2013/10/07
2013/10/04
ཁ་ཆེའི་ཆོས་ལུགས། Islam
ཁ་ཆེའི་ཆོས་ལུགས། Islam
ཆོས་དང་ཆོས་པའི་སྒྲ་དོན།
ཁ་ཆེའི་ཆོས་ལ་“ཨེ་སུ་ལམ་” (Islam) ཟེར་ཞིང་དེའི་དོན་ནི་“དཀོན་མཆོག་གི་སྐྱབས་འོག་ཏུ་ཞུགས་ནས་ཁོང་གི་བཀའ་ལ་ཉན་པ་” (submission to will of the God and obedience to His Laws) ཞེས་པའི་དོན་དང་། ཚིག་གི་འབྱུང་ནི་ཨ་རབ་བྷིའི་ཐ་སྙད་དུ་“ས་ལེ་མ་”(Salema) ཞེས་ཞི་བ་དང་གཙང་བའི་དོན་སོགས་ལ་འཇུག་པ་དེ་ལས་བྱུང་བར་བཤད། ཡང་ཁ་ཆེ་བས་འཚམ་འདྲི་ཞུ་བའི་སྐབས་“ས་ལམ་” (Salam) སྟེ་བདེ་བར་གྱུར་ཅིག་ཅེས་བརྗོད་སྲོལ་ཡོད་པ་དེ་དང་ཡང་འབྲེལ་བ་ཡོད་པར་སྣང་། ང་ཚོ་བོད་པས་ནི་ཆོས་མིང་ཡུལ་གྱིས་འབོད་པ་སྟེ། རྒྱ་གར་“ཀ་ཤི་མིར་” (Kashmir) ཡུལ་ལ་“ཨེས་སུ་ལམ་”རྒྱ་ཆེར་དར་བས་ན་ཁ་ཆེ་ཞེས་འབོད་ཀྱི་ཡོད་པར་མངོན། མདོ་དོན་“ཨེ་སུ་ལམ་”ནི་ཆོས་ལུགས་ལ་གོ་བ་ལེན་རྒྱུ་དང་། “མུ་སུ་ལམ་”ཞེས་པ་ནི་གང་དེས་“ཨེ་སུ་ལམ་”གྱི་ཆོས་ལ་དད་གུས་བྱེད་མཁན་གྱི་གང་ཟག་ལ་གོ་བ་ལེན་རྒྱུ་དེའོ། །
«ཀ» དཀོན་མཆོག་གཅིག་བདེན།
སྤྱིར་ཁ་ཆེའི་བླ་ན་མེད་པའི་དཀོན་མཆོག་སྟེ་“ཨ་ལཱ་”(Aallah) ནི་གཅིག་བདེན་ཁེར་རྐྱང་གི་བདག་ཉིད་ཅན་ཏེ་གཉིས་དང་གསུམ་ལ་སོགས་པར་དབྱེར་མ་མཆིས་པ། ལྷ་ཚོགས་ཀྱི་ངོ་བོར་མ་གྲུབ་པའམ་འདུས་གྲུབ་མ་ཡིན་པ། གཟུགས་ཀྱི་རང་བཞིན་ལས་འདས་པ། མཐུ་རྩལ་ཡོངས་སུ་རྫོགས་པ་ཉིད། དེ་བཞིན་དུ་བཟང་བ་དང་། སྙིང་རྗེའི་བདག་ཉིད་ཅན། ཕན་བྱེད། བྱེད་པ་པོ། ཐམས་ཅད་མཁྱེན་པ། མཁྱེན་རབ་ཐམས་ཅད་པ། འཇིག་རྟེན་གྱི་སྟོན་པ། ཐོག་མར་གྱུར་པ། ཐ་མར་གྱུར་པ་ལ་སོགས་པའི་ཡོན་ཏན་དགུ་བཅུ་གོ་དགུའི་བདག་ཉིད་ཅན། འགྲོ་བ་མིའི་རིགས་ཐམས་ཅད་སྐྲུན་པ་པོ། ཡེ་ཤུ་བ་དང་། རྗེའུ་བ། ཁ་ཆེ་བ། ནང་པ། ཧིན་དྷུ་བ། ཆད་པར་སྨྲ་བ་ཚུན་ཆད་ཀྱིས་ཀྱང་ལྷག་པའི་ལྷ་རུ་གྱུར་པ། གང་གིས་ལྷ་དེ་བསྟེན་ཞིང་ལྷ་དེའི་སྡོང་གྲོགས་འཚོལ་ན། མཐར་ལྷ་དེས་ལམ་སྣ་འདྲེན་པར་བྱེད་པ་ཞིག་ཏུ་འདོད།
«ཁ» དཀོན་མཆོག་གི་ཕོ་ཉ་དང་བསླབ་བྱ་གཅིག་བདེན།
དཀོན་མཆོག་གིས་སྔ་ཕྱི་བར་གསུམ་དུ་ཕོ་ཉ་སྣ་ཚོགས་པ་ཞིག་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཁྲོད་བཏང་ཡོད་ལ། དེ་དག་གིས་བསྣམས་འོངས་བའི་གསུང་འཕྲིན་གྱི་སྙིང་དོན་གཅིག་ཅིང་བསླབ་པ་ཡང་གཅིག་ཏུ་ངེས་པར་བཤད། འོན་ཀྱང་མི་རྣམས་གོ་འཛོལ་ཤོར་བའི་དབང་གིས་འགྲེལ་བཤད་ལོག་པར་བྱས་ཏེ་གྲུབ་མཐའ་སྣ་ཚོགས་པ་ཞིག་བྱུང་ཡོད་མོད། དོན་དངོས་ཐོག་ཡེ་ཤུ་དང་རྗེའུ་ལ་སོགས་པའི་སྟོན་པ་ཡོངས་རྫོགས་དཀོན་མཆོག་གི་ཕོ་ཉ་ཉག་གཅིག་ཏུ་ངེས་པར་བཤད།
«ག» གསུང་གི་ཕོ་ཉ་སྟོན་པ།
དེ་བཞིན་དུ་སྟོན་པ་“མུ་ཧམྨད་” (Muhammad) དེ་ཉིད་དཀོན་མཆོག་གི་ཕོ་ཉ་གཙོ་བོ་ཞིག་དང་ཆེས་མཐའ་མཇུག་བ་དེ་ཡང་ཡིན་པར་བཤད། ལྷག་པར་དུ་ཁོང་ནི་ཡེ་ཤུ་ལ་སོགས་པའི་སྔོན་བྱོན་ཕོ་ཉ་བ་ཡོངས་རྫོགས་ནང་གི་གཙོ་བོ་དེ་ཡིན་ཞིང་སྔར་གྱི་གསུང་རབ་འདྲེས་ལྷད་ཅན་རྣམས་ལ་དག་ཐེར་མཛད་ཅིང་འགྲོ་བ་མིའི་ཁམས་སུ་དམ་པའི་གསུང་རབ་རྣམ་དག་དར་བར་མཛད་མཁན་དེ་ཡིན་ལ། “ཁུ་རན་” (Quran) གསུང་རབ་གསལ་བར་བྱེད་པ་པོ་དེ་ཡང་ཡིན་པར་བཤད། དེ་ལྟ་བུའི་སྟོན་པ་ཁོང་ནི་སྤྱི་ལོ་༥༧༠་ལོར་ཨ་རབ་ཀྱི་“མཀྑ་” (Macca) ཞེས་པར་སྐུ་འཁྲུངས་ཞིང་ཕྱུག་བདག་གི་བུ་མོ་ཞིག་དང་གཉེན་བསྒྲིགས། དགུང་ལོ་བཞི་བཅུ་ཟིན་སྐབས་ཁོང་གིས་ཁ་ཆེའི་ཆོས་ལུགས་གསར་གཏོད་བྱས་པར་གྲགས། །
«ང» འགྱུར་བ་མེད་པའི་གསུང་རྡོ་རྗེ།
ཆོས་ལུགས་འདིའི་གསུང་རབ་ཀྱི་གཙོ་བོ་ནི་“ཁུ་རན་” (Quran) སྟེ་དཀོན་མཆོག་གིས་སྟོན་པར་གནང་བའི་གདམས་ངག་ཡོངས་རྫོགས་ཕྱོགས་བསྡུས་བྱས་པའི་དམ་པའི་གསུང་རབས་ཤིག་ཡིན་པ་དང་། གསུང་རབ་དེ་དཀོན་མཆོག་ཉིད་ཀྱིས་སྟོན་པ་མུ་ཧམྨད་བརྒྱུད་དེ་ཕོ་ཉའི་གཙོ་བོ་“གབ་རི་ཨིལ་” (Gabriel) ལ་བསྟན། གསུང་དེའི་དགོངས་དོན་ནི་ལྷ་གཅིག་རང་བཞིན་དང་། ལྷ་དེ་བསྟན་ཚུལ། ཡང་དག་པའི་མི་ཚེའི་ལམ་བཅས་ཡིན་པ་རེད། དེར་བརྟེན་“ཁུ་རན་”གསུང་རབ་ནི་འགྱུར་བ་མེད་པའི་དཀོན་མཆོག་གི་རྡོ་རྗེའི་ཚིག་ཏུ་ཁས་ལེན་ཞིང་། ཁ་ཆེ་བའི་དམ་ཚིག་དང་བསླབ་བྱ་ཡང་དེ་ཉིད་ཏུ་འདུས་ཡོད་པར་བཤད། དེ་མིན་“ཧ་ཌི་ཐ” (Hadith) ཞེས་པའི་གསུང་རབ་དེ་ནི་སྟོན་པ་མུ་ཧམྨད་ཀྱིས་ཁུ་རན་ལ་གཞི་བཅོལ་ཏེ་ཉིན་རེའི་ཆོས་དང་མཐུན་པའི་ལག་ལེན་བྱེད་སྟངས་ཕྱོགས་བསྡུས་གནང་བ་ཞིག་ཡིན་པ་རེད།
«ཅ» མི་གཅིག་བདེན།
དཀོན་མཆོག་གི་བཀའ་ཁྲིམས་ནང་ལ་མི་རྣམས་འདྲ་མཉམ་དུ་བསྐྲུན་ཡོད་སྟབས། གཞན་ལས་ཁྱད་འཕགས་ཅན་གྱི་སྐྱེས་བུ་ཞེས་པ་ཞིག་གཏན་ནས་མེད་པར་འདོད། སྤྱིར་དཀོན་མཆོག་གིས་འགྲོ་བ་མི་ལ་རིགས་རུས་དང་། ཁ་དོག སྐད་རིགས། ལྟ་གྲུབ་སོགས་འདྲ་མིན་སྣ་ཚོགས་བཟོས་དོན་ནི། སྐྱེ་བོའི་ཁྲོད་ནས་སུ་བཟང་མིན་ལ་ཚོད་བགམ་པའི་ཕྱིར་དུ་བསྐྲུན་པར་འདོད་ལ། བཟང་ངན་དེ་ཡང་ཆོས་དད་ཆེ་ཆུང་དང་དྲང་བདེན་ཡིན་མིན་ལ་གོ་དགོས། འོན་ཀྱང་སུ་ཞིག་བཟང་མིན་དེ་ནི་གཞན་སུས་ཀྱང་མི་དཔོག་པར་དམ་པའི་དཀོན་མཆོག་ཁོ་ནས་མཁྱེན་པར་འདོད་པ་དེའོ། །
«ཆ» སྐྱེས་ཐོག་དག་པའི་མི།
སྐྱེས་ཐོག་དག་པའི་དོན་ནི་མི་རྣམས་ཐོག་མར་སྐྱེ་སྐབས་སྡིག་སྒྲིབ་ཀྱིས་མ་གོས་པར་དག་གཙང་ཡིན་པ་དང་། ན་ཚོད་ལོན་སྐབས་གཞི་ནས་ནོར་འཁྲུལ་ཤོར་ཏེ་སྡིག་པ་གསོག་གི་ཡོད་པར་འདོད་ལ། གང་ཟག་གཞན་གྱི་སྡིག་པ་ལ་རང་ཉིད་ཀྱིས་འགན་ཁུར་ཡོད་མེད་གང་ལྟར་ཡང་། སྙིང་ནས་འགྱོད་བཤགས་བྱེད་དུ་ཡོད་པར་འདོད། བཤད་སྟངས་འདིར་སྐྱེ་སྔོན་མ་ཞིག་ཁས་ལེན་གྱི་གསལ་འདུག་པར་སེམས།
«ཇ» སྤྲུལ་པའི་ཕོ་ཉ་དང་།
ཕོ་ཉ་དེ་ནི་མི་མངོན་པའི་སྤྲུལ་པའི་གང་ཟག་ཅིག་སྟེ་དཀོན་མཆོག་གིས་བཟོས་པའི་འཇིག་རྟེན་ཁམས་ཀྱི་“ལྷའི་ཕོ་ཉ་” (Angel) ཁྱད་པར་བ་ཞིག་ཡིན་པར་གྲགས། དཀོན་མཆོག་གིས་འདི་བཟོ་སྐབས་གློག་ལས་བཟོས་པ་དང་། “ཇིནྣ་” (Jinn) གྱི་རིགས་ནི་དུ་བ་མེད་པའི་མེ་ལས་བཟོས། དེ་བཞིན་ང་ཚོ་མི་ནི་འདམ་བག་ལས་བཟོས་ཚུལ་ཁུ་རན་ལས་བཤད་ཡོད་ལ། “ཇིནྣ་”ནི་མིས་འཐོང་དུ་མི་རུང་བའི་སེམས་ཅན་གང་ཞིག་ལ་ལྷ་བདུད་རང་བཞིན་བ་གསུམ་ཁ་ཡོད་པའི་རིགས་ཤིག་ཡིན་པར་འདོད་འདུག་པས་ཕྲ་བའི་གཟུགས་ཅན་ནམ། ཡིད་ལུས་པའི་ཁོངས་སུ་གཏོགས་ཆོག་གམ།
«ཉ» ཐག་བཅོད་ཀྱི་ཉིན་མོ།
“ཐག་བཅོད་ཀྱི་ཉིན་མོ་” (Day of judgement) ནི་འཇིག་རྟེན་འདིར་འཚོ་བའི་ཉིན་ཐ་མའི་ཚུན་ཆད་དུ་ལོ་རྒྱུས་ཁྲོད་བྱུང་བའི་འགྲོ་བ་མིའི་རིགས་ཡོད་དོ་ཅོག་ལ་དཀོན་མཆོག་གིས་གཟིགས་བཟོས་བསྩལ་བ་དང་ཉེས་ཆད་གཅོད་པའི་ལམ་ནས་ཐག་གཅོད་བྱེད་ཅེས་བཤད་ཡོད། ཝི་ཀེ་རིག་མཛོད་ལ། “ཐག་གཅོད་ཀྱི་ཉིན་མོ་ནི་དཀོན་མཆོག་གིས་འགྲོ་བ་མིའི་རིགས་ལ་ཐ་མའི་ཁྲིམས་ཐག་གཅོད་པར་ཡིད་ཆེས་བྱེད་པ་ཞིག་ཡིན། དེའི་ཚུལ་ནི་རིམ་བཞིན་སེམས་ཅན་ཡོད་ཚད་རྩ་སྟོང་དུ་འགྲོ་བ་དང་། ཕུང་པོ་ལ་འདས་ལོག་འབྱུང་བ་དང་། སེམས་ཅན་ཡོད་ཚད་ལ་ཁྲིམས་ཐག་གཅོད་པ་བཅས་སོ། །སྐབས་དེར་གང་དུ་གནས་པའི་འགྲོ་བ་ཚང་མའི་རང་གི་བྱ་སྤྱོད་དང་རྣམ་འགྱུར་ལྟར་ཐག་གཅོད་ཁྲིམས་ལྟར་བྱེད། དེ་ཡང་དྲང་བདེན་ཡིན་མིན་མི་གཙོ་བར་དཀོན་ཅོག་ལ་ཡིད་ཆེས་ཡོད་མེད་གཙོ། དེ་དུས་ཚོད་ནམ་ཞིག་ལ་འབྱུང་མིན་མི་ཤེས།” ཞེས་འཁོད།
«ཏ» ཐར་པ་དམ་པ།
ད་དུང་གལ་ཆེ་བ་གཅིག་སྟེ་ཐར་པའི་གོ་འཕང་ཡང་ཐག་གཅོད་འདིའི་ནང་དུ་ཚུད་ཡོད་པ་འདྲ་སྟེ་གང་དག་གིས་དཀོན་མཆོག་ལ་ཡིད་ཆེས་དྲག་པོས་ཁ་ཆེའི་ཆོས་བསྒྲུབས་ན་འཆི་བའི་སྐབས་དཀོན་མཆོག་གིས་འཆི་བ་མེད་པའི་སྐྱེ་བ་གསར་པ་ཞིག་གི་དངོས་གྲུབ་སྩལ་བར་བཤད་ཡོད་པ་སྟེ། དེ་ནི་གདོན་མི་ཟ་བར་ཨ་ལཱའི་སྐུ་དྲུང་དུ་སྐྱེ་བའི་སྐབས་དེ་ཡིན་པ་རེད།
«ཐ» ལུགས་གཉིས་གཅིག་འཇུག
ཁ་ཆེའི་ཆོས་ནི་ཚེ་གང་གི་བྱ་གཞག་ཀུན་ལ་ཁྱབ་དགོས་པ་སྟེ། ཁ་ཆེའི་ཆོས་འཆད་སྤེལ་ནི་ཆབ་སྲིད་དང་ཁ་འབྲལ་ཐབས་མེད་པ་དཔེར་ན། དངོས་དོན་ཡིན་མིན་དང་། སྐབས་སུ་བབ་མིན་ལ་མི་ལྟོས་པར་ཡོད་ཚད་ཆུ་བརྒྱ་ཟམ་ཆུད་ལྟར་དཀོན་མཆོག་གི་བཀའ་གསུང་འོག་ཏུ་འཇུག་དགོས་ལ། དེ་བཞིན་དཔལ་འབྱོར་དང་། ཚོང་ལས། ཤེས་ཡོན། ཆབ་སྲིད་ཀྱི་ལམ་སྲོལ་ཐམས་ཅད་ཀྱང་ཁ་ཆེའི་ཆོས་ཀྱི་སློབ་གསོ་ལས་འདའ་མི་རུང་བར་འདོད།
«ད» ཆོས་ཉམས་སུ་ལེན་ཕྱོགས།
འདིར་ཁ་ཆེའི་ཆོས་ཉམས་ལེན་ཀྱི་རིམ་པ་ལ་“ཀ་བ་ལྔ་”ཞེས་གྲགས་པ་དག་བསྡུས་ཙམ་ཞུས་ན།
དང་པོ།
སྐྱབས་འགྲོའམ་དམ་བཅའ། བློ་གཅིག་སེམས་གཅིག་གིས་དཀོན་མཆོག་ནི་ཨ་ལཱ་གཅིག་ཁོ་ན་དང་མོ་ཧ་མ་དྷུ་ནི་དཀོན་མཆོག་གི་ཕོ་ཉ་ཡིན་པར་ཁས་ལེན་ཞིང་མནའ་སྐྱེལ་དམ་འཇོག་བྱེད་པ་སྟེ་ནང་པའི་སྐྱབས་འགྲོའམ། སྡོམ་པ་འབུལ་བའི་ཚོད་ལྟ་བུ་ཞིག་ཡིན་པ་འདྲ།
གཉིས་པ།
གསོལ་འདེབས། ཁ་ཆེ་བས་ཉིན་རེར་ལན་ལྔ་རེ་སྒྲུབ་དགོས་པའི་གསོལ་བ་སྨོན་ལམ་འདེབས་པའི་ཆོས་སྤྱོད་ཀྱི་རིམ་པ་ཞིག་གོ །
གསུམ་པ།
སྨྱུང་གནས། ཁ་ཆེའི་ཟླ་བ་དགུ་པ་ནི་“ར་མ་དྷན་” (Ramadan) སྨྱུང་གནས་ཟླ་བ་སྟེ། སྐབས་དེར་ཆོས་ཉམས་ལེན་པ་ཚོས་ཞོགས་ཐོ་རེངས་ནས་དགོང་ཉི་ནུབ་བར་ཟས་སྐོམ་འཁྲིག་གསུམ་སྤོང་བའོ། །
བཞི་པ།
དག་པའི་དཔྱ་ཁྲལ། ཁ་ཆེ་བའི་རྒྱུ་ནོར་གྱི་བརྒྱ་ཆ་ལ་གཞིགས་པའི་ལོ་རེའི་དཔྱ་ཁྲལ་བསྡུས་ཏེ་ཉམས་ཐག་དང་དགོས་ངེས་པའི་ཡུལ་ལ་གཏོང་བའི་མཆོད་སྦྱིན་ཏེ། དཔེར་ན་ཉེ་སྔོན་ཨ་རིས་ཨེ་ར་ཁུ་ལ་དམག་རྒྱག་སྐབས་རྒྱ་ཁ་ཆེ་ཧུ་རིགས་དག་གིས་ཞལ་འདེབས་བསྡུས་ཏེ་ཨི་རག་ཡུལ་དུ་བཏང་བ་ལྟ་བུ་ཡིན་འདུག
ལྔ་པ།
གནས་སྐོར། གལ་ཏེ་མི་ལུས་དོན་དང་ལྡན་པ་ཞིག་བྱ་འདོད་ན། མི་ཚེའི་ནང་སྟོན་པ་མོ་ཧ་མ་དྷུ་འཁྲུངས་སའི་“མ་ཁཱའི་གནས་ཆེན་སྐོར”དུ་ལན་གཅིག་སླེབས་དགོས་པའི་ལུགས་སྲོལ་དེ་རེད། གནས་དེ་ནི་“སཱོ་དྷི་ཨ་རབ་བྷི་ཡ་” (Saudi Arabia) ལ་ཡོད་པ་དང་། ཞོར་དུ་ཆོས་དཔོན་ཨེ་བྷུ་ར་ཧམ་གྱིས་རང་གི་བུ་ཨེ་སཱག་ལྷ་ལ་དམར་མཆོད་ཕུལ་བའི་མཛད་ཆེན་ཡང་དྲན་གསོ་བྱེད་ཆོག་གི་ཡོད། དེ་མིན་ཕག་ཤ་མི་ཟ་བ་དང་ཆུང་མ་མང་བསྟེན་སོགས་ཀྱི་རིགས་སྣ་ཆོགས་པ་ཞིག་ཡོད་ཀྱང་འདིར་སྨོས་ཀྱིས་མི་ལང་།
«ན» དུས་ཆེན་སྲུང་བརྩི།
ཁ་ཆེ་ལ་མཆོད་འབུལ་དུས་ཆེན་དང་སྨྱུང་གནས་དུས་ཆེན་ཏེ། དུས་ཆེན་ཆེ་ཁག་གཉིས་ཡོད་པ་རེད། དང་པོ་ནི་ཁ་ཆེའི་ཟླ་བ་༡༢་ཚེས་པ་༡༠་ནས་ཚེས་༡༣་བར་ཉིན་གསུམ་གྱི་རིང་སྟེ། དེ་ནི་སྟོན་པ་ཨེ་བྷུ་ར་ཧམ་གྱིས་རང་གི་བུ་དམར་མཆོད་དུ་ཕུལ་བའི་དྲན་གསོའི་དུས་ཆེན་ཡིན་པ་རེད། སྨྱུང་གནས་དུས་ཆེན་གོང་དུ་ཀ་བ་ལྔའི་ཁོངས་སུ་ཞུས་ཟིན་པ་དེའོ། །དེ་མིན་རེས་གཟའ་པ་སངས་དེ་ཡང་གལ་ཆེན་དུ་བརྩི་བ་སྟེ། གང་ལགས་ཤེ་ན་མ་འོངས་པར་དཀོན་མཆོག་གིས་རེས་གཟའ་པ་སངས་ཞིག་ལ་“ཐག་གཅོད་ཉིན་མོ”ཞེས་པ་དེ་གནང་བར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་ས་གནས་སོ་སོའི་ཁ་ཆེ་བ་དག་རེས་གཟའ་པ་སངས་ཉིན་རྒྱབ་ལྷན་དུ་འཛོམས་ཏེ་ཕྱག་འཆོད་དང་ཆོས་དཔོན་གྱིས་ཆོས་བཤད་ཀྱང་གནང་སྲོལ་ཡོད་པ་རེད།
«པ» ཁ་ཆེའི་ཕྱག་ཁང་ངམ་ལྷ་ཁང་།
ཁ་ཆེ་བས་མཆོད་འབུལ་ཞུ་གནས་ལྷ་ཁང་ལ་“མོ་སུ་ཁཱུ་” (Mosque) ཞེས་འབོད་ཅིང་དེའི་ནང་དུ་ཨ་ལཱ་གཟུགས་མེད་ཀྱི་རང་བཞིན་ཡིན་ཕྱིར་ལྷ་སྐུ་སོགས་སྒྲིག་སྲོལ་མེད། སྤྱིར་འཛམ་གླིང་འདིར་ཕྱག་ཁང་རྩ་ཆེན་གསུམ་བརྩི་སྲོལ་ཡོད་པ་སྟེ། དང་པོ། “མ་ཁཱའི་ཡུལ་གྱི་ཀཱ་བ་མཆོད་ཁང་” (Kaaba in Mecca) གཉིས་པ། མ་ཁཱའི་ནུབ་ཕྱོགས་ཀྱི་མེ་དི་ན་ (Medina) ཞེས་པའི་ཡུལ་གྱི་སྟོན་པ་མོ་ཧ་མ་དྷུའི་ཁུ་བྷ་མཆོད་ཁང་ (Quba Mosque) གསུམ་པ། ཨེས་སུ་རལ་གྱི་“ཇེར་རུ་ས་ལེམ་” (Jerusalem) ཞེས་པའི་ཡུལ་དུ་ཡོད་པའི་“ཨལ་ཨཁ་ས་མཆོད་ཁང་” (al-Aqsa Mosque) བཅས་ཡིན་པ་རེད། སྤྱིར་ཁ་ཆེ་བས་རང་ཉིད་ཚོང་ཁང་དང་དམག་སྒར་སོགས་གནས་གང་ཞིག་ཏུ་ཡོད་ཀྱང་ཕྱག་མཆོད་བྱེད་ཆོག་གི་ཡོད་པ་རེད།
«ཕ» ཆོས་རྒྱུད།
ཁ་ཆེའི་ཆོས་བརྒྱུད་ལ་རིགས་མི་འདྲ་དུ་མ་ཡོད་ཀྱང་གཙོ་ཁག་གསུམ་སྟེ།
དང་པོ།
“སུན་ནི་རིང་ལུགས་” (Sunnism) ནི། ཁ་ཆེའི་ཁྲི་འཛིན་ཐོག་མ་བཞི་པོ་དེ་སྟོན་པ་མོ་ཧ་མ་དྷུའི་རྒྱལ་ཚབ་དངོས་ཡིན་པར་ཁས་ལེན་མཁན་གྱི་བརྒྱུད་པ་སྟེ་ཁོང་ཚོས་གདུང་བརྒྱུད་མི་འདེད་པའོ། །
གཉིས་པ།
“ཤའི་ཊེ” (Shiite) ཆོས་བརྒྱུད་ནི་སྟོན་པ་མུ་ཧམྨད་ཀྱི་བུ་མོ་“ཧྥ་ཊི་མཱ་་ཛ་ར་” (Fatimah Zara) དང་ཚ་བོ་“ཧུ་སེ་ཨིན་་ཨིབྣ་ཨ་ལི་”(Hussein Ibn Ali)སོགས་གདུང་བརྒྱུད་རྒྱལ་ཚབ་ཏུ་འདོད་མཁན་ཏེ། ཧུ་སཱན་ཨ་ལི་རྒྱལ་ཚབ་དངོས་དང་གཞན་གསུམ་ཁས་མི་ལེན་པའི་རིགས་སོ། །འདི་གཉིས་ཁ་གྱེས་ཚུལ་ནི་སྟོན་པ་མུ་ཧམྨད་སྐུ་གཤེགས་རྗེས་སྤྱི་ལོ་༦༣༢་ལོར་ནས་བཟུང་༦༨༠་ “ཀ་བྷ་ལ་” (Kabala) ཡི་དམག་འཁྲུག་གི་བར་དུ་ཤའི་ཊེ་རིང་ལུགས་འགོ་བཙུགས་པའི་དུས་སྐབས་ཡིན་པར་བཤད་ཡོད། ཀ་བྷ་ལའི་དམག་འཁྲུག་ནི་རྗེས་འཛིན་པ་གསུམ་པ་“ཡ་ཛིད་དང་པོ་” (Yazid I) དང་སྟོན་པའི་ཚ་བོ་ཨ་ལི་གཉིས་ཀྱི་དབར་དུ་བྱུང་བའི་དབང་ཆའི་འཐབ་འཁྲུག་ཅིག་ཡིན་པ་རེད། སྐབས་དེར་ཚ་བོ་ཨ་ལི་རྗེས་འབྲང་དང་བཅས་པས་ཡ་ཛིད་དང་པོ་རྗེས་འཛིན་པར་ཁས་མ་བླངས་པའི་རྐྱེན་གྱིས་དམག་འཁྲུག་དངོས་སུ་ཤོར། དམག་སྟོབས་ཆེ་ཆུང་དབང་གིས་གཡུལ་ཐོག་དེར་ཨ་ལི་དཔུང་དང་བཅས་པ་ཐ་ན་ཟླ་བ་དྲུག་ལས་མ་ལོན་པའི་བུ་ཆུང་ཚུན་ཆད་དམར་གསོད་བཏང་ཡོད་པ་རེད། གཡུག་འཁྲུག་འབྱུང་ཡུལ་དེ་“ཨི་རན་” (Iran) དང་འཁྲུག་ཡུན་ཉིན་བཅུ་ཡིན་པར་བཤད། ཡིན་ནའང་ཤའི་ཊེ་ཆོས་ལུགས་དངོས་དེ་“ཨི་དྲི་སིད་རྒྱལ་རྒྱུད་” (Idrisid dynasty) (780–974) དེ་ཨ་ལི་ཧ་སཱན་གྱི་ཡང་ཚའི་རྒྱལ་བརྒྱུད་ནས་བྱུང་བ་ཡིན་པ་རེད།
གསུམ་པ།
“སུ་ཧྥི་རིང་ལུགས་པ་” (Sufism) ནི་ཁ་ཆེ་གཞན་དང་མི་འདྲ་བར་དཀོན་མཆོག་བརྒྱུད་པ་དང་བཅས་པས་གནང་བའི་གདམས་ངག་ཉམས་སུ་ལེན་པ་ལ་དཀོག་མཆོག་གིས་ཁོང་ཅག་དཀོན་མཆོག་ཏུ་གཟིགས་ཀྱང་ཁོང་ཚོས་རང་ཉིད་དཀོན་མཆོག་ཏུ་ད་རུང་མཐོང་མེད། གལ་ཏེ་རང་སེམས་ཀྱི་ངོ་བོ་དཀོན་མཆོག་ཏུ་ཤེས་པའི་གདིང་ཐོག་ནས་ཉམས་སུ་ལེན་པ་ནི་དོན་དམ་པའི་ཁ་ཆེ་དེ་ཡིན་པར་འདོད། ཆོས་ལུགས་འདི་ཐོག་མར་དུས་རབས་དགུ་པ་བཅུ་པའི་ནང་ཨ་རབ་ཕྱི་ལོགས་ནས་བྱུང་ཞིང་། དམིགས་བསལ་སྟག་གཟིག་ཡུལ་དུ་དུས་རབས་༡༢པའི་ནང་ལ་ལུགས་འདི་འཕེལ་རྒྱས་སོང་ཡོད་ལ་དུས་རབས་༡༣་ནས་༡༦་བར་དུ་དེ་ལས་ཀྱང་དར་རྒྱས་སོང་ཚུལ་འདུག
«བ» ཆོས་དར་ཁྱབ་བྱུང་ཚུལ།
ཁ་ཆེའི་ཆོས་ནི་སྤྱི་ལོ་༦༠༠་ནང་སྐོར་ཞིག་ལ་ཨེ་ཤི་ཡ་དང་ཨ་རབ་བྱེ་ཐང་ཁུལ་དུ་དཀོན་མཆོག་གི་ཕོ་ཉ་བ་སྟོན་པ་མུ་ཧམྨད་ཀྱིས་གསར་གཏོད་བྱས། མ་འགྱངས་བར་ཨེ་ཤི་ཡའི་ཤར་ཕྱོགས་དང་། ཡོ་རོབ་དབུས་ཁུལ། ཨ་ཧྥི་རི་ཁའི་ནུབ་ཁུལ་བཅས་ལ་དར་ཁྱབ་སོང་། དམིགས་བསལ་དུ་ལོ་ངོ་སུམ་ཅུ་ཙམ་མ་འགོར་བར་ཁ་ཆེའི་ཆོས་འདི་ཨ་རབ་ཀྱི་ཉེ་བའི་གླིང་ཕྲན་ནང་མྱུར་མགྱོགས་ཀྱིས་དར་ཁྱབ་བྱུང་ཡོད་ལ། དེ་བཞིན་“སྟག་གཟིག་” (Persian) དང་“རོ་མན་རྒྱལ་པོའི་” (Roman Empires) མངའ་ཁུལ་དག་ཁ་ཆེའི་དཔུང་གིས་དབང་དུ་བསྡུས། དེའི་རྗེས་ཀྱི་དུས་རབས་ཁ་ཤས་ནང་ཁ་ཆེའི་ཆོས་དེ་“རྒྱ་གར་” (India) ཤར་ཕྱོགས་དང་“སུ་པན་” (Spain) ནུབ་ཕྱོགས་ཀྱི་བར་དུ་ཁྱབ་ཡོད་པ་མ་ཟད། ཚོང་འགྲུལ་བ་དག་བརྒྱུད་ནས་ལྷོ་ཤར་ཨེ་ཤི་ཡའི་མངའ་ཁུལ་ལ་མུ་མཐུད་ནས་ཁྱབ་ཡོད་པ་སྟེ། དཔེར་ན་དེང་གི་ཁ་ཆེའི་རྒྱལ་ཁབ་ཆེ་ཤོས་“ཨིན་ཌོ་ནེ་ཤི་ཡ་” (Indonesia) ལ་ཨ་རབ་ཀྱི་ཚོང་པ་དག་བརྒྱུད་དེ་ཁ་ཆེའི་ཆོས་འབྱོར་སོང་བ་ལྟ་བུ་རེད།
དེ་རྗེས་ཚན་རིག་གི་དུས་སྐབས་དེ། རྩིས་ཀྱི་རིག་པ། གྲངས་རིག་པ། གནམ་དཔྱད་རིག་པ། གསོ་བ་རིག་པ། དངོས་ཁམས་རིག་པས་མཚོན་པས་དེང་གི་རིག་གནས་མང་པོ་ཞིག་འཕེལ་རྒྱས་སོང་བའི་སྐབས་སུའང་ཁ་ཆེའི་ལམ་སྲོལ་ནི་རྩེ་མོར་གནས་ཡོད་པ་སྟེ། དེང་སང་སྤྱོད་བཞིན་པའི་ཁ་ཆེའི་ཆོས་འདི་སྐབས་དེའི་ཁ་ཆེའི་མཁས་པའི་ལམ་སྲོལ་གྱི་རྨང་མ་ཉམས་པ་ལ་བརྟེན་ནས་བྱུང་ཡོད་པ་རེད། གང་ལྟར་དེང་སང་ཁ་ཆེའི་ཆོས་ནི་འཛམ་གླིང་ནང་གི་འཕེལ་རྒྱས་འགྲོ་མགྱོགས་ཤོས་དེ་ཡིན་པས་དེང་གི་ཆར་འཛམ་གླིང་རྒྱལ་ཁབ་ཁག་ལས། ཁ་ཆེ་བའི་མི་འབོར་བརྒྱ་ཆ་༣༠%་ཡན་ཆོད་ཟིན་པའི་རྒྱལ་ཁབ་ལྔ་བཅུ་ང་བདུན་དང་། འཇིག་རྟེན་ཁྱོན་ཡོངས་ཀྱི་ཁ་ཆེའི་མི་འབོར་བརྒྱ་ཆ་༢༦.༠༢% ཟིན་ཡོད་ལ། མི་གྲངས་དུང་ཕྱུར་ཉི་ཤུ་དང། བྱེ་བ་ལྔ། ས་ཡ་མེད། འབུམ་མེད། བརྒྱད་ཁྲི། ལྔ་སྟོང་སུམ་བརྒྱ་ཞེ་བདུན་ཙམ་ཡོད་པ་རེད།
ཁ་ཆེའི་མི་འབོར་རེའུ་མིག
ཨེ་ཤ་ཡ།
དང་པོ། དབུས་ཨ་ཤི་ཡར་ཁ་ཆེ་མི་འབོར་༦༦༨༨༤༡༦༤་དང་བརྒྱ་ཆ་༩༠.༦%ཡོད་པ་དང་།
གཉིས་པ། ཤར་ཨེ་ཤི་ཡར་མི་གྲངས་༣༠༩༧༧༡༥༠་དང་བརྒྱ་ཆ་༣་.༡༣%
གསུམ་པ། ལྷོ་ཨེ་ཤི་ཡར་མི་འབོར་༦༠༡༩༣༩༤༡༧་བརྒྱ་ཆ་༣༢.༤༣%
བཞི་པ། ཤར་ལྷོ་ཨེ་ཤི་ཡར་མི་འབོར་༢༧༧༣༤༦༣༧༨་དང་བརྒྱ་ཆ་༤༠.༨%
ལྔ་པ། ནུབ་ཨེ་ཤི་ཡར་མི་འབོར་༣༢༦༨༦༩༡༥༡་དང་བརྒྱ་ཆ་༧༩.༤༥% བཅས།
ཁྱོན་བསྡོམས་ཁ་ཆེ་མི་འབོར་༥༤༢༢༧༠༩༩༢༩་ཙམ་ཡོད།
ཨ་ཧྥི་རི་ཁ།
དེ་བཞིན་ཨ་ཧྥི་རི་ཁའི་གླིང་ལ་མི་ཁ་ཆེའི་གྲངས་འབོར་།
བྱང་ཨ་ཧྥི་རི་ཁར་༢༣༩༠༥༨༤༦༥་དང་བརྒྱ་ཆ་༩༣.༠༨%
ནུབ་ཨ་ཧྥི་རི་ཁར་༨༠༢༠༧༤༨༡་དང་བརྒྱ་ཆ་༥༥.༢༠%
ཨ་ཧྥི་རི་ཁ་དཀྱིལ་སྟོད་ལ་༡༢༩༧༧༦༤༣༣་དང་བརྒྱ་ཆ་༤༤.༥༥%
ཨ་ཧྥི་རི་ཁའི་རྭ་ལ་༥༦༩༠༩༥༠༨་དང་བརྒྱ་ཆ་༣༨.༩༨%
ཨ་ཧྥི་རི་ཁ་དཀྱིལ་སྨད་ལ་༢༥༥༦༥༢༨༠་དང་བརྒྱ་ཆ་༡༡.༡༨%
ཨ་ཧྥི་རི་ཁའི་ཤར་གྱི་མཚོ་གླིང་༡༥༨༠༡༤༨་དང་བརྒྱ་ཆ་༥.༢༤%
ལྷོ་རྒྱུད་ཨ་ཧྥི་རི་ཁ་༩༡༧༣༦༡༤་དང་བརྒྱ་ཆ་༥.༣༦%
འདིར་བཀོད་པའི་འཛམ་གླིང་ཁྱོན་ཡོངས་ཀྱི་ཁ་ཆེའི་མི་འབོར་གྱི་བརྒྱ་ཆ་དེ་ཕྱི་ལོ་༡༩༥༠་ལོའི་བརྒྱ་ཆ་༡༧%་ནས་ཕྱི་ལོ་༢༠༢༠་ལོའི་བར་དུ་བརྒྱ་ཆ་༢༦%་ལ་བརྟན་པོར་འཕེལ་ཡོད། ཕྱོགས་མཚུངས་ཨ་ཧྥེ་རི་ཁའི་ཁ་ཆེའི་མི་འབོར་ཡང་ཕྱི་ལོ་༡༩༥༠་ལོའི་མི་གྲངས་ས་ཡ་༢༢༧་ནས་ཕྱི་ལོ་༢༠༢༠་ལོའི་བར་དུ་མི་གྲངས་ས་ཡ་༡༣༠༢་ལ་འཕེལ་ཡོད་ཀྱང་། ཨ་ཧྥེ་རི་ཁའི་ཁྱོན་ཡོངས་ཀྱི་ཁ་ཆེའི་མི་འབོར་གྱི་བརྒྱ་ཆ་དེ་ཕྱི་ལོ་༡༩༥༠་ལོའི་བརྒྱ་ཆ་༤༤%་ཡོད་པ་ནས་ཕྱི་ལོ་༢༠༢༠ ལོའི་བར་དུ་བརྒྱ་ཆ་༤༡%་བར་དུ་མར་ཟག་ཡོད།ཡོ་རོབ་གླིང་།
ཡོ་རོབ་གླིང་ལ་ཁ་ཆེའི་མི་འབོར་༤༢༧༠༦༧༤༧་དང་བརྒྱ་ཆ་༥.༧༦%ཡོད། སྤྱིར་ཡོ་རོབ་ལའང་གླིང་གཞན་ལྟར་ལྷོ་བྱང་སོགས་ས་ཁུལ་དབྱེ་ཞིབ་བྱས་ཏེ་ཁ་ཆེའི་མི་འབོར་ཞིབ་མོར་བརྩིས་འདུག་ཀྱང་། རྩ་བའི་ཆ་ནས་ཡོ་རོབ་གླིང་གི་རྒྱལ་ཁབ་ལས་ན་ཨ་ཛེར་བཻ་ཇམ་དང་ཏུརྐེས་ལྟ་ཁ་ཤས་མ་གཏོགས་མང་ཤོས་གྲས་ལའང་ཁ་ཆེའི་མི་འབོར་བརྒྱ་ཆ་བཅུ་ལས་ཉུང་བས་ཕྱོགས་ཙམ་བརྩིས་པ་ལགས།
ཨ་རིའི་གླིང་།
ཨ་རི་ལྷོ་བྱང་གཉིས་ལ་བསྡོམས་པས་ཁ་ཆེའི་མི་འབོར་༩༩༣༡༨༡༢་དང་བརྒྱ་ཆ་༠་༩༤་ཡིན་པར་འཁོད་པས་ཧ་ཅང་ཉུང་། འདི་ཡང་གོང་ལྟར་ཧི་ཏི་ལྟ་བུ་རྒྱལ་ཁབ་ཆུང་ངུ་ཁ་ཤལ་ལ་ཁ་ཆེ་བརྒྱ་ཆ་བཅུ་ལས་བརྒལ་བ་ཡོད་པ་ལས། གཞན་དག་ལ་རྩ་བའི་ཆ་ནས་མང་ཤོས་གྲས་ལའང་ཁ་ཆེའི་མི་འབོར་བརྒྱ་ཆ་ལྔ་ལས་ཉུང་བས་ཕྱོགས་ཙམ་བརྩིས་པ་ལགས།
འཇིག་རྟེན་ཧྲིལ་པོར།
འཇིག་རྟེན་ཧྲིལ་པོར་ཁ་ཆེའི་མི་འབོར་༢༠༥༠༠༨༥༣༤༧་དང་བརྒྱ་ཆ་༢༦.༠༢% ཡོད་པར་འཁོད། «༢༠༢༠་ལོར་བསྐྱར་ཞིབ་འདི་༡༩༥༠་ནས་༢༠༢༠་བར་གྱི་ཁ་ཆེ་འི་མི་འབོར་» (Muslim Population in the Americas: 1950 –
2020) ཞེས་པའི་ཆེད་རྩོམ་ལས་དྲངས།
མཇུག་གི་གཏམ།
ཕྲན་ནས་ཁ་ཆེའི་ཆོས་སྐོར་ཉུང་བསྡུས་འདི་འབྲི་དོན་ནི། ཆོས་འདི་ཉམས་སུ་ལེན་འདོད་པས་མིན་ལ་གཞན་ལ་སྤེལ་འདོད་པས་དེ་བས་མིན། འདི་ནི་བདག་གི་གྲོགས་པོ་ཞིག་གིས་ཁ་ཆེའི་ཆོས་སྐོར་ལ་དྲི་བ་དྲིས་པར་ལན་ལྡོན་མ་ནུས་པའི་གནོང་ལྟ་བུ་ཞིག་གིས་རྐྱེན་བྱས་ཏེ་ཁ་ཆེའི་ཆོས་ལ་རྒྱུས་ལོན་ཅུང་ཟད་བྱ་འདོད་པས་བྲིས་པ་ཙམ་ལགས། སྤྱིར་ན་ང་ཁ་ཆེ་བ་མིན་པས་ཁ་ཆེའི་ཆོས་ཤེས་དགོས་པའི་འོས་བབ་མེད་རུང་། གཅིག་ཏུ་ན། འདིའང་མ་མཐར་རིག་གནས་ཤིག་གི་ཁོངས་སུ་གཏོགས་འདུག་ལ། ལྷག་དོན་དུ་འཛམ་གླིང་མི་དམངས་དུས་ཕྱུར་བཅུ་དྲུག་ལྷག་གིས་ཉམས་སུ་ལེན་རྒྱུའི་ཆོས་ཤིག་ཡིན་པས་རྒྱུས་ལོན་ཙམ་བྱེད་རིན་ཡོད་པར་བསམས་ནས་བྲིས།
ཁྱུང་པོ་བ་ཨོ་རྒྱན་རིག་འཛིན། ༢༠༡༣། ༡༠། ༤།
༢༠༢༤། ༥།༣༠ བསྐྱར་ཞིབ་བྱས།
2013/08/21
པ་ཀི་སྠན་ནང་གི་བོད་རིགས།
དེ་ཡང་ལོ་གཉིས་སྔོན་གྱི་སོས་ཀའི་ཞོགས་པ་ཞིག་ལ་རྒྱ་གར་དུས་བབ་གསར་ཤོག་སྟེང་དུ་མིང་ལ་ཁུ་ལོ་ཌི་ཞུ་བ་ཞིག་གིས་''བོད་ཡིག་གི་འབྲི་རྒྱུན་པ་ཀི་སི་ཐན་དུ་བསྐྱར་ལོག་བརྒྱབས་པ་''ཞེས་འགོ་བརྗོད་དུ་བཀོད་དེ་པ་ཀི་སི་ཐན་གྱི་མངའ་འོག་ན་ཡོད་པའི་
2013/08/16
རྒྱ་གར་རང་བཙན།
རྒྱ་གར་རང་བཙན་བླངས་ཚུལ་མདོར་བསྡུས། དུས་རབས་བཅུ་དགུ་པའི་ནང་རྒྱ་གར་ནི་ཞིང་པའི་སྤྱི་ཚོགས་ཤིག་ཡིན་ཞིང་སྐབས་དེར་སོ་མ་ར་ཛ་དང་། སྲིན་བལ་གྱི་རྒྱུ་ཆ། ཇ། ཚིག་ཇ་དག་དབྱིན་ཇིར་ཕྱིར་ཚོང་བྱེད་པ་དང་ཚུར་ལ་རས་ཆས་མཚོན་པའི་བཟོ་ལས་དངོས་རྫས་ནང་འདྲེན་བྱེད་ཀྱིན་ཡོད་པ་རེད། དུས་རབས་ ༢༠ མགོ་སྟོད་ནས་བཟུང་རྒྱ་གར་གྱི་བཟོ་གྲྭས་ཀྱང་བཟོ་ལས་ཐོན་སྐྱེད་མགོ་བཙུགས་ཡོད། དུས་སྐབས་དེར་དབྱིན་ཇི་དེ་འཛམ་གླིང་སྟོབས་ཅན་རྒྱལ་ཁབས་ཨང་དང་པོའི་ས་ནས་མར་ལྷུང་ཡོད་པ་སྟེ། སྤྱིར་དུས་རབས་བཅུ་དགུ་པའི་དཀྱིལ་ལ་དབྱིན་ཇི་ནི་འཛམ་གླིང་ཐོག་གི་སྟོབས་ཅན་རྒྱལ་ཁབ་ཨང་དང་པོ་དེ་ཡིན་མོད། དུས་རབས་དེའི་མཇུག་ཐོག་དེར་སྟོབས་ཅན་རྒྱལ་ཁབ་གཞན་དག འཇར་མི་ནས་ (Germany) དང་ཨ་རི་(USA) གཉིས་སྔོན་དུ་ཤོར་ནས་ ༡༩༣༠ བར་ལ་གནས་སྟངས་དེ་མུའི་ངང་ལྷག་ཡོད།
མ་ཟད་སྐབས་དེར་དོན་རྐྱེན་གཞན་ཞིག་སྟེ་ ༡༩༡༩ ལོར་རྒྱ་གར་མི་མང་སྡེབ་ལང་གིས་དབྱིན་ཇིར་ངོ་རྒོལ་བྱས་པའི་ཐོག་ལ་«ཇལླཱིན་ཝལ་ལ་བགྷ་ (Jallianwalla Bagh) གི་མི་གསོད་ཁྲག་སྦྱོར་»ཞེས་པའི་དོན་རྐྱེན་དེ་བྱུང་ཡོད་པ་རེད། སྐབས་དེར་རྒྱ་གར་དབྱིན་གཞུང་གི་དམག་སྤྱི་རེ་ཇི་ནལ་ཌི་ ཌ་ཡཱར་( Reginald Dyer) ཟེར་བ་དེས་གོ་མཚོན་མེད་པའི་མི་ཚོགས་ནང་དུ་མེ་མདའ་རྒྱག་རྒྱུའི་བཀའ་བཀོད་ཕབ་སྟེ་མི་མང་ ༣༥༠ སྐོར་བསད་ཡོད་པ་རེད།
སྐབས་དེར་རང་བཙན་འཐབ་རྩོད་ཀྱི་དབུ་ཁྲིད་བདག་ཉིད་ཆེན་པོ་གན་དྷི་རྗེ་ (Gandhi) [༡༩༤༨ ལོར་སྐུ་མ་གཤེགས་པའི་བར་རྒྱ་གར་རང་བཙན་འཐབ་རྩོད་ཀྱི་སྲོག་ཤིང་ཉག་གཅིག་དང་ཁྲིམས་རྩོད་ཁྱད་ལས་མཁས་དབང་ཞིག་ཀྱང་ཡིན།] ལྷོ་ཨ་ཧྥི་རི་ཁར་ཕྱིན་ནས་ ༡༩༡༥ ལོར་རྒྱ་གར་དུ་སླར་ཡང་ཕེབས་པ་དང་།
༡༩༢༠ ལོར་ཁོང་གིས་དབྱིན་ཇི་དང་མཉམ་ལས་མི་བྱེད་པའི་ལས་འགུལ་སྤེལ་ཡོད། དེ་ནི་སྐུ་ཞབས་ཞོགས་དུང་གིས་“སྤྱི་དམངས་ཀྱིས་མི་རྟོན་པ”གསུངས་བ་དེ་ཡིན་པ་འདྲ། འདིའི་ནང་དུ་དབྱིན་ཇིས་བཟོས་པའི་རས་ཆ་ཉོ་བ་འགོག་པ་དང་དབྱིན་ཇིས་བཙུགས་པའི་སློབ་གྲྭར་འགྲོ་བ་འགོག་པ་སོགས་ཚུད་ཡོད།
སྤྱི་ལོ་ ༡༩༣༠ ནང་ལ་ཁོང་གིས་དབྱིན་གཞུང་གི་ཚྭའི་ཐོན་སྐྱེད་ཀྱི་ཚོང་ལས་དབང་ཤུགས་ལ་ཁ་གཏད་གཅོག་ཆེད་རྒྱ་མཚོར་ཚྭ་ལེན་དུ་རུ་སྒྲིག་གོམ་བགྲོད་ཀྱི་རུ་སྣ་དྲངས་ཡོད་ཅིང་དེ་ལ་«དན་དའི་རུ་སྒྲིག་གོམ་བགྲོད་» (Dandi March) ཅེས་འབོད་ཀྱིན་ཡོད། དེ་སྐབས་རྒྱ་གར་དབྱིན་གཞུང་གིས་ཁོང་ཐེ་བའི་མི་གྲངས་ཁྲི་གཅིག་བཙོན་ལ་བཅུག་ཡོད་ཀྱང་། ༡༩༣༡ ལོར་ཁོང་བཙོན་གྲོལ་ཐོབ་པ་ཙམ་མ་ཟད་མི་མང་ཚོར་རང་སྒེར་གྱིས་ཚྭ་མཁོ་སྒྲུབ་བྱེད་ཆོག་པ་བྱུང་ཡོད། ལོ་དེ་རང་ལ་རྒྱ་གར་གྱི་རྒྱལ་ས་ཡང་ཀལ་ཁུཏྟ་(Calcutta) ནས་དྷི་ལི་གསར་པར་ (New Delhi) གནས་སྤོས་ཡོད།
༡༩༣༥ ལོར་དབྱིན་གཞུང་གིས་སྔ་ཕྱི་ཙམ་མ་གཏོགས་རྒྱ་གར་རང་བཙན་འཐོར་རྒྱུར་ཤེས་ཏེ། ལོ་དེ་རང་ལ་ཁོང་ཚོས་རྩ་ཁྲིམས་གསར་པ་ཞིག་གཏན་ལ་ཕབ་ཀྱང་ལོ་གཉིས་ཀྱི་རྗེས་ལ་མ་གཏོགས་ནུས་པ་ཐོན་མེད། རེད་དེ་སྐབས་དེར་དབྱིན་ཇི་དབུས་གཞུང་གི་བཀོད་བྱུས་དེ་མུ་མཐུད་དེ་གནས་བསྡད་ཡོད།
༡༩༤༠ ལོར་དབྱིན་གཞུང་གིས་ཁ་གཏོར་སྲིད་ཇུས་བེད་སྤྱད་དེ་རྒྱ་གར་གྱི་ཁ་ཆེ་གཙོ་ཆེར་སྡོད་སའི་མངའ་སྡེ་ཁག་ཁ་བྲལ་གཏོང་རྒྱུའི་དགོས་འདུན་གཏོན་ཡོད་པ་ལ། སྐབས་དེར་རྒྱ་གར་བའི་ཆིག་སྒྲིལ་འགུལ་སྐྱོད་མཚམས་བཞག་པ་དང་རྒྱ་གར་དབྱིན་གཞུང་གིས་རྒྱ་གར་ཀོང་རེ་སིའི་ (Congress) དབུ་འཛིན་དང་རང་བཙན་འཐབ་རྩོད་བ་དག་བཙོན་འཇུག་བྱས་ཡོད། ༡༩༤༦ ལོར་རྒྱ་གར་དབྱིན་གཞུང་སྐུ་ཚབ་ཆེན་མོས་རྒྱ་གར་ལ་བར་བརྒལ་གྱི་བློན་ཆེན་ལྷན་ཁང་ཞིག་བཙུགས་ཤིང་སྲིད་བློན་ལ་ཇ་ཝ་ཧར་ལལ་ནེཧ་རུ་ (Jawaharlal Nehru) བསྐོས་ཡོད་པ་རེད། ཡིན་ནའང་དེ་མཚུངས་སུ་ཁ་ཆེའི་དབུ་འཛིན་རྗིན་ནཱ་ (M A Jinnah) [༡༩༤༦། ཟླ་བ་༨ ཚེས་༡༦] ཡིས་འགུལ་སྐྱོད་ཀྱི་ཉིན་མོ་(Day of Action) ཞེས་པ་ཞིག་གཏན་འབེབས་ཁྱབ་སྒྲག་བྱས་ཡོད་པ་དང་། སྒྲག་གཏམ་དེས་གྲོང་ཁྱེར་ཀལ་ཀཏྟ་(Calcutta) རུ་ཧིན་དྷུ་བ་དང་ཁ་ཆེའི་བར་ལ་བློ་ཡུལ་ལས་འདས་པའི་དྲག་པོའི་འཁྲུགས་འཛིངས་བྱུང་ཡོད།
རིང་མིན་རྒྱ་གར་དབྱིན་གཞུང་གི་སྐུ་ཚབ་ཆེན་མོ་མཱོན་ཊ་བྷེ་ཊེན་(Mountbatten) གྱིས་པ་ཀི་སྠན་དང་བྷང་ལ་དྷེཤ་(Pakistan & Bangladesh) གཉིས་བཅད་བགོས་བྱ་རྒྱུར་གཏན་འབེབས་བྱས་པ་དང་ཆབས་གཅིག ༡༩༤༧། ཟླ་༨ ཚེས་༡༥ ཉིན་མོར་རྒྱ་གར་ལ་རང་བཙན་དངོས་སུ་ཐོབ་ཡོད། འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་ཧིན་དྷི་དང་ཁ་ཆེ་འདྲེས་མ་ཡོད་སའི་ས་གནས་ཁག་གི་ནང་ཕན་ཚུན་འཁྲུགས་འཛིངས་ཤོར་ཏེ་ཧ་ལམ་མི་གྲངས་ས་ཡ་ཕྱེད་ཙམ་རྐྱེན་ལམ་དུ་སོང་ཡོད་པ་རེད།
༡༩༥༠ ལོར་རྩ་ཁྲིམས་གསར་པ་གཏན་ལ་ཕབ་ཅིང་རྒྱ་གར་མངའ་སྡེ་རིས་མེད་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར། སྲིད་བློན་ནེཧ་རུས་རྒྱལ་ཁབ་ཀྱི་དཔའ་འབྱོར་གཞུང་སྒེར་གཉིས་ཀ་ཅན་ (Mixed Economy)དུ་བཟོས་པ་སྟེ། བཟོ་གྲྭ་ཁ་ཤས་མངའ་སྡེའི་དང་ཁ་ཤས་སྒེར་པའི་ཁེ་ལས་ཅན་དུ་བཟོས།
གང་ལྟར་རྒྱ་གར་རང་བཙན་འཐབ་རྩོད་དེ་རྒྱུན་རིང་ལ་སྒྲུབ་དཀའ་བ། རྒྱལ་གཅེས་བའི་ཚེ་སྲོག་ཤོར་བའི་གྲངས་ཚད་མཐོ་བ་སོགས་བྱུང་ཡོད་ཀྱང་། རྒྱ་གར་རང་བཙན་ཐོབ་པའི་རྗེས་སུ་འཛམ་གླིང་ཐོག་གི་ཆེས་བརྟན་ཞིང་ལྷིང་བའི་མང་གཙོའི་རྒྱ་ཁབ་ཆེ་ཤོས་ཤིག་དང་ཚད་ལྡན་ཞིག་ཡིན་པ་རེད། །
2013/07/29
དབྱངས་ཅན་མའི་ངོ་མཚར།
དབྱངས་ཅན་མའི་རོལ་དབྱངས་ཀྱི་ངོ་མཚར།
ང་ཁ་སང་དགོང་མོར་མའཽ་བཞུགས་ཁང་ (Mao Live House) དུ་བོད་ནས་ཡོང་བའི་གླུ་མ་ཞིག་གི་རོལ་དབྱངས་ཉན་དུ་མགྲོན་ལ་བོས་སོང་། དྲང་མོར་ཞུས་ན་ང་དེར་དགའ་མོས་དེ་ཙམ་མེད་རྐྱེན་འགྲོ་བར་མ་འདོད་རུང་ཨུ་ཚུགས་བགྱིས་སོང་།
ང་ཚོ་དེར་འབྱོར་སྐབས་གླུ་གཞས་འཁྲབ་སྟོན་བྱས་ནས་ཅུང་ཙམ་ཕྱིན་ཚར་འདུག་མོད་དེ་ནི་སྔོན་སྦྱོང་ཙམ་རེད། སྐར་མ་ལྔའི་རྗེས་སུ་བུ་མོ་དེས་རང་གི་རུ་ཁག་དང་ལྷན་དུ་འཁྲབ་སྟོན་བགྱིས་སོང་། ཁོ་མོ་ནི་བོང་རིང་བ། གཟུགས་ཕྲ་བ། ལྷག་པར་དུ་ཞི་དུལ་གྱི་རྣམ་པ་རབ་ཏུ་ལྡན་འདུག་ལ། དེས་ཁོ་མོ་དེང་རབས་འཁྲུག་གཞས་མཁན་ལས་ཆེས་ཁྱད་པར་བ་ཞིག་བཟོས་འདུག ངའི་སེམས་སུ་མའཽ་བཞུགས་ཁང་གིས་རྒྱུན་དུ་སྐད་ཅོར་ཚ་བ་དང་། འཁྲུག་གཞས་ཀྱི་རོལ་དབྱངས་རྩུབ་པོ་དག་གོ་སྒྲིག་བྱེད་ཀྱིན་ཡོད་པར་བསམས་ཡོད་ན་ཙ་ན། འདི་གང་འདྲ་ཡོད་མིན་ལྟ་བར་ཅུང་ཟད་ངང་སྒུག་བྱས། ཐོག་མར་མོས་ས་གནས་ཀྱི་རོལ་ཆ་རྔ་དང་དྲིལ་བུ་དཀྲོལ་སྐབས་ང་ད་རུང་ངོ་མཚར་རྒྱུ་མ་བྱུང་མོད།
མོའི་གླུ་སྐད་ཐོག་མར་ཐོས་སྐབས་ང་ཧ་ལས་ཤིང་ཧོན་འཐོར་སོང་ཟེར་བཤད་མི་ཐུབ་ཀྱང་མ་མཐར་ཡིད་འགུལ་ཐེབས་པ་ཞིག་བྱུང་སོང་། སྐད་གདངས་ཧ་ཅང་གཙང་ལ་ཤུགས་དྲག་ལྡན་པ་དེས་ཁྱེད་རང་ལ་ནམ་མཁའ་སྔོན་པོ་ལྟ་བུའི་ཚོར་སྣང་ཞིག་འདྲེན་ཐུབ་ལ། སྟོབས་ལྡན་གྱི་མི་བུ་དག་རང་བྱུང་ཁམས་ཀྱི་རི་རྒོད་ན་འཚོ་གནས་ལ་དཀའ་ཚེགས་ཇི་ལྟར་ཆེ་ཡང་དཔའ་མི་ཞུམ་པའི་སྣང་ཚུལ་དེ་མཐོང་ཐུབ་པ་ཞིག་རེད། ཚོགས་ཁང་ནང་གི་མི་ཚོགས་ཡོངས་ཀྱིས་དོ་སྣང་སྤྲོད་ཀྱིན་འདུག་ལ། ཁོང་ཚོ་ལས་ཁག་གཅིག་གིས་མིག་བཙུམས་ཏེ་སེམས་གཏིང་ནས་རོ་མྱོང་བྱེད་ཀྱིན་པ་ནི་ང་ཚོས་ཁོང་ཅག་འཇིག་རྟེན་གཞན་ཞིག་ལ་ཁྲིད་སོང་བ་དང་ཡོངས་སུ་མཚུངས་འདུག མཚམ་རེར་ང་ཚོ་རྒྱ་རིང་རྒྱང་རིང་ན་རྔམ་བརྗིད་ཆེ་བའི་གངས་རི་དང་ཁད་ཧ་ཅང་ཡངས་བའི་ཡུལ་ལྗོངས་ཤིག་ནས་འགྲུལ་བཞུད་བྱེད་ཀྱིན་པ་ལྟ་བུ་ཞིག་དང་། ལན་རེར་རྦ་རླབས་དྲག་ཏུ་འཕྱོ་བཞིན་པའི་གཙང་པོ་ཞིག་གི་ནང་དུ་གྲུ་ཆུང་སྐྱོད་ཀྱིན་པའི་རྣམ་པ་ཞིག་ཀྱང་རེད་ལ། ཡང་སྐབས་རེར་དེ་ནི་ཁུ་སིམ་པ་སྟེ་བྱིས་པ་ཨ་མའི་པང་དུ་གཉིད་ལ་ཡོར་བ་ལྟ་བུ་ཞིག་ཀྱང་རེད་འདུག
འོན་ཀྱང་ང་ཚོས་གཞས་ཚིག་རྟོགས་པར་མ་གྱུར། མོའི་རྣམ་འགྱུར་དང་རོལ་མོ་རྡུང་བཀྲོལ་གྱི་ལམ་ནས་ཁོ་མོ་ནང་པའི་རྗེས་འཇུག་པ་ཞིག་ཡིན་པ་ང་ཚོར་ཡིད་ཆེས་བཅུག་སོང་། དེས་ན་དུས་ཚོད་རེ་རེའི་ནང་ཁོ་མོས་མོ་རང་ཆོས་ལུགས་ལ་དད་གུས་ཅན་ཡིན་པ་མཚོན་པར་བྱས་པ་དང་། ཆོས་དད་ཡོད་མེད་ལ་མ་ལྟོས་པར་ང་ཚོའི་སེམས་གཏིང་ན་དྲག་ཏུ་ཟུག་ཐུབ་པ་ཞིག་རེད། ད་རུང་བཤད་དགོས་རྒྱུ་ཞིག་ལ་ཕལ་ཆེར་རྒྱུ་མཚན་དེས་ཚོགས་ཁང་ནང་གི་ལྟད་མོ་བ་དག་ཧ་ཅང་ཁུ་སིམ་ཡང་རྗེས་སུ་ཕྱོགས་འགྲོ་བ་དེ་རེད།།
རིག་འཛིན་ཁྱུང་པོས་བསྒྱུར། ༢༠༡༣། ༠༧། ༢༧།
Surprise out of the musical notes of Yang Jima
013-04-28 15:20:58
I was invited to Mao Live House last night to listen to the music of a singer from Tibet. Honestly I didn’t feel interested or excited to go but I was persuaded. When we arrived, the show had been on for a while but it was just a warming up. Five minutes later, a girl with her band members showed up. She looked tall, slim but very quiet, which makes her very different from the rock stars. In my mind, Mao Live House is usually thought to be connected with loud, noisy, violent rock music. So I got a little more patient to see what would happen.
She first played some local instruments, drum, bells and I was not surprise yet. But when she sang the first note, I can’t say I was shocked, at least impressed. The sound was so clean and powerful that you could feel the blue sky and figure out how hard the strong people live in tough wild nature but not heading down.
Everyone in the house were so focused, some of them with eyes closed feeling the music with heart and soul as if they were brought to different places we had been to. Sometimes we were as if traveling in a very wide area, with big white snow mountains in the distance, sometimes drifting in the river with great waves, and sometimes it was as quiet as a baby sleeping in mother’s hug.
Though we didn’t understand the words in the song, her gestures and the way she performed music made us believe she must be a devotional Buddhist. So every time she expressed her loyalty to the religion, we were touched deeply in the heart and it doesn’t matter you are religious nor not. Maybe that also explained why the fans in the house were so quiet but followed
2013/04/17
བརྩེ་དུང་གི་ཨ་ལོང་།
མེ་མདའ་དེ་ཨེ་ལྗིད་ན། མེ་ཏོག་དེ་ཨེ་མཚར་རམ།
གཅིག
དཔེ་ཁུག་རྙིང་པ་དེ་མི་གསེང་ནས་ལེན་དུས།
ལག་པ་རིང་པོ་ཞིག་བསྐྱངས་ཏེ་རམ་འདེགས།
སྒྲིག་ལྷམ་ཟད་པོ་ཆ་གཉིས་ཀྱིས།
གཞུང་ལམ་ཆེན་པོ་ཞིག་འདེད་ཀྱིན་འདེད་ཀྱིན།
རྐང་ལམ་ཕྲ་མོ་ཞིག་ལ་འཛུལ་ནས་འབུད།
གཉིས།
ཞྭ་ནག་གི་དགོད་སྒྲ་ཡོད་ཚད་རླུང་རྟ་རུ་འཕུར་རྗེས།
ལག་པ་རིང་པོ་དེས་མེ་མདའ་ཞིག་བཏེགས་ནས་མཐའ་མཚམས་ལ་འུར།
དཔེ་ཁུག་རྙིང་པ་དེ་དཔྱངས་ཡོད་སའི་འོག་ནས།
སྐད་ཆ་ཡོད་ཚད་འདྲ་པར་ཞིག་ལ་བཤད་ཀྱིན་ཡོད།
གསུམ།
དཔེ་ཁུག་རྙིང་པ་དེ།
གླ་འཁོར་ཆུང་ངུ་ཞིག་གི་ནང་ཉི་མ་དཀར་པོ་བློ་བུར་དུ་ནུབ་ཚར་རྗེས།
ལྭ་རིང་དཀར་པོ་གྱོན་པའི་སྨན་པ་དེས་དབུགས་རིང་ཞིག་འཕངས།
བཞི།
ལག་པ་རིང་པོ་དེས་བྲིས་པའི་འཕྲིན་ཡིག་ཡོད་ཚད་ལ་“ལན་”མེད།
ཁ་པར་གྱི་དྲིལ་བརྡ་ཡོད་ཚད་ལ་“ཨ་”མེད།
ལྔ།
དཔེ་ཁུག་རྙིང་པ་དེ་དོར་ཡོད་སའི་གྲོང་འདབས་ནས།
ལག་པ་རིང་པོ་དེས་མེ་ཏོག་གི་ཆུན་པོ་ལ་ཨ་ལོང་ཞིག་བཀལ་ནས་བྱུང་།
ནམ་ཡང་མི་འཕུད་པའི་མིག་ཤེལ་ནག་པོ་དེའི་ཁ་འགྲམ་ནས།
ལྷུང་ལྷུང་དུ་བརྡོལ་བའི་མིག་ཆུ་ལ་འོ་གླན་བཞིན།
གདམ་ང་མེད་པའི་མཛུབ་མོ་གཅིག་ལ་ཨ་ལོང་དེ་ཕུལ་སོང་།
ལག་པ་རིང་པོ་ཞིག་བསྐྱངས་ཏེ་རམ་འདེགས།
སྒྲིག་ལྷམ་ཟད་པོ་ཆ་གཉིས་ཀྱིས།
གཞུང་ལམ་ཆེན་པོ་ཞིག་འདེད་ཀྱིན་འདེད་ཀྱིན།
རྐང་ལམ་ཕྲ་མོ་ཞིག་ལ་འཛུལ་ནས་འབུད།
གཉིས།
ཞྭ་ནག་གི་དགོད་སྒྲ་ཡོད་ཚད་རླུང་རྟ་རུ་འཕུར་རྗེས།
ལག་པ་རིང་པོ་དེས་མེ་མདའ་ཞིག་བཏེགས་ནས་མཐའ་མཚམས་ལ་འུར།
དཔེ་ཁུག་རྙིང་པ་དེ་དཔྱངས་ཡོད་སའི་འོག་ནས།
སྐད་ཆ་ཡོད་ཚད་འདྲ་པར་ཞིག་ལ་བཤད་ཀྱིན་ཡོད།
གསུམ།
དཔེ་ཁུག་རྙིང་པ་དེ།
གླ་འཁོར་ཆུང་ངུ་ཞིག་གི་ནང་ཉི་མ་དཀར་པོ་བློ་བུར་དུ་ནུབ་ཚར་རྗེས།
ལྭ་རིང་དཀར་པོ་གྱོན་པའི་སྨན་པ་དེས་དབུགས་རིང་ཞིག་འཕངས།
བཞི།
ལག་པ་རིང་པོ་དེས་བྲིས་པའི་འཕྲིན་ཡིག་ཡོད་ཚད་ལ་“ལན་”མེད།
ཁ་པར་གྱི་དྲིལ་བརྡ་ཡོད་ཚད་ལ་“ཨ་”མེད།
ལྔ།
དཔེ་ཁུག་རྙིང་པ་དེ་དོར་ཡོད་སའི་གྲོང་འདབས་ནས།
ལག་པ་རིང་པོ་དེས་མེ་ཏོག་གི་ཆུན་པོ་ལ་ཨ་ལོང་ཞིག་བཀལ་ནས་བྱུང་།
ནམ་ཡང་མི་འཕུད་པའི་མིག་ཤེལ་ནག་པོ་དེའི་ཁ་འགྲམ་ནས།
ལྷུང་ལྷུང་དུ་བརྡོལ་བའི་མིག་ཆུ་ལ་འོ་གླན་བཞིན།
གདམ་ང་མེད་པའི་མཛུབ་མོ་གཅིག་ལ་ཨ་ལོང་དེ་ཕུལ་སོང་།
2013/04/13
ཧི་མ་ལ་ཡའི་སྲས་མོ།
ཧི་མ་ལ་ཡའི་སྲས་མོ་མཛེས་མ། །
མཐོན་མཐིང་རྒྱལ་མོའི་བདག་མོ་མཛེས་མ། །
མི་ལ་རས་པའི་དགའ་རོགས་མཛེས་མ། །
གངས་ཅན་བོད་ཀྱི་བུ་མོ་མཛེས་མ། །
གངས་རི་དཀར་པོའི་ཐེམ་སྐས་བཙུགས་ཏེ། །
སྤྲིན་པ་དཀར་པོའི་ཕོ་བྲང་བཞེངས་ནས། །
ཉི་མའི་འོད་ལ་ཟམ་པ་བྱས་ནས། །
དེ་རིང་ཁྱེད་རང་བྲོ་ལ་ཕེབས་སམ། །
ཟ་འོག་དམར་ཁྲའི་བོད་སྟོད་ནང་དུ། །
རིག་ཞེན་དྭངས་མའི་དྲོད་ཁུལ་ཨེ་འཁྱིལ། །
སེང་རས་དོར་མའི་མཛེས་དབྱིབས་ངོས་སུ། །
དེང་རབས་གསར་པའི་གཟི་ཉམས་འབར་འདུག །
རྒྱུད་དྲུག་པི་ཝང་གཞན་གྱིས་དཀྲོལ་སོང་། །
ཚིགས་དྲུག་གླིང་བུ་རང་གིས་བུས་སོང་། །
ལྡེམ་ལྡེམ་ཞབས་བྲོ་རོགས་པས་འཁྲབས་སོང་། །
འཇོ་སྒེག་སྟངས་སྟབས་ཁྱེད་ཀྱིས་ངོམ་སོང་། །
༼སྙིང་སྡུག་གཡུ་ཆུང་དྲུག་དཀར་༽འགུགས་དུས། །
སྒེག་པའི་ཟུར་མིག་འཛུམ་དུ་འཁྱིལ་དུས། །
དྲན་པའི་གཏིང་གི་སེམས་པ་ཆུང་ཆུང་། །
དགའ་བ་འབུམ་གྱིས་བཟི་རུ་བཅུག་སོང། །
སྨན་ལྷའི་གཞས་ཚིག་སྤྲོ་ཚོགས་སྟེང་ལ། །
ཁྱེད་རང་མགུར་གྱི་ལྷ་མོར་བཞེངས་ཏེ། །
གཞོན་པའི་སེམས་པ་གླུ་རུ་ལེན་དུས། །
ཚེ་སྐྱིད་དར་བའི་སྒང་གི་སྒང་རེད། །
དྲ་ཚིགས་ཤིག་གི་བརྡ་ཁྱབ་ནང་དུ། །
ལྷ་སརགློག་བརྙན་འཁྲབ་རྒྱུ་གོ་དུས། །
རེ་བ་ཞིག་གིས་དགའ་རུ་བཅུག་སོང་། །
དགའ་བ་ཞིག་གིས་ངུ་རུ་བཅུག་སོང་། །
2013/04/08
གསེར་སྤྲང་མ།
ཨ་ཕྱི་གསེར་སྤྲང་མ། ཁ་སེང་ངས་གྲོགས་པོ་ཞིག་གི་ཁ་ནས་“གསེར་སྤྲང་མའི་”སྐོར་ཐོས་འོངས་དུས། ངས་ཨ་མའི་སྐད་ཆ་རྙིང་པ་ཞིག་བསྐྱར་དུ་དྲན་བཅུག་སོང་། གནའ་སྔ་མོ་ང་ཆུང་ཆུང་ཨ་མའི་འཁྲིས་ན་ཡོད་དུས་གསེར་སྤྲང་མའི་ལོ་རྒྱུས་ཐེངས་ཁ་ཤས་ཤིག་གསུངས་པ་དྲན། གསེར་སྤྲང་མ་ནི་དུས་འགྱུར་མ་བྱུང་བའི་སྔོན་ཙམ་ལ་ངེད་ཅག་རྨེ་རུའི་ནང་དུ་བྱུང་བའི་སྤྲང་མོ་བདག་མེད་ཅིག་ཡིན་འདུག་ལ། མོ་རྒྱུན་དུ་རོམ་ཐང་གནས་ཁྲ་མོའི་སྐོར་ལམ་ན་ཁྱི་དང་ཁྱི་གུའི་ལྷན་དུ་འཚོ་བ་སྤྱོད། མོས་ཁྱི་གུ་མོ་ལ་བཀྲ་མཚོ་དང་། ལྷ་མོ། བདེ་ཆེན་སོགས་འབོད་ཅིང་ཕོ་ལ་ཚེ་རིང་དང་། རྒྱལ་མཚན་སོགས་བཏགས་ཡོད་ཟེར། མོས་ཁྱི་དང་མི་ལ་དབྱེ་འབྱེད་གཏན་ནས་མེད་པས་སྤྲང་ཟས་ཡོད་ཟད་ཁྱི་དང་མཉམ་དུ་ཟ་ཞིང་ཐ་ན་ཁྱི་གུ་ཚོར་རྒྱུན་དུ་ཁ་ཡིས་ནོ་ནོ་སྦྱིན། (སོས་བལྡད་ཟིན་པའི་ཟས་གཞན་ལ་བྱིན་པ།) མཚན་མོ་ཁྱི་གུ་ཆུང་ཆུང་དང་ནད་པ་རུམ་ནས་དྲོད་ཀྱིས་གསོ། གལ་ཏེ་གཞན་གྱིས་ཁྱི་ལ་རྡུང་རྡེག་དང་ངན་སྨྲས་བྱས་ན་འཁྲུགས་འཛིངས་གཏན་ནས་མི་བྱེད་ཀྱང་སེམས་ཁོང་ནས་སྐྱོ་བའི་མིག་ཆུ་ཤར་ཤར་དུ་འདོན་ཡོང་ཟེར། གང་ལྟར་ངའི་ཨ་མས་གསེར་སྤྲང་མ་བྱང་ཆུབ་སེམས་མ་ཞིག་ཡིན་པར་ཡིད་ཆེས་གནང་འདུག དེ་ནི་ཆབ་མདོ་འཕགས་པ་ལྷས་གསེར་སྤྲང་མའི་ཕུང་པོ་དུར་ཁྲོད་དུ་བསྐྱལ་སྐབས་རོ་སྙོམ་བརྟུལ་ཞུགས་ཀྱི་སྤྱོད་པའི་སྒོ་ནས་ཤ་ཁམ་གང་མཆོད་མྱོང་བའི་གཏམ་རྒྱུད་དང་། སྤྲང་མོས་མི་ཚེ་གང་པོར་ཁྱི་གུ་རྐྱང་བྱམས་ཀྱིས་བསྐྱངས་པའི་དངོས་ཡོད་རྒྱུ་མཚན་དང་གཉིས། འདས་ལོག་མ་ག་གེ་མོས་གསེར་སྤྲང་མ་ལ་བྱེ་མ་སྡེར་མ་གང་གི་ཚད་དང་མཉམ་པའི་སེམས་ཅན་འདྲེན་སྟོན་འདུག་ཟེར་གསུངས་པའི་ལུང་བསྟན་བཅས་རྒྱུ་མཚན་གསུམ་ལ་བརྟེན་ནས་ཡིད་ཆེས་གནང་ཡོད་པ་འདྲ། ཀློག་པ་པོར་ཞུ་རྒྱུར་ངས་འདི་ལྟར་བརྗོད་བྱ་སྐྱོ་བའི་མཐར་ཐུག་སྤྲང་མོ་ཞིག་ལ་རྗོད་བྱེད་ཚིག་སྦྱོར་མགོ་མཇུག་མེད་པ་རྐྱང་གིས་རོ་བྲོ་བ་ཅི་ཡང་མེད་པའི་རྩོམ་འདི་འདྲ་ཞིག་འབྲི་དུས་“རྭ་ཅོའི་ཕྲེང་བ། ཕྲེང་ལུང་རྩིད་སྐུད་”ཅེས་པའི་དཔེ་ལས་མ་འདས་པས་བཞད་གད་འཆོར་བ་ལས་ཅི། རེད་དེ་ཁ་དཔེར་“ལྐོ་ཤུབ་མཚོན་ལ་བརྙས་རྒྱུ་མེད། །ཕོ་དཔའ་བོའི་སྲོག་རྩ་ཧ་ལ་འཕེན། །སྤྲང་པོའི་ཁུར་པོར་བརྙས་རྒྱུ་མེད། །ནང་དེ་ན་གསེར་དངུལ་རྐྱང་རྐྱང་ཡིན། །”ཟེར་བ་ལྟར་འདི་ལྟ་བུའི་སྤྲང་མོ་ཡིན་རུང་མཐའ་གཅིག་ཏུ་བརྙས་པར་བྱ་མི་རུང་སྟེ། ང་ཚོའི་སྐྱབས་གནས་སུ་བརྩི་བའི་རྒྱ་གར་གྲུབ་ཆེན་བརྒྱད་ཅུ་ཞུ་བ་དེ་དག་ལས་མང་ཆེ་བ་ཞིག་སྤྲང་མོ་འདི་ལས་ལྷག་པའི་བཟོ་ལྟ་ཞིག་མེད་ངེས། ཀུ་ཀུ་ར་ཛཱ་ཁྱི་མོའི་ཁྱོ་བོ་རེད། །ཤ་བ་རི་པ་སྡིག་སྤྱོད་རྔོན་པ་རེད། །འདི་དང་འདི་འདྲ་བཤད་ཀྱིས་མི་ལང་བ་ཡིན་དུས་གཅིག་བྱས་ན་“གསེར་སྤྲང་མ”དེའང་བྱང་ཆུབ་སེམས་མ་ཞིག་སྲིད་པ་རེད།
2013/01/31
ཐོན་ཉིན། Leaving day
ཡུན་ཐུང་ལོ་ཤས་ཙམ་སྡོད་སར། །
ཞེན་ཆགས་རི་རབ་ལས་ལྕི་བ། །
ཉི་ཚན་ས་ཐོག་ན་འབར་ཡང་། །
སེམས་པ་ཁ་ཆར་གྱིས་ཕྱིད་སོང་། །
ཅ་དངོས་རླངས་འཁོར་ལ་བཅུག་རྗེས། །
སེམས་པ་ཤོད་ཁང་དེར་ལྷག་སོང་། །
ཁ་བཏགས་ལག་ནང་ཏུ་འབྱོར་ཡང་། །
མ་ཚིམས་སྐེ་ཐོག་ན་ཞུས་ཡོད། །
མ་བསམ་མཛེས་མ་ཡི་ནུ་ཟུང་། །
ཁོ་བོའི་བྲང་ཁ་ན་གླན་པ། །
བརྩེ་བའི་འཐམ་འཁྱུད་ཅིག་མིན་རུང་། །
དུང་བའི་ཕེབས་སྐྱེལ་ཞིག་ལོས་ཡིན། །
བཙན་ཚུགས་ངོ་འཛུམས་ཤིག་ངོམ་སྟེ། །
གྱེས་ཁའི་ཁ་གཡང་ཞིག་བསམ་ཡང་། །
ངག་སྒོ་མཆིལ་མ་ཡིས་བརྣངས་དུས། །
སྨྲ་བའི་ནུས་ཤུགས་དེ་ཉམས་འདུག །
རླངས་འཁོར་དལ་བུ་རུ་ནུད་སོང་། །
སེམས་པ་ཚེར་ལྕག་གིས་བྲབ་སོང་། །
རྒྱབ་མཐོང་མེ་ལོང་གི་ངོགས་སུ། །
ཁོ་མོ་ཕྱག་གཡུག་གིས་བྲེལ་འདུག །
In just a few short years,
Love weighed heavier than a mountain.
Even as sunlight touched the ground,
My heart remained frozen in snow’s fountain.
After boarding the taxi’s ride,
My heart stayed behind in the room’s hold.
Though your white scarf, auspicious and grand,
It couldn't satisfy, so I asked it on my neck to stand.
Without thinking, your two breasts,
Pressed softly against my chest.
Not a loving embrace, I confess,
But a tender farewell, at best.
Though I forced a smile, strained and tight,
My thoughts whispered, “Goodbye” in flight.
But when tears welled in my eyes,
Words failed, and speech fell shy.
The taxi started its slow ascent,
My heart beaten by a sharpened thorn.
In the rearview mirror’s glance,
She waved, a busy farewell torn.
ཞེན་ཆགས་རི་རབ་ལས་ལྕི་བ། །
ཉི་ཚན་ས་ཐོག་ན་འབར་ཡང་། །
སེམས་པ་ཁ་ཆར་གྱིས་ཕྱིད་སོང་། །
ཅ་དངོས་རླངས་འཁོར་ལ་བཅུག་རྗེས། །
སེམས་པ་ཤོད་ཁང་དེར་ལྷག་སོང་། །
ཁ་བཏགས་ལག་ནང་ཏུ་འབྱོར་ཡང་། །
མ་ཚིམས་སྐེ་ཐོག་ན་ཞུས་ཡོད། །
མ་བསམ་མཛེས་མ་ཡི་ནུ་ཟུང་། །
ཁོ་བོའི་བྲང་ཁ་ན་གླན་པ། །
བརྩེ་བའི་འཐམ་འཁྱུད་ཅིག་མིན་རུང་། །
དུང་བའི་ཕེབས་སྐྱེལ་ཞིག་ལོས་ཡིན། །
བཙན་ཚུགས་ངོ་འཛུམས་ཤིག་ངོམ་སྟེ། །
གྱེས་ཁའི་ཁ་གཡང་ཞིག་བསམ་ཡང་། །
ངག་སྒོ་མཆིལ་མ་ཡིས་བརྣངས་དུས། །
སྨྲ་བའི་ནུས་ཤུགས་དེ་ཉམས་འདུག །
རླངས་འཁོར་དལ་བུ་རུ་ནུད་སོང་། །
སེམས་པ་ཚེར་ལྕག་གིས་བྲབ་སོང་། །
རྒྱབ་མཐོང་མེ་ལོང་གི་ངོགས་སུ། །
ཁོ་མོ་ཕྱག་གཡུག་གིས་བྲེལ་འདུག །
In just a few short years,
Love weighed heavier than a mountain.
Even as sunlight touched the ground,
My heart remained frozen in snow’s fountain.
After boarding the taxi’s ride,
My heart stayed behind in the room’s hold.
Though your white scarf, auspicious and grand,
It couldn't satisfy, so I asked it on my neck to stand.
Without thinking, your two breasts,
Pressed softly against my chest.
Not a loving embrace, I confess,
But a tender farewell, at best.
Though I forced a smile, strained and tight,
My thoughts whispered, “Goodbye” in flight.
But when tears welled in my eyes,
Words failed, and speech fell shy.
The taxi started its slow ascent,
My heart beaten by a sharpened thorn.
In the rearview mirror’s glance,
She waved, a busy farewell torn.
Subscribe to:
Posts (Atom)