2011/02/28

རྨི་ལམ་མེད་དོན།

རྨི་ལམ་མེད་པའི་གཉིད།
གཉིད་འདི་དག་རྨི་ལམ་མེད་པ་རྐྱང་རྐྱང་རེད།
ངས་དེང་སང་རེ་བ་ཚང་མ་རྨི་ལམ་ལ་བཅོལ་ཞིང་།
རྨི་ལམ་ནས་སྒུག
ང་ལ་གལ་སྲིད་རྨིས་ཀྱང་རབ་རིབ་ཞིག་དང་།
ནག་ནོག་ཅིག་ལས་མེད་དོན།
ད་དུང་ངས་རྨི་ལམ་ཁོ་ནར་སྒུག
ངས་རྨི་ལམ་འདི་ལྟར་སྒུག་དོན།
མི་ཚོས་ཟེར་སྲོལ་ལ་རྨི་ལམ་ནི་རྫུན་མ་ཞིག་རེད་ཟེར།
འོན་ཀྱང་ངའི་རྨི་ལམ་འདིར་བདུད་རྩི་ལྟ་བུའི་བྲོ་བ་ཞིག་ཡོད།
འཇལ་ཚོན་ལྟ་བུའི་མཛེས་སྡུག་ཅིག་ཡོད་རྐྱེན།
ངས་ད་དུང་བསྐྱུར་ན་མི་འདོད།
ངས་ད་དུང་རྨི་ལམ་རུམ་ནས་ཉལ་ན་འདོད།
མཛེས་པའི་རྨི་ལམ་ལ་འཁྱུད་ན་དྲན།

2011/02/27

ལོ་གསར་སྐོར།

བོད་མི་རིགས་ནི་འཛམ་གླིང་གི་ལོ་རྒྱུས་ཐོག་མངོན་གསལ་དོད་ལ་ཁྱད་ཆོས་ལྡན་པའི་རྒྱུན་སྲོལ་གྱི་གོམས་གཤིས་དུས་ཡུན་རིང་པོའི་ནང་རིན་བཞིན་ཆགས་ཡོད་པའི་མི་རིགས་ཤིག་ཡིན་པ་ད་ཆ་མི་རིགས་ཚང་མས་ཁས་བླངས་ཆོག་པའི་གནས་ཚུལ་ཞིག་ཏུ་གྱུར་ཡོད། དེ་དག་ལས་ཆུང་རྩག་ཁ་གཅིག་འདིར་བཀོད་དེ་ངོ་སྤྲོད་ཞུ་རྒྱུ་ཡིན་པས་དགོས་པ་རྒྱུ་དང་ལྡན་པའི་ཐོག་ནས་ཡིད་འཇགས་འཚལ།

གྲོ་སོ་ཕྱེ་མར།

གྲོ་སོ་ཕྱེ་མར་ནི་བོད་ཀྱི་ལོ་གསར་ལ་རྟེན་འབྲེལ་མཚོན་པའི་དངོས་པོ་གལ་ཆེན་ཞིག་ཡིན། ལོ་གསར་སྐབས་ཁྱིམ་ཚང་མི་རེ་ངོ་རེས་འབོ་དང་། གྲོ རྩམ་ཕྱེ། རྩེ་སྒྲོ། ལོ་གསར་མེ་ཏོག ཚོན་ལྡན་ནས་ཀྱི་སྙེ་མ་བཅས་ལས་གྲུབ་པའི་གྲོ་སོ་ཕྱེ་མར་གསར་དུ་བཞེངས་ཏེ། ཆ་སྒམ་ཐོག་ཏུ་བསྒྲིགས་ནས་སྐུ་མགྲོན་ཕེབས་རིམ་བཞིན་ཐོག་མར་ཁྱིམ་བདག་གིས། གྲོ་སོ་ཕྱེ་མར་བཏེགས་པ་དང་། མགྲོན་པོས་གྲོ་དང་ཕྱེ་མར་ནས་སྣེ་ཏོག་ཙམ་བྱས་ཏེ་ཕུད་གཏོར་དང་སྦྲགས་ཞལ་ལ་མཆོད་༼ཕྱེ་མར་ཡིན་༽དགོས་ཀྱི་ཡོད་པ་དེ་ནི་བོད་མི་རིགས་ཀྱི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཀྱི་རྟེན་འབྲེལ་མཚོན་པར་བརྩི་སྲོལ་ཡོད།
གྲོ་ནི་ཁ་བྲོ་པོ་ཡོང་བའི་རྟགས་དང་། རྩམ་ཕྱེ་ནི་ལུས་འཚོ་བའི་བདུད་རྩི་ཟས་ལ་ལོངས་སུ་སྤྱོད་པའི་རྟེན་འབྲེལ་མཚོན་བྱེད་ཅིག་ཡིན། མཁས་པས་གསུང་རྒྱུན་ལ་བཞིགས་ན་གྲོ་སོ་ཕྱེ་མར་གསར་བཞེངས་སྐབས། ཕྱེ་མར་འདེགས་པ་པོའི་ལག་གཡས་ཕྱོགས་སུ་གྲོ་དང་། གཡོན་ཕྱོགས་སུ་ཕྱེ་མར་རྩམ་ཕྱེ་བླུགས་དགོས་པ་འདི་རྣམས་ལྷན་རྒྱས་ཚོས་ཐུགས་ལ་ངེས་པར་གནང་ན་ལོ་གསར་སྐབས་ཕན་ཐོག་ཆེན་པོ་ཡོང་ངོ་།།

སྔར་སོང་སྐྱིད་སྡུག་བྱ་བའི་བརྗེད་བྱང་དང་།།
མ་འོངས་བདེ་སྐྱིད་གསར་པའི་སྒོ་འབྱེད་དང་།།
ད་ལྟའི་སྤུན་གྲོགས་འཛོམས་པའི་དགའ་སྟོན་ཏེ།།
གསར་བཞད་གནས་ལོའི་ཤིས་པ་ཁྱེད་ལ་ཐོབ།།

2011/02/26

སྙན་ངག་གི་དཔེར་བརྗོད།

ཚེག་བར་གསུམ།
༼ཡ་ཆ།༽
མཐའ་གངས་རིས། །ཡོངས་བསྐོར་བ། །
ནང་དགའ་ཚལ། །གནས་ལྷ་ཡུལ། །
བོད་གངས་ཅན། །རྒྱས་འཕྲོག་སོང་། །
ལྷོ་རྒྱ་གར། །མེའི་ལུང་པར། །
སྡོད་དགོས་པ། །ལས་ལོས་ཡིན། །
༼ཆ་ཡ།༽
སྐྱེད་ཚལ་ན། །མེ་ཏོག་བཀྲ། །
སློབ་ཚོགས་འདིར། །ཤེས་རིག་བཀྲ། །
གངས་ལྗོངས་འདི། །མཐོ་སྒང་ཡིན། །
མཁའ་རླུང་སོགས། །དྭངས་གཙང་ཡིན། །

གང་བྱེད་མི་ཤེས་པའི་ཉི་མ།

གང་ཡང་བྱེད་མི་ཤེས་པའི་ཉི་མ་འདིར།
ངས་ཤོར་ཟིན་པའི་ཉི་མ་ཚོར་ཕངས་སེམས་བྱས།
ཧ་ཅང་མགོ་མཁྲེགས་པའི་སློབ་མ་ཆུང་ཆུང་།
ཁོས་ང་ལ་གསང་བའི་བསླབ་བྱ་གནང་།
འགུལ་སྐྱོད་ཅུང་ཟང་ཙམ་ཡང་བྱ་མི་འདོད་པའི།
ངའི་སེམས་ཁོང་ནས་སུན་པའི་ཕུང་པོ།
འདིས་ང་ལ་ལེ་བརྡ་དང་ཀོ་ལོང་བྱུང་།
ལུང་སྟོང་དང་འདྲ་བའི་སེམས་པས།
དྲན་སེམས་ཀྱི་སྐོར་རླུང་འགྲམ་པ་ལ་བསྣུན་དུས།
ཚིག་ཟིན་པའི་ཐལ་བ་མགོ་ཐོག་ཏུ་བབས་འདུག
ས་གཞི་ལ་ཆགས་འདུག
བར་སྣང་ནས་ཉིལ་འདུག།
༢༠༠༩། ༣། ༢༨།

ཉིན་ནག་ལ།

དོན་མི་འགྲུབ་པའི་ཉི་མ་འདིར།
མཐོང་རིག་ཁྱོན་ནས་མ་མྱོང་བའི།
ཆེས་གྲགས་པའི་རླུང་རྟ་དང་དབང་ཐང་།
ངས་མི་འདོད་ཀྱང་མེད་འགྲོ
ངས་ལྷག་བསམ་གྱིས་དྲང་གཏམ་ཞུས།
ཁོས་སྟིང་ཚིག་དག་འཕྱ་སྨོད་བྱས།
འདི་གོ་ནོར་རེད་དམ་ལས་འབྲས་རེད།
ངས་ངང་སྲིང་གིས་དགོངས་དག་ཞུས།
ཁོས་མིག་ལོག་དང་སྣ་གཉེར་བྱས།
འདི་ཐུབ་ཚོད་རེད་དམ་འོས་འཚམ་རེད།
ངས་གནོད་དོག་གིས་སྨྲ་བ་བསྐྱུངས།
ཁོས་འཁོན་འཛིན་གྱིས་ཁ་གྲགས་བཅད།
འདི་ཐ་ཡི་མཇུག་འབྲས་རེད།

༢༠༠༩། ༣། ༨།

དབྱར་རྩྭ་དགུན་འབུ།

དང་པོ།
དབྱར་རྩྭ་དགུན་འབུ།
གངས་ལྗོང་གི་རྩ་ཐང་ནས་བརྡོལ་བའི་གསེར་རྡོག
དབུ་ནག་བོད་ལ་རང་བྱུང་ཁམས་ཆེན་མོས་གནང་བའི་ཁྱད་ནོར།
རྒྱ་ནག་པོའི་ལུས་ཁམས་གསོའི་བཟང་དྲུག་གི་སྨན།
ཁམས་སྨུག་གི་རྭ་རྩེ་རྩ་གསེང་ནས་མངོན་དུས།
བོད་ཕྲུག་གི་བླ་ཡིད་རི་རྩེ་ན་འཕུར་སོང་།

གཉིས་པ།
ཤོག་སྒོར་གྱིས་ཨམ་ཕྲག་ཧོབ་ཏེ་གང་དུས།
སྦུ་ཆང་གི་བྲོ་བཅུད་སྦྲང་རྩི་ལས་མངར་དུས།
སྦག་སྦག་གིས་མགྱོགས་ཚད་རླུང་དང་འགྲན་དུས།
བོད་ཕྲུག་གི་ཀླད་ཁྲག་རྒྱ་ལམ་དུ་གཏོར་དུས།
ཕ་མ་ཚོའི་མིག་ཟུང་མཆི་མ་ཡིས་བཀང་སོང་།

གསུམ་པ།
ཕ་ཞིང་དང་ཕ་ནོར་མི་ལ་བཙོང་སྟེ།
རྒྱ་གྲོང་དང་རྒྱ་སྲང་ཁྱི་བཞིན་ཉུལ་དུས།
ཕ་མེས་ཀྱི་རུས་རྐང་རུལ་ནས་ཟད་སོང་།
༢༠༠༩། ༡། ༢༧།

2011/02/20

འཕྲིན་ཡིག

༄༅། འཕྲིན་ཡིག་འདི་ནི་ཕྱི་ལོ་༡༩༩༥་བོད་ཆབ་མདོ་གྲོང་བརྡལ་དུ་ཞོར་ལས་གཉེར་བའི་ཁོ་བོའི་སྲིང་མོ་སྒྲོལ་མ་གར་སོང་ཆ་མེད་དུ་གྱུར་ཏེ་ད་བར་མ་རྙེད། འདི་ལོ་སྟེ་༢༠༡༠།ཟླ་བ་དང་པོའི་ནང་སྟབས་ལེགས་ལྟས་དབང་གིས་རྒྱ་ནག་ཁྲིན་ཏུ་གྲོང་གསེབ་གཅིག་གི་ནང་དུ་བཙོང་ཡོད་པ་ཤེས་རྟོགས་བྱུང་པར་འཕྲལ་དུ་བརྩད་བཅད་དེ་ནང་མི་ལྷན་འཛོམས་ཀྱི་སྐལ་བཟང་ཐོབ། སྐབས་དེར་ཕྲན་ལ་ཁ་པར་བརྒྱུད་དེ་སྐད་ཆ་བཤད་རྒྱུའི་གོ་སྐབས་བྱུང་ཡང་ཡིད་སྐྱོ་དགོས་པ་ཞིག་ལ་སྲིང་མོས་བོད་སྐད་ཡོངས་རྫོགས་བརྗེད་ཚར་ནས་གོ་བརྡ་ཁྱོན་ནས་མ་འཕྲོད་གཤིས། བཤད་འདོད་པའི་སྐད་ཆ་དག་ཡི་གེར་བྲིས་ནས་བསྐུར་བ་ཞིག་ཡིན།

ཨ་ཞེ་སྒྲོལ་མ་ལགས། (ཡུལ་སྐད་དུ་སྲིང་མོ་སྒྲོལ་མ་ཟེར)
དེ་རིང་གི་ཉི་མ་འདིར་སྲིང་མོ་ཁྱེད་ལ་བཤད་འདོད་པའི་སྐད་ཆ་ནི་ཡ་ཆུང་དུ་ཁྲོམ་ཚོགས་བཞིན་དུ་འཚང་ཀ་ཆེ་ལ་ཤྭ་འོད་བཞིན་དུ་ཤུགས་ཀྱིས་འཕྱུར་རུང་།
ཐོག་མར་ངས་་་། ཐོག་མར་ཨ་ཞེ་ཁྱོད་དགོངས་པ་མ་འཚོམས་རོགས་ཞུ་རྒྱུ་ཡིན། གང་ཡིན་ཟེར་ན།
ལྷག་བསམ་དང་། འགན་ཁུར། ལྟ་སྐྱོང་། འཇོན་ཐང་བཅས་མེད་པའི་གཅེན་པོ་ང་ལྟ་བུ་ཞིག་ཡོད་རྐྱེན།
ཁྱོད་ལ་ནམ་ཡང་བསབ་ཏུ་མེད་པའི་མི་ཚེའི་ཕམ་ཁ་འདི་མགོ་ཐོག་ཏུ་བབས་པ་རེད།