དངོས་ལ་རོགས་རམ་བྱས།

༢༠༠༨། ༢ ༢༨ ལ་“གྲགས་སྐར་གླུ་ཚོགས་གསར་པའི་རོགས་སྐྱོར་ཐེངས་དང་པོ་”ཞེས་གྲགས་སྐར་གྱིས་ལོ་འཁོར་ཞབས་ཞུའི་བྱ་དགའ་ཐོབ།  ལོ་དེའི་ཟླ་བ་ ༨ པའི་ཚེས་ ༢༠ ལ་ཐེ་ཝན་ས་ཡོམ་སྐབས་“རྒྱལ་མཚམས་བརྒལ་བའི་བརྩེ་བའི་དགོང་ཚོགས་”ལ་མཉམ་ཞུགས་ཀྱིས་“སང་ཉིན་ཡག་ཏུ་འགྲོ”ཞེས་པའི་གླུ་གཞས་བཏང་།

༢༠༡༠། ༤། ༢༠ ལ་རྒྱ་ནག་བརྙན་འཕྲིན་ CCTV ནང་ཡུལ་ཤུལ་ས་ཡོམ་སྐབས་ཀྱི་ཆེན་མོའི་བྱེད་སྒོ་“བརྩེ་བའི་ཡུལ་ཤུལ། བརྩེ་བ་མཐའ་མེད།” ཅེས་པར་མཉམ་ཞུགས་བྱས།

༢༠༡༢། ༨། ༡༦ ལ་“ཀྲུང་གོའི་བརྩེ་བའི་ནུས་སྟོབས་ཀྱི་མཛེས་པ་”ཞེས་པར་མཉམ་ཞུགས་བྱས་ཞིང་སྐབས་དེར་གྲགས་སྐར་ཞབས་ཞུའི་གཟེངས་རྟགས་ཐོབ།

༢༠༡༥། ༤ ནང་བལ་ཡུལ་དུ་ས་ཡོམ་ཆེན་མོ་བྱུང་སྐབས་ལྷ་ས་བརྙན་འཕྲིན་ཁང་གིས་“འཛམ་གླིང་བརྩེ་བས་ཁེང་དུ་འཇུག་”ཞེས་པར་གདན་ཞུས་བྱས་ཏེ་སེམས་གསོ་དང་སྨོན་ལམ་གྱི་བྱེད་སྒོར་ཞུགས།

༢༠༡༦། ༤ ནང་ལ་དཀར་མཛེས་ཁུལ་དུ་མེ་འགོག་དྲིལ་བསྒྲགས་ཀྱི་དུས་དྲན་ལ་མཉམ་ཞུགས་དང་འཐུས་ཚབ་ཀྱི་ལས་འགན་ཁུར།[༩]

སྒེར་གྱི་མི་ཚེ།

ཕུར་པ་སྐྱབས་ནི་སྤུན་མཆེད་ནང་གི་འབྲིང་བ་ཡིན་པ་དང་ལོ་ཁ་ཤས་ལས་ཆེ་བའི་གཅེན་པོ་དང་ལོ་གསུམ་ལས་ཆུང་བའི་ནུ་མོ་ཞིག་ཡོད།  ༢༠༡༠ ལོར་ཕ་དབང་ཕྱུག་ཚེ་ལས་འདས་པ་དང་ཕུར་པ་སྐྱབས་ཀྱིས་དེའི་རྗེས་དྲན་མཚོན་པའི་གླུ་གཞས་དྲན་པའི་རྨི་ལམ་ཞེས་པ་ཞིག་བླངས། ཁོང་གི་ཁྱིམ་མི་ཚོས་ནི་རྒྱ་སྐད་མི་ཤེས་པས་ཁོ་རང་ཉིད་གཅིག་པུར་ཁང་པ་གླས་ནས་སྡོད་ཀྱི་ཡོད་པར་བཤད།
སྤྱི་ལོ་ ༢༠༡༨ ལོར་ཕུར་པ་སྐྱབས་ནས་རྒྱ་མོ་འཁྲབ་སྟོན་པ་ལཱིན་ཇཱི་ (Liang Jie) དང་གཉེན་སློང་མཛད་སྒོ་བསྒྲུབ་ཀྱང་། ༢༠༢༡ ལོའི་ཟླ་བ་ལྔ་པར་ཕན་ཚུན་ཁ་བྲལ་བའི་གསལ་བསྒྲགས་བྱས།༡༠

གློག་བརྙན།

མུ་འབྲེལ་བརྙན་འཕྲིན་ཟློས་གར།

གླུ་གཞས་ཆེད་སྒྲིག

བོད་མིང་།ཨིན་མིང་།རྒྱ་མིང་།བཏོན་ལོ།Label
༡།བརྩེ་དུང་ཆེས་སྤྱིར་བཏང་བ་ཞིག་རེད།Love Is So Simple爱就是那样简单༢༠༠༨། ༡༢། ༡༥Gold Typhoon


གཞས་ཁེར་རྐྱང་།

བོད་མིང་།

ཨིན་མིང་།

རྒྱ་མིང་།

བཏོན་ལོ།

ཡི་མང་།

Yimeng

༢༠༡༣། ༧། ༡༥

ལྷ་ཡི་བརྩེ་བ།

God's love

籁之爱

༢༠༡༣། ༦། ༢༠

ཁྱེད་ལ་གཏན་དུ་དགའ།

Always Love You

爱到万

༢༠༡༢། ༡༢། ༢༧

ལྷ་ཡུལ་དུ་རྒྱུགས།

Running Heaven

奔跑天堂

༢༠༡༢། ༡༡

མཛེས་པའི་ཨེ་ནེ་སི་ཡ།

The Beauty of Amnesia.

忆的

༢༠༡༢། ༢

མཛེས་པའི་རི་བོ་དང་གཙང་པོ།

Beautiful Mountains and Rivers

金色山川

༢༠༠༧། ༡༢

ང་དང་ཁྱོད་འཛམ་གླིང་ལ་ཡོད།

The world has you and me

世界有你有我

༢༠༠༧། ༨


གློག་བརྙན་དང་མུ་འབྲེལ་ཟློས་གར་གྱི་གཟེངས་རྟགས།

༢༠༠༧

ཨ་རི་ལོ་སུ་ཨེང་ཇལ་སུ་རྒྱལ་སྤྱི་གློག་བརྙན་དུས་སྟོན་གསུམ་པ།

གསེར་གྱི་ལྷ་ཡི་ཕོ་ཉའི་གཟེངས་རྟགས།

ཐོབ།

༢༠༠༨

མོ་ན་ཁ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དྲུག་པ།

འཁྲབ་སྟོན་པ་ལེགས་ཤོས།

ཐོབ།

༢༠༡༡

གློག་བརྙན་འཁྲབ་སྟོན་དང་རྒྱུ་རྩལ་གཟེངས་

མི་སྣ་གསར་པ་ལེགས་ཤོས།

ཐོབ།

༢༠༡༣

པེ་ཅིང་རྒྱལ་སྤྱི་གློག་བརྙན་མིག་རོ་དུས་སྟོན།

འཁྲབ་སྟོན་པ་གསར་པ་ལེགས་ཤོས།

ཐོབ།

༢༠༡༩

རྒྱ་ནག་གློག་བརྙབ་འཁྲབ་སྟོན་པའི་གཟེངས་རྟགས།

འཁྲབ་སྟོན་པ་ལེགས་ཤོས། 

འོས་གཞིར་ཚུད།

འཁྲབ་སྟོན་སྣ་ཚོགས།

དུས་ཚོད།འཁྲབ་སྟོན།ངོ་སྤྲོད།
༢༠༡༧། ༨། ༡༦ཀྲུང་གོའི་གློག་བརྙན་སྙན་ཐོ།ཕུར་པ་སྐྱབས་ཀྱིས་བོད་ཁུལ་དུ་རོགས་སྐྱོར་གཏིང་ཟབ་བྱེད་པར་དོ་སྣང་།
༢༠༡༧། ༦། ༡༢གྲགས་སྐར་ངོ་སྤྲོད་རྒྱབ་གཉེར།ཕུར་པ་སྐྱབས་ཀྱིས་ངོ་སྤྲོད་བྱས་པ།
༢༠༡༤གྲོང་ཁྱེར་ཧྲིལ་པོའི་ཞབས་བྲོ།ཡུན་ནན་བརྙན་འཕྲིན་ལེ་ཚན།
༢༠༡༣། ༤། ༣འཁྲབ་སྟོན་ཡག་ཤོས།ཕུར་པ་སྐྱབས་དང་འཁྲབ་སྟོན་པ་གཞན་གཉིས་ལ་འཁྲབ་བྱའི་མི་སྣའི་དཀའ་ཁག
༢༠༡༣། ༡། ༢༨འཁྲབ་སྟོན་ཡག་ཤོས།ཕུར་པ་སྐྱབས་ཀྱིས་མིང་གི་གསང་བ་ཐེངས་དང་པོ་བཏོན་པ།
༢༠༡༤། ༡། ༡༡དུས་ཚིགས་འཁྲབ་སྟོན།ཧྲན་ཌེན་བརྙན་འཕྲིན་ལེ་ཚན། མ་ཏཱན་ཡུ་རོགས་པ།