2011/05/04

ད་ཞག


མཁའ་དབྱིངས་བླ་བྲེ་རལ་བའི་བུ་ག་ནས།།
ཉི་འོད་མེ་མདག་ལྷུང་བས་ཚིག་སོང་ངོ་།།
དུ་བའི་འཕྱན་རིང་འབྱིན་པའི་འཕྲུལ་འཁོར་འདིས།།
མཁའ་དབུགས་གཙོག་དྲིས་སྦགས་པས་མནོལ་སོང་ངོ་།།
རྫས་སྦྱོར་དུག་གིས་ཚོས་པའི་བཟའ་བཅའ་འདིས།།
དོན་ལྔ་སྣོད་དྲུག་བརྒྱངས་ཏེ་ཚིག་སོང་ངོ་།།
ཚན་རིག་སྒྱུ་མས་བསླུས་པའི་ཤེས་ལྡན་མི།།
དངོས་པའི་བྲན་དུ་གྱུར་བས་ཆད་སོང་ངོ་།།

བྷིན་ལ་ལྡེན།

Image result for bin laden

བདག་འབྲས་ངན་པའི་བྱེ་མའི་གླིང་དུ་འཕོས།།
རྒྱུ་མཐུན་རྩུབ་མོས་གཏུམ་ཅན་ཇག་པར་སྐྱེས།།
མཐོང་ཆོས་མྱོང་བའི་དགྲ་མདའི་ཁ་རུ་སོང་།།
ལས་འབྲས་འཆད་པའི་དཔེ་མཚོན་ཡང་དག་གཅིག།

རྣམ་དཔྱོད་བྲལ་བས་རྨོངས་དད་ཁོ་ནར་ཕྱོགས།།
ཤེས་རིག་བྲལ་བས་བླང་དོར་བློ་མིག་ལྡོང་།།
སྙིང་རྗེ་བྲལ་བས་ཉེས་མེད་མི་སེར་བསད།།
འགྲོ་བ་མི་ལས་མ་རབས་མཚོན་དཔེ་ཞིག།

2011/05/03

ཤམ་བྷ་ལ།

😆😆😆
གནས་ཤམ་བྷ་ལ་ཡི་ཞིང་ཁམས་སུ། །
ཆོས་ཆབ་སྲིད་འུར་ནས་ཁོལ་ས་རུ། །
ཅང་མི་ཤེས་ངས་ཀྱང་འཚང་ཁ་རྒྱག །
འདི་བསམ་བཞིན་རང་ལ་དགོད་ཅིག་ཤོར། །


གནས་འདི་རུ་བཤད་ཚད་ཆོས་སྐད་རེད། །
ཡང་མིན་ན་ཆོས་སྲིད་ཟུང་འབྲེལ་རེད། །
དེ་མིན་ན་གསོལ་འདེབས་སྨོན་ལམ་རེད། །
གཞན་བྱུང་ན་མུ་སྟེགས་གཏུ་ཐུག་རེད། །

སྤྲ་སྤྲེའུས་མི་ལ་འཕྱས་འདུག་ཟེར། །
འཕྱ་དགོས་དོན་མཇུག་མ་མི་འདུག་ཟེར། །
བོད་རྙིང་པས་བློ་སེང་སྨད་འདུག་ཟེར། །
སྨད་དགོས་དོན་གྲྭ་པ་མ་བྱས་ཟེར། །

ཁག་གཅིག་གིས་ཆོལ་ཁའི་འཐེན་འཁྱེར་གྱིས། །
མི་དཀར་ལ་ཞྭ་མོ་ནག་པོ་གཡོག །
ཡང་ལ་ལས་བཀའ་སྤྱིའི་འོས་གཞི་ལས། །
གཞན་གླེངས་ན་སྲོག་ཁྲིམས་གཅོད་པ་འདྲ། །

ཡང་འགའ་རེས་ཁ་འཇམ་ཁོག་རྩུབ་ཀྱིས། །
ནང་ཆོས་རྒྱུད་དབར་དུ་གཡེན་སྦྱོར་བྱེད། །
ཕྱི་ཆོལ་ཁའི་དབར་དུ་གཏམ་རྒྱུད་བཟོས། །
རང་བ་མ་དགའ་བ་དག་རྒྱ་དགར་འབོད། །

2011/04/26

གྲོགས་པོ་ཞིག་ལ།

གྲུབ་མཐའ་ལས་ཡར་ལོངས་ཤིག
ཆོས་ལུགས་ལས་ཕྱིར་ཐོན་ཤོག
འདི་དག་ཚང་མ་རྭ་བ་དང་རྭ་སྐོར་རྐྱང་རྐྱང་རེད།
རྭ་བར་བསྐོར་དོན་གང་རེད།
ར་ལུག་ནི་མ་རེད།
སྔ་ཆོས་དང་ད་ཆོས་ཀྱི་ལྕགས་གཟེབ་གསེང་ནས།
མགོ་བོ་ཡར་ལ་གཟེངས་སུ་བསྟོད་དགོས།
མ་གཞི་གདུག་རྩུབ་ཀྱིས་མགོ་ཁྲག་གཏོར་སྲིད་ཀྱང་།
བསྙས་སྨོན་ཀྱི་མཆིལ་ཞག་འཕེན་སྲིད་ཀྱང་།
འཇིགས་ཞུམ་གྱི་འཛུམ་མདངས་ཤོར་མི་ཉན་ལ།
ང་རྒྱལ་གྱི་དབུ་འཕང་དེ་བས་སྨད་མི་ཉན། །

2011/04/25

ཁ་བརྡ།

🅸ད་བྱས་དུས་ཁྱེད་དགེ་བཤེས་གཡུང་དྲུང་རེད་འདུག་ག
🅸ལགས་སོ་་་དགེ་བཤེས་ལགས།
🆄ཧཧཧཧ་ཁྱོད་རང་གང་གནང་སོང་་་་པར་མཐོང་མ་སོང་ངམ།
🆄སྐབས་ཁ་ཤས་རིང་ང་ཚོས་མི་རབས་གསར་པར་གོ་སྐབས་ཕུལ་ཏེ་ཉམས་མྱོང་དང་ལས་འགན་ཁུར་དགོས་པར་སེམས། ད་ཆ་ནོར་འཁྲུལ་བྱུང་ན་ཡོ་བཅོས་བྱེད་མཁན་གྱི་རྒན་རབས་ཡོད།
🆄དེ་དངོས་གནས་རེད།

2011/04/24

གསོལ་འདེབས།

དཀོན་མཆོག་ལགས་གང་ཞིག་ཏུ་བཞུགས་ཡོད།
ང་ཚོ་ཁྱེད་ཀྱི་སྒོ་འགྲམ་ན་ཡོད།
ཁྱེད་ཀྱིས་སྒོ་མི་འབྱེད་དོན་གང་ཡིན།
བོད་མིའི་སྡུག་བསྔལ་བསལ་རོགས་གྱིས། སྐུ་མཁྱེན།
ང་ཚོ་ལ་འདུག་གནས་མེད།
ང་ཚོ་ལ་རང་དབང་མེད།
ང་ཚོ་ལ་གང་མེད།
ཐ་ན་ཁྱེད་ལ་འབུལ་རྒྱུའི་མཆོད་པ་ཡང་མེད།
ད་དུང་མི་གསན་དོན་གང་རེད།
ངའི་རོགས་པ་ཚོ་ངུས་སོང་།
ངུས་པའི་མཆི་མ་ཁྲག་ཏུ་བབས་སོང་།
ཐུགས་རྗེས་གཟིགས་རོགས་གནོངས།
ད་དུང་སྒོ་མི་འབྱེད་དོན་གང་རེད།
ངའི་རོགས་པ་ཚོས་འཆི་བ་སྲོག་ལ་བབ་ཀྱང་།
སྒོ་འགྲམ་འདི་ནས་ཕྱིར་ལ་མི་འགྲོ་ཟེར།
ལག་ཐལ་མོ་སྦྱར་ནས།
མིག་མཆི་མང་གང་སྟེ།
ངག་མགྲིན་བརྣངས་ཏེ་འདུག
དཀོན་མཆོག་ལགས།
གལ་སྲིད་ཁྱེད་རང་ནང་དུ་བཞུགས་མེད་ན།
ང་ཚོར་བརྡ་ཞིག་མ་བསྐྱལ་བར་འདི་ལྟར་ཁུ་སིམ་མེར་ཕེབས་ནུས་སམ།
གང་ལྟར་ང་ཚོས་མ་ཤི་བར་དུ་ཁྱེད་བསྒུགས་ནས་འདུག
ད་དུང་སྐྱེ་བ་རྗེམ་མར་བསྒུག
བསྒུག བསྒུགས་ནས་འདུག

2011/04/23

དེ་རིང་།

གོམས་ན་སླ་བར་མི་འགྱུར་བའི། །
དངོས་དེ་གང་ཡང་ཡོད་མ་ཡིན། །
ནན་གྱིས་ཉན་ན་མི་གོ་བའི། །
སྐད་དེ་གང་དུ་ཡོད་མ་ཡིན། །
བསྟེན་ན་འགོ་བར་མི་བྱེད་པའི། །
ལྷ་ཞིག་ཡེ་ནས་ཡོད་མ་ཡིན།།
འདྲིས་ན་བྱམས་པར་མི་འགྱུར་བའི། །
མི་ཞིག་སྲིད་འདིར་མཆིས་མ་ཡིན། །
ཤིན་ཏུ་མི་སྙན་ཚིག་དག་གིས། །
རྣམ་པ་དུ་མས་སྤྱོས་གྱུར་ཀྱང་། །
རྡོ་ལ་བརྡབ་པའི་ཐལ་མོ་བཞིན། །
ང་ཡ་བག་ཚ་བྲག་སོང་ངོ་། །