2011/06/05

ཆང་བཟི་དོན་འགྲུབ།

ཉིན་ཞིག་གི་དགོང་མོར་དོན་འགྲུབ་ཆང་གིས་བཟི་སྟེ་ངུ་སྐད་སྒྲོག་ཀྱིན་ཆང་ཁང་ནང་དུ་འཛུལ་ཡོང་། དེའི་སྐབས་བཀྲ་ཤིས་དང་ཚེ་རིང་གཉིས་ཆང་ཁང་ནང་དུ་ཆང་འཐུང་བཞིན་ཡོད་པའི་དུས་དང་ཏག་ཏག་ཁེལ་བས་བཀྲ་ཤིས་ལམ་སང་ཡར་ལངས་ཏེ། “ཡ། གྲོགས་པོ་དོན་གྲུབ་གང་བྱུང་སོང་ངམཞེས་དྲིས་པར་ཁོས་ངུ་ཅོར་འབྱིན་བཞིནངས་ཚབ་ཆེ་བའི་བྱ་བ་མ་རུང་པ་ཞིག་བྱས་ཚར། སྐར་མ་ཁ་ཤས་སྔོན་དུ་ངས་ང་རང་གི་ཆུང་མ་ཆོས་མཚོ་ལགས་ཆང་ཤེལ་དམ་གང་གི་ཆེད་དུ་བཙོངས་པ་ཡིན”ཞེས་བཤད་པ་དང་བཀྲ་ཤིས་ནི་རྦད་དེ་ཧང་སང་སྟེ། ཨོ་ཁྱད་མཚར་ལ། འོ་ཏག་ཏག་རེད། ད་ལྟ་མོ་མིས་ཁྲིད་ཚར་དུས་ཡང་ཁྱེད་ཀྱིས་ཚུར་དགོས་འདོད་བྱེད་གི་ཡོད་དམ”ཞེས་དྲིས་པར་དོན་འགྲུབ་ཀྱིས་ཉམ་ཐག་པའི་ཚུལ་ཞིག་བསྟན་ནསཡོདཅེས་ལན་བྱིན། བཀྲ་ཤིས་ཀྱིས་སླར་ཡང་། སྙིང་རྗེ། ཁྱོད་ཀྱིས་མོ་ཁེ་བཟང་ཅུང་ཟད་ཅིག་གི་ཆེད་དུ་བཙོངས་ཚར་བ་རེད་ལ་ད་ནི་གང་བྱས་ཀྱང་ཕྱི་དྲགས་པ་རང་རེད་གདའ། འོ་རེད། ཁྱོད་ད་རུང་མོ་ལ་དགའ་པོ་ཡོད་དམ། ཞེས་དྲིས་པར་ཁོས་ཐེ་ཚོམས་མེད་པར། མེད། ང་མོ་ལ་དགའ་པོ་ཁྱོན་ནས་མེད། ཡིན་ནའང་མོ་ང་ལ་དགོས། གང་ཡིན་ཟེར་ན་ང་ཁ་སྐོམ་གྱི་འདུག” ཅེས་བཤད།
དབྱིན་ཡིག་ཕབ།།

2011/06/04

གྱེར་གཏམ།

དེང་རབས་གསར་པའི་དཔལ་ཡོན་འདི་བཞད་དུས། །
རིག་གཞུང་རྙིང་པའི་རྫུན་འབག་དེ་བུད་སོང་། །
ཨ་གསར་གཞོན་ནུས་ཧོལ་རྒྱུག་ཅིག་བྱས་ཏེ། །
ཕ་མྱེས་ཤུལ་གཞག་ཐལ་དོང་དུ་བསྐྱུར་སོང་། །
ཁ་བའི་ཟུངས་ཁྲག་བྱེ་ཐང་ལ་ཐིམ་དུས། །
གདོང་དམར་བོད་ཕྲུག་ཕྱི་གླིང་ན་འཐོར་སོང་། །
མགོ་སེར་རྨོ་མོའི་རྨོང་སྤུ་ཡི་གསེབ་ཏུ། །
གངས་རིའི་ཕོ་རྒོད་མགོ་ཡོར་ཞིག་འཁོར་འདུག །
ན་གཞོན་བོད་མོའི་ལང་ཚོ་ཡི་མེ་ཏོག །
དབྱིན་རྒན་འཁྱམ་པོའི་ཉལ་གྲོགས་སུ་སྤྱོད་འདུག །
ཨ་ཁུ་གྲྭ་པའི་གྲྭ་ཤམ་གྱི་ཁུག་ཏུ། །
ཨ་ནེ་མཛེས་མ་སྐྱིད་ཉལ་ལ་རོལ་འདུག །
ཨ་རོགས་བོད་པའི་བྱ་སྤྱོད་ལ་བསམ་ན། །
ཨ་ཁུ་སྟོན་པའི་ལྷ་སྒྲུང་དང་འདྲ་འདུག །

ཞོགས་པ།

མཐའ་མེད་གཉིད་ཀྱི་ཞིང་ལས་གློ་བུར་དུ།།
དྲིལ་བརྡ་གཟན་མོ་རྣ་བའི་གཏིང་དུ་ལྷུང༌།།
མི་འདོད་སུན་སྣང་ཞིག་གིས་དབང་མེད་དུ།།
མགོ་བོ་གོས་ཀྱིས་བཏུམས་ཏེ་ཉལ་འདོད་ཀྱང༌།།
ཞོགས་འཚོགས་རྗེས་ལུས་ཤོར་བའི་སེམས་མཚེར་གྱིས།།
ག་ལེར་གཉིད་མ་སད་ཀྱིས་ཡར་ལངས་ཏེ།།
ལག་ཟུང་གནམ་དུ་བརྒྱངས་ཏེ་གླལ་ཞིག་འཐེན།།
རྐང་ཟུང་ས་རུ་ཉུལ་ནས་བསིལ་ལྷམ་བཙལ།།
མིག་ཟུང་རབ་མ་རིབ་དེ་འབྱིད་བཞིན་དུ།།
མི་འདོད་གོམ་ཁ་དལ་མོས་ཕྱི་རུ་ཐོན།།

ཨེ་མ་འདི་ནི་ཞོགས་པའི་ཞིང་ཁམས་ཏེ།།
དྭངས་བསིལ་སྦྲང་ཆང་བཅུད་ཀྱིས་མི་མཚོན་པའི།།
རང་བྱུང་ཞོགས་རླུང་བསིལ་མོ་ཧུབ་གཅིག་གིས།།
ལུས་སེམས་སྤྲོ་དགའི་མེ་ཏོག་ཅི་ཡང་བཞད།།
དྲི་མེད་དར་གྱིས་ཕྱིས་འདྲའི་ནམ་མཁའ་ལ།།
མ་བཀོད་མཚམས་སྤྲིན་གསར་པ་མཛེས་ཤིང་སྡུག།
བསིལ་ཆུའི་མུ་ཏིག་ཁུར་བའི་ལྗོན་བཟང་སྟེང༌།།
སྤུ་སྡུག་བྱ་ཚོགས་སྤྲོ་བས་ཅ་ཅོ་སྒྲོགས།།
ཁད་རིང་ལྷུན་གྱིས་འགྱིང་བའི་རི་ཚོགས་ལ།།
ཆུ་འཛིན་དགའ་མ་དགྱེས་པས་མགུལ་ནས་འཁྱུད།།
སྔོ་ལྗང་གཡུ་ལོའི་ཁུར་གྱིས་དུབ་པ་ཡི།།
རང་བྱུང་ནགས་ཀྱི་མཛེས་ལྗོངས་ལྟ་ན་སྡུག།
རི་གྲོང་མཚམས་ཀྱི་སྨུག་སྤྲིན་དུམ་བུ་དག།
ཉལ་ལམ་བགྲོད་པའི་རྣམ་དབྱེར་ཆ་མ་འཚལ།།
རྒྱང་རིང་གངས་ནས་ཕེབས་པའི་ཉལ་འགྲོ་མས།།
ཤབ་ཤུབ་རང་བྱུང་ཁམས་ཀྱི་གསང་ཚིག་ཟློ།།
ཞོགས་པའི་ཉི་གཞོན་ཟིལ་དེ་མ་བཟོད་ནས།།
ནུབ་ཁའི་རི་བོང་འཛིན་པའི་གཟི་མདངས་ཤོར།།
ཨ་ཧ་འདི་ནི་སྐྱིད་པའི་མི་ཡུལ་ཞེས།།
འཕུར་ལ་ཕྱོགས་པའི་ཁྲུང་ཁྲུང་ཞིག་འདྲ་བར།།
ལག་གཉིས་ཤེད་ཀྱིས་བསྐྱངས་ནས་ཕྱོགས་བཞིར་བསྐོར།།
མིག་གཉིས་ཟིམ་བུར་བཙུམས་དེ་དལ་གཅིག་འགྲེངས།།
སླར་ཡང་མཁའ་རླུང་དྭངས་མོ་ཧུབ་གཅིག་གིས།།
མཁར་རུ་ཤོག་སྦག་གས་པའི་མེ་ཏོག་གམ།།
མཚོ་རུ་རྦ་རླབས་འཕྱོ་བའི་ངང་ཚུལ་ཅན།།
དགའ་མའི་རེག་པ་སྟོང་གིས་མི་བསྒྲུན་པའི།།
བརྗོད་མེད་སེམས་ཀྱི་དགའ་སྤྲོ་འདི་ཅི་ཞིག།

ང་དང་མི་ཚོ།

མི་ཚོ་སྐྱེ་གཟུགས་ལ་དུང་གི །
ངས་ནི་གཤིས་བཟང་ལ་སྨོན་གི །
ང་དང་ཁོང་ཚོ་གཉིས་བརྩད་དེ། །
ཕམ་ཁ་ང་རང་ལ་སྤྲད་སོང་། །

མི་ཚོས་འཇོན་ཐང་རང་གླེང་གི །
ང་ནི་ཁྲེལ་གཞུང་རང་བསམ་གི །
ཁྲེལ་དང་འཇོན་ཐང་གཉིས་བརྩད་དེ། །
རྒྱལ་ཁ་འཇོན་ཐང་གིས་ཁྱེར་སོང་། །

མི་ཚོས་དེང་རབས་རྐྱང་བསྟོད་གི། །
ངས་ནི་རིག་གཞུང་འདྲ་དྲན་འདུག །
གནའ་རབས་དེས་དུས་དང་རྩོད་པས། །
མཐེ་བོང་དེང་རབས་ལ་བསྒྲེངས་སོང་། །

མི་ཚོས་རྒྱུ་ནོར་རང་གསོག་གི །
ངས་ནི་བདེ་སྐྱིད་རང་འཚོལ་འདོད། །
བདེ་སྐྱིད་རྒྱུ་ནོར་དང་རྩོད་དུས། །
གྱོང་གུད་ང་རང་ལ་རག་སོང་། །

2011/06/03

འཛམ་གླིང་ནང་གི་མི་སྤྱང་ཤོས།

ཉིན་ཞིག་གི་ཕྱི་དྲོར་སྒེར་བདག་གནམ་གྲུ་ཆུང་བ་ཞིག་གི་ནང་དུ། སྐུ་ཞབས་སྨན་རམས་པ་མཁས་ཅན་ཞིག་དང་ཁྲིམས་རྩོད་པ་གྲགས་ཅན་གཉིས་པོ། འཁོས་མེད་ཉམ་ཆུང་གི་གྲྭ་རྐྱང་གཅིག་དང་བུ་ཚ་ཆུང་ངུ་ཞིག་དང་འགྲོགས་ཏེ་བར་སྣང་ལ་སྤྲོ་འཁྱམ་དུ་སྐྱོད་བཞིན་པའི་སྐབས། གློ་བུར་དུ་སྟབས་མ་ལེགས་པར་གནམ་གྲུའི་འཕྲུལ་ཆས་ལ་སྐྱོན་ཤོར་ཏེ་མར་ལྷུང་བའི་གནས་སུ་གྱར། ཁ་ལོ་བས་ཐབས་ཤེས་གང་དྲག་བྱས་ཀྱང་ཕན་ནུས་གང་ཡང་མ་ཐོན་པའི་ཐ་མ་དེར་འུ་ཐུག་སྟེ། མཆོང་གདུགས་(parachute)ཤིག་ལག་ཏུ་བཟུང་ནས་སྐད་ཤུགས་ཆེན་པོས་“འགྲུལ་པ་རྣམ་པ་ཚོ་ཚང་མ་མཆོང་རོགས་གྱིས། མཆོང་ན་ཡག་གི་རེད་”ཅེས་འབོད་ཀྱིན་རྒྱངས་སེ་སྔོན་དུ་མཆོང་སོང་། ད་རུང་བྱུས་མ་ལེགས་པ་གཞན་ཞིག་སྟེ་གནམ་གྲུའི་ནང་དུ་མཆོང་གདུགས་གསུམ་མ་གཏོགས་ལྷག་མེད། སྐུ་ངོ་སྨན་པས་ལམ་སང་གནས་ཚུལ་དེ་རྟོགས་ཏེ་“མི་མང་གི་ཚེ་སྲོག་སྐྱབས་རྒྱུའི་ཆེ་དུ་ང་ངེས་པར་དུ་གསོན་དགོས་”ཟེར་ནས་མཆོང་གདུགས་ཤིག་དམ་དུ་བཟུང་སྟེ་ལྡིང་སོང་བ་དང་། ཡང་དེ་མ་ཐག་ཁྲིམས་རྩོད་པས་ཀྱང་མཆོང་གདུགས་ཤིག་ཧབ་ཐོས་བྱས་ཏེ་“འཛམ་གླིང་ནང་གི་བློ་རིག་སྤྱང་ཤོས་དེ་ཁྲིམས་རྩོད་པ་དག་ཡིན་པས་ང་ཡང་ངེས་པར་དུ་གསོན་འོས་པ་རེད་”ཅེས་བཤད་དེ་ཐེ་ཚོམས་ཙམ་ཡང་མེད་པར་ལྡིང་སོང་། ད་ནི་གནམ་གྲུའི་ནང་དུ་ཡ་ང་བའི་རྒན་བྱིས་གཉིས་པོ་ལས་སུ་ཡང་ལྷག་མེད་སྟབས་གྲྭ་རྒན་དེས་གཅེས་པར་འོས་པའི་བྱིས་པ་ཆུང་ངུ་དེའི་ངོ་གདོང་ལ་གཟིགས་ཀྱིན་ངག་འཇམ་པོས་“ངའི་བུ་ཆུང་། ང་ནི་འཇིག་རྟེན་འདིར་རྒྱུན་རིང་བསྡད་ལ་མི་ཚེ་ཡང་ཕལ་ཆེར་འཁྱོལ་ཚར་བས་ཡིད་ཚིམས་སོང་། བུ་ཁྱེད་རང་ནི་ད་ལྟ་ལོ་ན་ཆུང་ཞིང་མི་ཚེ་བསྐྱལ་རྒྱུ་གཞི་ནས་ཡིན་པས་མཆོང་གདུགས་འདི་ཁྱེད་ཀྱིས་ཁྱེར་ལ་མི་ཚེ་བདེ་སྐྱིད་དང་ལྡན་པ་ཞིག་སྐྱོལ་དང་།” གསུངས་པ་དང་། བུ་དེས་མཆོང་གདུགས་ཞིག་གྲྭ་པའི་ཕྱག་ཏུ་ཕུལ་ཏེ་“རྒན་ལགས། སེམས་ཁྲལ་མ་གནང་དང་། འཛམ་གླིང་ནང་གི་མི་སྤྱང་ཤོས་དེས་ངའི་རྒྱབ་ཁུག་ཁུར་སོང་བ་ལས་འཆོང་འདུག་ཁྱེར་མི་འདུག་”ཅེས་བཤད་དེ་ཁོང་གཉིས་པོ་ཉེ་ཞོ་མེད་པར་ལྡིང་སོང་།།
དབྱིན་ཡིག་ལས་ཕབ།

2011/06/02

འུ་ཅག་བོད་མིར་དགོས་པ་སྟེ།།

ཉིན་རེའི་འཚོ་བའི་ཆ་རྐྱེན་དུ། །
ཞོགས་པའི་ལུས་རྩལ་རྩེ་བ་དང་། །
འཕྲོད་པའི་ཁ་ཟས་བསྟེན་པ་སོགས། །
ཚན་རིག་ནང་གི་ཉམས་ལེན་རེད། །

རྨོ་རྨོའི་ལག་གི་འཐག་ཟོང་གིས། །
བལ་སྐུད་འཐག་པའི་རིག་པ་དང་། །
གཡག་རྒོད་རོག་པའི་རྩིད་པ་ལས། །
སྦྲ་གུར་འཚེམ་པའི་བཟོ་ལས་དང་། །

སྔགས་པས་སད་སེར་སྲུང་བ་དང་། །
གྲྭ་པས་གླུད་ཡས་བསྔོ་བ་ཕུད། །
ས་གཤིས་ཡུལ་དུས་དང་འཚམས་པའི། །
ཞིང་ལས་ཐོན་སྐྱེད་སྤེལ་ཚུལ་འདི། །
ཚན་རིག་གཞུང་དང་མཐུན་པར་སྣང་། །

དགུན་ཁར་སྦྲ་ནག་འབུབས་པ་དང་། །
ལྕི་ཁང་ནང་དུ་སྡོད་པ་ནས། །
གནས་ཁང་དེང་རབས་རྩིག་སྟངས་བར། །
བཟོ་བཀོད་རིག་པའི་ཚན་རིག་རེད། །

བྱིས་པའི་ཚ་རྒོད་གཅོག་ཐབས་དང་། །
དར་མའི་གླད་ཁྲག་འབྱེད་ཐབས་དང་། །
རྒས་པོའི་ཁྲག་འགགས་གཤང་ཐབས་སོགས། །
གསོ་བ་རིག་པའི་ཚན་རིག་རེད། །

གང་ལྟར་ཚན་རིག་སྦྱང་དགོས་ན།།
རྩིས་དངོས་རྫས་གསུམ་མཐུན་པ་དགོས། །
ལྷ་ཆོས་ཚན་རིག་མཐུན་པ་ཡི། །
ལུར་སྒྲོགས་འདི་དག་སྟོང་འུར་ཡིན། །

2011/06/01

འབུ།

དབྱར་རྩ་དགུ་འབུ་བརྐོ་རྒྱུར་བྲེལ་བས། །
མྱེས་པའི་ཕ་ཞིང་རྩ་སྐྱས་བརྒྱངས་སོང་། །
བརྐོས་པའི་འབུ་ཤ་རྒྱ་ལ་བཙོང་སྟེ། །
འཁོར་རིགས་སྟོང་གིས་ལུང་པ་བཀང་སོང་། །

སྐྱུར་རྩི་བསྒོས་པའི་རོ་འཛིན་དིག་པོས། །
ཚིག་གསུམ་གཏམ་སྒོ་མ་ཕྱེས་སྔོན་ནས། །
གློ་འདོགས་གྲི་གུ་ཤུབ་ནས་ཕྱུང་སྟེ། །
སྤུན་ཟླའི་ཟུང་ཁྲག་ཐང་ན་འཕོས་སོང་། །

ཤ་རུལ་དྲི་ངན་གང་དུ་འཐུལ་སར། །
སྦྲང་ནག་འཚང་བ་དངོས་པོའི་གཤིས་ལྟར། །
མ་རབས་ཤོ་རྒྱན་གང་དུ་འཛུགས་སར། །
བསགས་པའི་འབུ་དངུལ་བསྐྱེལ་དུ་བྲེལ་འདུག །