2012/04/18

ཉོབ་ཏོ།

ལྟད་མོ་བལྟས་ཏེ་མ་ཚར། །
མར་ཉལ་ཆུ་ཚོད་གཉིས་པ། །
སློབ་གྲྭ་འཚོགས་དུས་སྔ་བས། །
ཡར་ལངས་ཆུ་ཚོད་དྲུག་པ། །
ཆུ་ཚོད་བཞི་ཡི་གཉིད་ཀྱིས། །
ལུས་ཁམས་ངལ་གསོས་མ་འདངས། །
དཔྲལ་བའི་མེ་ལོང་གཟེར་སོང་། །
རྒྱབ་དང་དཔུང་ཚིགས་གཟེར་སོང་། །

ཉི་འོད་གློག་འོད་གདོང་ལ། །
མིག་ཟུང་ངོ་ཚས་སྐྱེངས་སོང་། །
ལས་རོགས་སློབ་མའི་མདུན་དུ། །
ཉོབ་སྣང་ཕྱི་རུང་མངོན་སོང་། །

2012/04/16

ངའི་ཕ་ཡུལ་ཆོས་ལ་དགའ།

མི་ལོ་བཅོ་བརྒྱད་ལ་ཉེ་བའི་ཡར་སྔོན་ཞིག་ན་ངའི་ཕ་ཡུལ་གྱི་ཡུལ་ན་བསོད་ནམས་དམ་པའི་བགོ་སྐལ་དུ་རྒྱ་གར་འཕགས་པའི་ཡུལ་ནས་དགེ་བཤེས་ཆེ་མོ་གེ་མོ་ཞིག མ་བསྒུལ་གསེར་གྱི་ཕ་བོང་སྒོ་ལ་འགྲིམས་ཞིང་མ་བསྐུལ་དོལ་གྱི་རྒྱལ་པོའི་ཆོས་འཁོར་བསྐོར་ཏེ་སྲིད་པ་གསུམ་པོ་ཡོམ་ཡོམ་ཤིག་ཤིག་གིས་འདར་བར་བྱས་སོང་། གཡོ་བར་བྱས་སོང་། སྐར་དེར་ཁོ་བོ་ལ་མཚོན་ན་སྲོལ་རྒྱུན་ལྟར་ལོ་རེ་བཞིན་རྙིང་མའི་བན་སྔགས་འདྲེས་མའི་དགོན་ཆུང་སྣ་ཁུང་འདྲ་ཞིག་ལ་«ཞི་ཁྲོ་ངེས་དོན་སྙིང་པོ་»དང་«རཏ་ཕུར་ཡང་གསང་བླ་མེད་»ཀྱི་སྒྲུབ་ཆེན་རེ་དང་། ཟླ་རེ་བཞིན་ཚེས་བཅུ་ཉེར་ལྔ་འཚོགས་པ་ཙམ་ལས་རྒྱུན་པར་ནང་ཆོས་ལ་སློབ་གཉེར་བྱས་མ་མྱོང་བའི་བྱིས་པ་ཞིག་ཡིན་སྟབས་ནང་ཆོས་ཀྱི་གོ་རྟོགས་མེད། ཐ་ན་ངས་སྐབས་དེར་ཕྱི་ནང་གི་གྲུབ་མཐའི་ཁྱད་པར་ཙམ་ཡང་མི་ཤེས་མོད། 
རྒྱལ་ཆེན་རྡོ་རྗེ་ཤུགས་ལྡན་ཟེར་བ་དེ་ཡ་ང་བའི་ཤི་འདྲེ་ཞིག་དང་འཇིགས་སུ་རུང་བའི་གདོན་འདྲེ་ཞིག་ཡིན་ཚུལ་གོ་མྱོང་ཡོད། སྤྱིར་ན་ངའི་ཕ་ཡུལ་ན་བན་ཞྭ་སེར་བསྟན་པའི་དབུ་འཕང་མཐོང་ཞིང་ལྷ་རྒྱལ་ཆེན་རྡོ་རྗེའི་བསྭོ་སྒྲ་འུར་ས་ཞིག་པས་དེའི་སྐོར་ལ་ཚིག་སྦྲང་སྐད་ཙམ་ཡང་བཤད་ཕོད་པར་དཀའ། ད་རུང་དེང་སང་ནི་གལ་ཏེ་སུ་ཞིག་གིས་ལྷ་འདྲེ་དེར་མ་དད་པའི་རྣམ་འགྱུར་ཙམ་ཞིག་བསྟན་ནའང་ཚར་གཅོད་ནན་པོ་བྱ་ཆེད་ཕོ་རྒོད་ ༢༠༠ སྐོར་ཞིག་ཆེད་གཉེར་བསྐོ་གཞག་བྱས་ཡོད་རབས། 

གང་ལྟར་ལོ་ངོ་ཉི་ཤུའི་རིང་དགེ་བཤེས་ལགས་ཀྱིས་ནུས་ཤུགས་ཡོད་དགུས་མི་དམངས་ལ་གོ་བསྐོན་དང་སློབ་གསོའི་འོག་བསམ་ཡུལ་འདས་པའི་བསྒྱུར་བཅོས་འཕོ་འགྱུར་བྱུང་ཞིང་འབྱུང་བཞིན་པ་ལ་བལྟས་ན་ཧང་སང་དགོས་པ་ཞིག་སྟེ། སྔ་སོར་ཁྱིམ་ཚང་གཅིག་གི་བུ་རྒན་གཞོན་གཉིས་གསར་རྙིང་གི་དགོན་པ་སོ་སོར་འགྲོ་སྲོལ་ཡོད་པ་ནས་དེང་སང་གསར་རྙིང་གི་ཁྱིམ་ཚང་གཉིས་ཀྱི་བུ་བུ་མོ་གཉེན་སྡེབ་མི་ཆོག་པ། སྔོན་ཆད་རྒན་རིན་པོ་ཆེས་ (སྔོན་ཆད་ཁོང་ཚོའི་བླ་མ་) བཀའ་ཆོས་གནང་སྐབས་སྒོ་བཤས་སྤོང་བའི་སྲོལ་བཟང་ཡོད་པ་ནས་དེང་སང་སྟག་གཟིག་གི་ལྤགས་པ་མ་གྱོན་ན་ཆོས་ལུགས་མི་གཙང་བའི་ཚད་འཛིན་བྱེད་པ སོགས་ཀྱི་སྒོ་ནས་བསྒྱུར་བཅོས་ལེགས་སྒྲུབ་དངོས་སུ་བྱུང་འདུག ངོ་མ་ཡ་མཚན་སྐྱེ་འོས་པ་ཞིག་རེད། 
ངས་འདི་དག་བཤད་དོན་ཁ་སང་ངའི་སྤུན་མཆེན་བཙུན་མ་ཞིག་གིས་ཕ་ཡུལ་གྱི་འོད་སྡེར་ཁག་གཅིག་ལས་དགེ་བཤེས་རིན་པོ་ཆེའི་གཟེངས་སུ་ཐོན་པའི་གྲུབ་འབྲས་མཐོང་བྱུང་། ངས་འོད་སྡེར་འདི་དག་ལ་ལྟ་བཞིན་ཆོས་ལུགས་རྨོངས་དད་པ་ལ་ཡི་ཆད་སོང་། ལྷ་གསོལ་འདྲེ་གསོལ་ལ་ཞེ་མེར་སོང་། 

2012/03/23

འདས་མཆོད།

རྩ་བའི་བླ་མ་མཁྱེན་ནོ།།
དེ་རིང་ནི། དཔལ་གསང་ཆེན་སྔ་འགྱུར་བའི་གདན་ས་ཆེན་པོ་“སྟོད་ན་རྡོར་སྨིན་གཉིས། བར་ན་ཞེ་རྫོགས་གཉིས། སྨད་ན་ཀཿ་དཔལ་གཉིས།” དྲུག་གི་ཡ་གྱལ་ཤར་རྒྱལ་བ་དཔའ་ཡུལ་བའི་གདན་རབས་བཅུ་གཅིག་པ་དང་། སྐྱབས་རྗེ་གྲུབ་དབང་རིན་པོ་ཆེ་སྐུ་ཕྲེང་གསུམ་པ། ཁྱད་ཆོས་ཆེ་བ་དྲུག་གིས་བླ་ན་མཛེས་པའི་དཔའ་སྔ་འགྱུར་བའི་ཁྲི་འཛིན་གསུམ་པ་སྟེ་དོན་གྱི་སླད་དུ་མཚན་ནས་སྨོས་ན་༸སྐྱབས་རྗེ་འཇིགས་མེད་ཐུབ་བསྟན་བཤད་སྒྲུབ་ཆོས་ཀྱི་སྒྲ་དབྱངས་དཔའ་བཟང་པོ་གང་ཉིད་ཕྱི་ཚུལ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་ཚུལ་བསྟན་ཏེ་བགྲང་བྱ་གསུམ་འཁོར་བའི་རྗེས་དྲན་འདས་མཆོད་ཀྱི་ཉིན་མོ་ཁྱད་པར་ཅན་ཞིག་ཡིན། དེའི་སྟབས་ཀྱིས་དེ་རིང་གི་ཉིན་མོ་འདིར་གདན་ས་ཆེན་པོ་མེ་སོོར་རྣམ་གྲོལ་གླིང་གཙོས་པའི་རྒྱལ་ཕྱི་ནང་གི་དཔའ་ཡུལ་བའི་དགོན་གཞིས་ཆོས་ཚོགས་ཆེ་མ་ཆུང་གསུམ་གཅིག་མཐུན་གྱིས་འདས་མཆོད་འཚོགས་ཀྱིན་ཡོད།

2012/03/19

ཆང་གི་ཆེད་དུ་ཐམས་ཅད་བློས་བཏང་བ།

བཙན་པོ་ཕེབས་པའི་ཞབས་རྗེས་ནང་དུ་བོད་མིང་ནག་ག་ནོག་གེ་ཡོད། །
བོད་པ་མེད་པའི་ཡུལ་ལུང་འདི་ན་བོད་འདྲ་ཐ་རེ་ཐོར་རེ་ཡོད། །
མུ་སྟེགས་བྱེད་ཀྱི་རྒྱལ་ཁམས་འདི་ན་ནང་པ་ཆ་འདྲ་ཡ་འདྲ་ཡོད། །
རྒྱ་གར་རྐྱང་པའི་རྒྱ་གྲོང་འདི་ན་བོད་པའི་ཟ་ཁང་རྐང་གཅིག་ཡོད། །

ཡིད་ཆེས་བརྟན་བའི་བོད་རྒན་ཨ་ཕ་ཁང་ཆུང་སྦུག་ན་བཞུགས་ལ་དགའ། །
རང་དབང་ཐོབ་པའི་རྒྱ་གར་གཡོག་པོ་ཟ་ཁང་ནང་གི་དངུལ་ལ་དགའ། །
ལས་ངན་ང་རང་བག་ཆགས་ཤིག་གིས་བྲོ་བ་མེད་ཀྱང་ཟས་འདིར་དགའ། །
རང་རང་དགའ་བའི་ལས་ལ་ཞུགས་འདི་ནོར་འཁྲུལ་རེད་ཟེར་བཤད་པར་དཀའ། །

2012/03/08

ཧོ་ལི། holi festival

ཧོ་ལི་ནི་ཆེས་གནའ་བོའི་དུས་ནས་བརྒྱུད་དེ་འོངས་བའི་རྒྱ་གར་དམངས་ཁྲོད་ཀྱི་དུས་ཆེན་ཞིག་ཡིན། ཧོ་ལི་སྒྲ་དོན། བསྲེག་པ་སྟེ་གནའ་བོའི་ལྷ་སྒྲུང་གྱི་གཏམ་རྒྱུད་ལ་བརྟེན་ནས་བྱུང་་བ་ཞིག་གོ །དེ་ལའང་རྣམ་གཞག་གམ་བཤད་ཚུལ་འདྲ་མིན་སྣ་ཚོགས་ཤིག་ཡོད་ཀྱང་འདིར་གྲགས་ཆེ་བ་
«བྷཱ་ག་ཝ་ཏ་པུ་རཱཎ་»ཞེས་བྲམ་ཟེ་གཞུང་ལུགས་རྙིང་པ་དེར་གཏུགས་ཅུང་ཟད་དཔྱད་ན། 

ཁྱབ་འཇུག་གི་ལུགས་ལྟར་ན།

ཧིན་དྷུའི་ཆོས་ལུགས་ཀྱི་གཞུང་ཆེན་མོ་«བྷཱ་ག་ཝ་ཏ་པུ་རཱཎ་» (भागवतपुराण (Bhāgavata Purāṇ) {བཅོམ་ལྡན་འདས་ཀྱི་རྟོགས་པ་བརྗོད་པ་} [1][2] པའི་ལེའུ་བདུན་པའི་ནང་གསལ་བ་ལྟར་ན། གནའ་སྔ་མོ་རྒྱ་གར་གྱི་ཡུལ་གྲུ་འདིར་བདུད་ཀྱི་རྒྱལ་པོ་ཧི་རན་ཡ་ཀ་ཤི་པུ་ (Hiranyakashipu) ཞེས་པ་ཞིག་དང་ཁྱབ་འཇུག་འཁོན་ཏེ་ལྷ་ཆེན་ཁྱབ་འཇུག་གིས་དེའི་གཅུང་པོ་བསད་པ་དང་། དེའི་རྐྱེན་གྱིས་རྒྱལ་པོ་རབ་ཏུ་འཁྲུགས་ཤིང་དགྲ་ཤ་ལེན་ཆེད་ལོ་མང་རིང་དཀའ་ཐུབ་སྤྱད་མཐར་བདུད་ཀྱི་རྒྱལ་པོ་ཨ་སུ་རས་དངོས་གྲུབ་རྣམ་པ་ལྔ་བསྩལ། འོན་ཀྱང་རྒྱལ་པོའི་རང་གི་བུ་པྲ་ཧ་ལ་དས་ (Prahlada) ཁྱབ་འཇུག་ལྷ་རུ་བསྟེན་པར་ཞེ་སྡང་གིས་མ་བཟོད་དེ། རྒྱལ་པོ་ཉིད་ཀྱི་སྲིང་མོ་ཧོ་ལི་ཀར་ (Holika) བུ་དེ་གསོད་པར་བསྐུལ་བ་ལྟར། དེས་ཀྱང་དུར་ཤིང་བརྩེགས་ཏེ་བུ་བཅིངས་ཚར་བ་དང་། མེ་སྦར་ཏེ་བསྲེག་པར་བརྩོན་ཚེ་མེ་སྦར་མ་ནུས་པ་ཙམ་མ་ཟད། དེ་ལས་ལྡོག་སྟེ་ཧོ་ལི་ཀ་རང་ཡང་ཚིག་སྟེ་ཐལ་བའི་ལྷག་མ་ཙམ་ཞིག་ཏུ་གྱུར། དེ་རྗེས་ལྷ་ཆེན་ཁྱབ་འཇུག་རང་ཉིད་ན་ར་སིཾ་ཧ་ (Narasimha) མི་ཕྱེད་སེང་གེའི་རྣམ་པར་སྤྲུལ་ཏེ་བསད་པར་གྲགས། རྒྱུ་མཚན་བདུད་དེ་འཆི་བ་མེད་པའི་དངོས་གྲུབ་ཐོབ་ཀྱང་ཁོ་གསོད་པའི་ཐབས་ཤིག་ཡོད་པ་སྟེ། གསོད་མཁན་དེ་མི་ཡང་མིན་ལ་དུད་འགྲོ་ཡང་མིན་པ། གསོད་བྱེད་མཚོན་ཆ་ལག་པས་བཟུང་བ་མིན་ལ་འཕང་པ་ཡང་མིན་པ། དུས་ཚོད་ཉིན་མོ་ཡང་མིན་ལ་མཚན་མོ་ཡང་མིན་པ། གསོད་པའི་གནས་སྒོ་ཕྱི་ཡང་མིན་ལ་ནང་མིན་པ། གསོད་པའི་ཡུལ་ས་སྟེང་དུ་མིན་ལ་རླུང་དང་རྒྱ་མཚོར་མིན་པ་ཞིག་ཏུ་གསད་ན་ཐུབ་པར་འགྱུར་བ་དེ་ཤེས་ཏེ། ཁྱབ་འཇུག་རང་ཉིད་མི་དང་དུད་འགྲོ་གཉིས་ཀ་མིན་པ་མི་མ་སྟག་ཅིག་ཏུ་སྤྲུལ། ཉིན་མཚན་གཉིས་ཀ་མིན་པ་ས་སྲོད་ཀྱི་དུས་སུ། སྒོ་ཕྱི་ནང་གཉིས་ཀ་མིན་པ་ཐེམ་པའི་སྒང་ལ། ས་དང་རྒྱ་མཚོ་མིན་པ་རང་གི་པང་དུ་བླངས་ཏེ། མཚོན་ཆ་བཟུང་འཕེན་གཉིས་ཀ་མིན་པ་སྟག་གི་སྡེར་མོས་བསད་པར་གྲགས། 
དེ་མིན་ཀྲྀཥྞ་ཡི་གཏམ་རྒྱུད་ (Kṛṣṇa legend) སོགས་ལས་བཤད་རྒྱུན་སྣ་ཚོགས་པ་ཞིག་འདུག་ཀྱང་འདིར་བརྗོད་ཀྱིས་མི་ལང་ཞིང་དགོས་པ་ཡང་དེ་ཙམ་མེད་པས་དེ་ཙམ་གྱིས་ཆོག་པར་བྱེད། །དུས་ཆེན་འདིའི་བྱེད་སྒོ་ནི་ཆུ་ལ་མཚོན་སྣ་ཚོགས་བསྲེས་ཏེ་སྐྱེ་བོ་ཕན་ཚུན་དང་ཁོར་ཡུག་གང་སར་འཐོར་ཞིང་དགའ་འབོད་དང་ཀུ་ཀོ་བྱེད། དུས་ཆེན་ཀྱི་དགོས་པ་ནི་མི་མཐུན་པའི་ཕྱོགས་ལས་ཀུན་ཏུ་རྒྱལ་ཏེ་མཐར་ཐུག་གི་དགའ་བདེའི་དཔལ་ལ་རོལ་བར་རྟེན་འབྲེལ་འགྲིག་པར་ཡིད་ཆེས་བྱེད། དུས་ཚེས་ནི་རྒྱ་གར་ལོ་ཐོར་གཞི་བཅོལ་ཏེ་དཔྱིད་ཀའི་ཟླ་གསུམ་པའི་ནང་གི་ཕར་ཆེར་སུམ་ཅུའི་དུས་དྲན་གྱི་སྔོན་རྗེས་ཙམ་ལ་ཡིན།

2012/03/05

ཞིང་ཁམས་ལ་ཕུལ་བའི་འཕྲིན།

དྲིན་ཅན་གྱི་བླ་མ་ལགས། 
མི་ཚོས་བཤད་སྲོལ་ལྟར། ངས་ཉིན་མཚན་དབྱེར་མེད་ཀུན་ཏུ་མགོ་སྤྱི་གཙུག་ན་ཁྱེད་སྒོམ། ངག་གསོལ་འདེབས་ནས་ཁྱེད་འབོད། ཡིད་སྐྱོ་གདུང་གིས་ཁྱེད་མ་གཏོགས་དྲན་རྒྱུ་མི་འདུག་ཅེས་ངས་བཤད་གཏན་ནས་མི་ཕོད། གང་ཡིན་ཟེར་ན་དེ་ལྟ་བུའི་སྐལ་ལྡན་གྱི་སྐྱེས་བུ་ཞིག་ང་གཏན་ནས་མ་ཡིན་པས་རེད། འོན་ཀྱང་རིན་པོ་ལགས། ཁྱེད་ཀྱི་བཅོས་མིན་བཞིན་གྱི་འཛུམ་མདངས་དྭངས་མ་དེ་ངའི་ཡིད་ངོར་ཡང་སེ་འཆར་འོང་ཞིང་འཆར་རིམ་བཞིན་དུ་དྲན་གདུང་གི་སྐྱོ་སྣང་འགོག་མེད་རེ་སྐྱེ་འོང་བ་ཞིག་རེད། དེ་ནི་ཏན་ཏན་ཉིད་ཀྱིས་ངའི་ལྟོ་སྟོང་ཟས་ཀྱིས་བརྒྱངས་ཞིང་། ཀླད་སྟོང་ཤེས་ཡོན་ཀྱིས་བརྒྱངས་ཏེ་ད་ཆ་འཕྲིན་ཡིག་འབྲི་ཤེས་ཙམ་ཞིག་དང་རང་ཁ་སོས་ཙམ་ཞིག་བྱུང་བའི་བདག་རྐྱེན་དམ་པ་གང་ཉིད་ཁོ་ན་ལ་ཐུག་ཡོད་ཙང་ལོས་ཡིན། དྲན་གདུང་འདི་འདྲ་ཞིག་ནི་བདག་པོ་བོར་བའི་སྒོ་ཁྱི་ཞིག་ལའང་སྐྱེ་ངེས་པས་ངས་སྐྱབས་མ་དྲན་པའི་ཁ་ཕོ་རུ་ནམ་བཤད་མི་འོས་པས་མ་ཚད་ངོ་ཚ་དགོས་པ་ཞིག་རེད་ཨང་།

2012/03/03

སེང་གེ the lion

Image result for བློ་བཟང་སེང་གེ

སྨྲ་བའི་ལྗགས་ལ་བདེན་ཚིག་གྲུབ་དང་གཅིག །
རྣམ་དཔྱོད་བློ་ཡི་ཁོ་ལག་རྫོགས་དང་གཉིས། །
ཆབ་སྲིད་རིག་པའི་མཆོང་རྩལ་རྒོད་དང་གསུམ། །
སེང་གེ་ཁྱོད་ཉིད་དོན་གྱི་སེང་གེ་ཡིན། །