2012/12/22

དེ་རིང་།

༼དེ་རིང་།༽
དེ་རིང་ནི་གནའ་མི་རྒད་པོའི་སྐར་རྩིས་ལས།
བསྐལ་པ་ཡེ་ནས་སྟོངས་ཞིང་།
འཇིག་རྟེན་ཧྲིལ་གྱིས་འཇིག་འགྲོ་ཟེར།
ཡང་ན།
ཉིན་ལ་ཉི་མས་མཐུད།
མཚན་མོ་མཚན་མོས་བསྐྱལ་འགྲོ་རབས་ཟེར་ཨང་།
འོན་ཀྱང་།
ད་ནང་གི་ཉི་མ་ནི།
སྔར་བཞིན་ཤར་མཐའི་མལ་བཞེངས་ཏེ།
སྲིད་པའི་གངས་རྒན་གྱི་བཞུགས་གྲལ་ལ་མཇལ་འཕྲད་ཞུས།
ད་ལྟ་ཡང་སྔར་རྒྱུན་བཞིན་
ཞེན་ཆགས་ཀྱི་ཕྱི་མིག་འཕེན་གྱིན།
ཡོལ་བ་དམར་པོའི་ཕག་ན་གཟིམ་ལ་ཆས་སོང་།
འཇིག་རྟེན་ནམ་ཞིག་ལ་འཇིག་འགྲོ་འམ།
བསྐལ་པ་ནམ་ཞིག་ལ་སྟོངས་འགྲོ་འམ།
རིག་འཛིན་ཁྱུང་པོ།

2012/06/28

དེང་སང་།

ནད་ངན་གཅིག་གིས་མལ་སར་བསྒྱེལ་བའི་རྗེས།
གློ་བའི་ནང་ལྤགས་བཀོག་སོང་སྙམ་པ་ཡི། །
ལུ་བ་འདི་ནི་སྦུད་པ་འབུད་འབུད་རེད། །
ཚ་བ་འདི་ནི་ཆུ་ཚན་ཁོལ་ཁོལ་རེད། །

ཐུན་གསུམ་གཉིད་ཐེབས་ཆག་རྗེས་ཐོ་རངས་ལ། །
མགོ་མཇུག་མེད་པའི་ཟ་ཟི་རྨི་ལམ་རུ། །
མི་ཚོགས་མེད་པའི་གྲོང་ཁྱེར་རྙིང་སྒོག་གི །
གཡས་གཡོན་མེད་པར་མི་གཙང་ལྕག་ལྕིག་ཁྲོད། །

ཐོག་མར་རྐང་གསུམ་ཞོན་ཏེ་འགྲོ་བཞིན་དུ། །
གློ་བུར་གླང་གིས་འཐེན་པའི་ཤིང་རྟར་གྱུར། །
གླང་དང་མ་ཧེ་ཞོན་ན་འཆི་རྟགས་ཟེར། །
བག་ཆགས་འདི་ནི་རྨི་ལམ་ཡིན་ཡང་དྲན། །

གློ་བུར་འགྱོད་སེམས་ཞིག་གིས་གླང་ངུ་དེ། །
སྨ་ར་སྟུག་པའི་རྒྱ་གར་སྦ་སྦུར་གྱུར། །
ངལ་བ་ཆེར་སྐྱེད་འཁོར་གསུམ་འཐེན་བཞིན་མཆི། །
ཀྱེ་མ་རྨི་ལམ་ནང་གི་རྨི་ལམ་འདི། །

བག་ཆགས་རྙིང་པའི་རེ་དོག་དག་ལས་བྱུང་། །
གནའ་མི་མྱེས་པོའི་གནའ་སྒྲུང་དག་ལས་བྱུང་། །
ལྷ་ཆོས་མོ་རྩིས་ཕྲ་རྟགས་དག་ལས་བྱུང་། །
འདྲེ་ཆོས་གཏོར་བཟློག་མདོས་གསུམ་དག་ལས་བྱུང་། །

བག་ཆགས་འདི་ཡི་ངོ་གདོང་མཐར་ཐུག་ན། །
རྨི་ལམ་ནང་གི་གླང་ལ་འཇིགས་པ་དང་། །
རྐྱེན་ངན་བཟློག་པའི་གཏོར་ཆོག་རིམ་གྲོ་གཉིས། །
བག་ཆགས་འདི་ཀོ་མེད་ན་གཏན་མེད་ཡིན། །

ཟླ་གསུམ་ཚ་བའི་ཁྲོད་ནས་ངང་བསྒུགས་པའི།
ཤག་ཤག་ཆར་པ་འབབ་པའི་རོལ་དབྱངས་དང་། །
དབྱར་ཆུ་རྦབ་ལ་ལྷུང་བའི་འུར་ཆེམ་གྱིས། །
རེ་དོགས་འཛིངས་པའི་རྨི་ལམ་དེ་ཡང་དཀྲུགས། །

མེ་ཏོག་དམར་པོ་བཏུ་བ་དང་། །
ཡུལ་ལུང་དམར་པོ་ཕྱིན་པ་དང་། །
སྒྲེན་མོར་ཕྱི་རུ་ཐོན་པ་དང་། །
འདས་པོ་དག་དང་ལྷན་གཅིག་ཏུ། །
གཏམ་བྱ་བ་དང་ཆང་འཐུང་དང་། །

མར་མེ་རླུང་གིས་བསད་པ་དང་། །
ཉི་ཟླ་གློ་བུར་ནུབ་པ་སོགས། །
ངེས་པར་འཆི་བའི་རྟགས་སུ་བཤད།

2012/06/09

ཡོ་རོབ་རྐང་སྦོལ་རྩེ་འགྲན་ཆེན་མོ།


ཡོ་རོབ་རྐང་སྦོལ་རྩེ་འགྲན་ཆེན་མོ་ཁ་སང་དངོས་སུ་འགོ་བཙུགས་ཡོད།European cup. ཐེངས་འདིར་ཡོ་རོབ་རྐང་སྦོལ་རྩེ་འགྲན་ཆེན་མོའི་བྱུང་རིམ་མདོར་ཙམ་བཤད་ན། རྩེ་འགྲན་འདི་ནི་ལོ་བཞི་རེའི་ནང་ཐེངས་རེ་རྩེ་བའི་འཛམ་གླིང་ནང་གི་སྙན་གྲགས་ཅན་གྱི་རིམ་བགྲོད་རྩེ་འགྲན་ཞིག་དང་། འཛམ་གླིང་རྐང་སྦོལ་རྩེ་འགྲན་ཆེན་མོ་དང་ཨོ་ལིམ་ཕིག་གཉིས་ཀྱི་མཚམས་ནས་ཨང་གསུམ་པ་དེ་ཡིན་པར་གྲགས། 

2012/06/07

རྐང་རྩེད་འཕང་ལོ།

དེང་རིང་སྟེ་ ༢༠༡༢། ཟླ་བ་༦། ཚེས་༥་རྒྱལ་ཡུམ་ཆེན་མོའི་རྐང་སྦོལ་རྩེ་འགྲན་ཐེངས་ ༡༨ པའི་རྟིང་མའི་འགྲན་རྩོད་ཨོ་རི་ས་ཕུན་ཚོགས་གླིང་གི་རུ་ཁག་ལ་ཐོབ་སོང་།རྒྱལ་དར་གྱོན་མཁན་འདི་པོག་རའི་ནོར་བུ་རྡོ་རྗེ་དང་། སྟོད་གོས་སེར་པོ་ཅན་འདི་ཨོ་རི་སའི་བྱང་ཆུབ་རྒྱལ་མཚན་རེད། ཁོང་གཉིས་པོས་པོ་ལོ་བདུན་རེ་བླུགས་སྟབས་བྱ་དགའི་བུམ་པ་རེ་ཐོབ་ཡོད།  ངས་ད་ལོ་གུང་སེང་དང་སྟབས་བསྟུན་ཏེ་རྒྱལ་ཡུམ་ཆེན་མོའི་རྐང་རྩེད་འཕང་ལོའི་ལྟད་མོ་ཕལ་ཆེར་ལྟ་རྒྱུ་བྱུང་སོང་། སྤྱིར་འདི་ལོར་སྔར་དང་མི་འདྲ་བར་རྩོད་རྙོག་སོགས་འགལ་རྐྱེན་གང་ཡང་མེད་པར་རྩེ་མོ་བདེ་ལེགས་ཀྱིས་མཇུག་གྲུབ་སོང་། དེ་མིན་དེ་སྔོན་རུ་ཁག་ཁ་ཤས་ཀྱིས་རུ་ཁག་གཞན་དག་ལ་འཇིགས་སྐུལ་བྱས་ནས་རྩེ་མོ་འཐོབ་ཐབས་ཀྱི་ཇུས་ངན་གཤམས་པ་དང་། དེའི་རྐྱེན་རྩ་ནི་བླ་མས་གལ་ཏེ་ཐོབ་ན་གསོལ་རས་ཧིན་སྒོར་འབུམ་གཅིག་གནང་རྒྱུའི་ཞལ་བཞེས་མཛད་པ་ལ་ཐུག་སོང་ཚུལ་གོ་མྱོང་། གང་ལྟར་ཐེངས་འདིའི་རྩེད་འགྲན་ཁྲོད་ལྷན་ཞུགས་གནང་མཁན་རུ་ཁག་༡༩ པོ་སྡེ་ཚན་དྲུག་ལ་བགོས་ཏེ་རྩེ་འགྲན་ཐེངས་གསུམ་རེའི་བྱས་མཐར་སྐར་གྲངས་མཐོ་བ་བརྒྱད་བདམས་པ་དང་། དེ་དག་ལས་བཞི། བཞི་ལས་གཉིས། གཉིས་ལས་ཐ་མའི་རྩེ་ཕུད་ཀྱི་རྒྱལ་ཁ་ལེན་དགོས་ཀྱི་ཡོད། སྤྱིར་ན་འཛམ་གླིང་ནུབ་ཕྱོགས་དང་ཁྱད་པར་དུ་ལྷོ་ཨ་རིའི་གླིང་དང་ཡོ་རོབ་ཤར་ནུབ་ཀྱི་རྐང་རྩེད་པོ་ལོའི་སྒྱུ་རྩལ་དང་དར་སྲོལ་ལ་བལྟས་ན་ད་ཆ་ང་ཚོ་བོད་པའི་རུ་ཁག་ཕར་ཞོག་གནས་ཚང་རྒྱ་ཚང་ཡང་ནར་མ་སོན་པའི་བྱིས་པ་མ་འབྱར་ཉག་གཅིག་སྟེ། འཛམ་གླིང་རྐང་རྩེད་པོ་ལོའི་གནས་རིམ་ཨང་ཚད་༡༦༤ སར་ལྷག་ནས་ཡོད་ཨང་། དེ་མིན་གནས་དུས་དང་འཁོས་ཀ་ལ་ལྟོས་པའི་རྩེ་མོའི་སྒྱུ་རྩལ་དང་། རྩེ་མོར་དང་དོད་སོགས་ཨོ་ཙམ་འདུག་བསམ་སོང་། ཁྱད་པར་དུ་ཨོ་རི་སའི་རུ་ཁག་གི་ཟུར་སྐྱོད་པ་ཨང་༡༠ པས་མུ་ཟུར་ནས་ངོ་མཚར་འོས་པའི་སྒྱུ་རྩལ་ཚར་གཉིས་ཙམ་བསྟན་སོང་ལ། བུ་ཆུང་བྱང་ཆུབ་རྒྱལ་མཚན་གྱིས་བར་སྣང་དུ་ཨ་ལོག་བརྒྱབ་ཏེ་རྒྱབ་ཕྱོགས་ཀྱི་དྲྭ་བར་པོ་ལོ་བླུགས་པ། དེ་བཞིན་དུ་ཨོ་རི་སའི་རུ་ཁག་གི་རྒྱབ་སྲུང་ཨང་གཉིས་པ་དང་། རུ་དཔོན་སོགས་ལ་མགྱོགས་པའི་བང་དང་འགོག་པའི་སྟོབས་སོགས་མི་དམན་པ་ཙམ་འདུག དེ་མིན་སྤོག་རའི་ནོར་བུ་རྡོ་རྗེ་ལ་ནུབ་ཤུགས་དང་སྒྱུ་རྩལ་མཆོག་ཏུ་གྱུར་འདུག་ལ། ཆེ་ནཱལ་གྱི་དབུ་རིལ་དང་། གྷོ་ཝའི་ཨ་ཧྥུ་རི་ཁ་སོགས་རྩེ་མོ་མཁན་ཅན་དུ་མ་འདུག རུ་ཁག་སྐྱོ་གྲས་ནི་ཝ་ན་མཐོ་སློབ་དང་། པུ་ནེ། ཌ་ལ་ཧོའོ་སུ། ཅོན་ཏ་ར། མེའོ། བྷེལ་ཀོབ། མན་པ་ཏི་སོགས་རེད་འདུག

2012/05/21

གནས་རོགས་མ།


Hope Sosnovikova. Tibetan girl

སྔོན་བསགས་ལས་དབང་ཞིག་ཀྱང་མི་ཤེས་ཏེ། །
བྱ་རྡོ་ལམ་དུ་ཐུག་པའི་རྐྱེན་དབང་གིས། །
འབག་མོའི་དབུཌ་རྐྱལ་འཁུན་པའི་ལྷ་ཁང་ནས། །
ཁྱེད་དང་ང་གཉིས་གནས་ཆེན་སྐོར་གྲོགས་རེད། །

གཡུ་མགོའི་མེ་ཏོག་བཞད་པའི་ཨ་ཅེ་ཁྱེད། །
བུ་ཆུང་ངུ་སྐད་རྒོད་པའི་ཨ་མ་ཁྱོད། །
ཁྱོ་བོ་ར་བཟི་ཁྲིད་པའི་ལས་ངན་མ། །
དེ་རིང་གློ་བུར་དྲན་དོན་ཅི་ཡིན་ནམ། །


2012/05/16

བྷོབ་མར་ལེས། Bob Marley

Image result for bobmarley

སྦྲང་ཆར་སིལ་མ་འདི་ལ་དགའ་གསུང་གིན། །
མགོ་བོ་ཆར་གདུག་འོག་ཏུ་འབྲལ་མེད་རེད། །
ཁྲི་གདུག་ཉི་མའི་འོད་ལ་དུང་གསུང་གིན། །
ལྗོན་པའི་བསིལ་གྲིབ་འཚོལ་བར་བྲེལ་བ་རེད། །
རེག་འཇམ་བསིལ་རླུང་གཡོ་བར་སྤྲོ་གསུང་གིན། །
ཁང་པའི་སྒེའུ་ཁུང་རྒྱག་པར་རྒྱུན་ལྡན་རེད། །
དེས་ན་ཁྱེད་ཀྱིས་ནམ་ཞིག་དགའ་གསུང་སྐབས། །
ཁོ་བོ་འཇིགས་སྐྲག་ཞིག་གིས་འདར་བར་བགྱིད། །
བྷོབ་མར་ལེས་ནས།
 Bob Marley:
"You say you love rain.
But you use an umbrella to walk under it. 
You say you love sun.
But you seek shelter when it is shining.
You say you love wind.
But when it comes, you close your windows. 
So that's why I'm scared when you say you love me."

ཁྱེར་སོང་།

༡། ཡ་ཀི་རི་རྩེས་སྤྲིན་ནག་གི་དོམ་ར་ཞིག་མནབ་ཀྱིན།
མ་ཀའི་ལུང་གཤོང་ན་དཔྱིད་རླུང་དྲག་ཏུ་འབུད་དུས།
རྡོ་གསེབ་ན་ཟུག་པའི་ལྕང་མ་ཞིག་ཤེད་ཀྱིས་འཐེན་སོང་།
ལྕང་མ་ལ་འཐམ་ནས་ཡོད་པའི་ངའི་སེམས་པ་ཕྲ་མོ།
ཁུག་རྣ་དང་དུད་སྤྲིན་འདྲེས་པའི་རྒྱང་རིང་གི་གནམམཐའ་ཞིག་ལ་ཁྱེར་སོང་།
ད་ཚོད་གང་ཞིག་ལ་བཀྱགས་སོང་བ་ཡིན་ནམ།
ངས་ཀྱང་ཤེས་མ་སོང་་་་་་་་་་་་།

གནམ་ཐང་ཆུང་ཆུང་ཞིག་ལ་བབས་ཡོད་དམ།
བསིལ་ལྷམ་ཆུང་ཞིག་ལ་འཁྲེན་ཡོད་དམ།
ལྕང་མ་རྫོབ་རྫོབ་གསེབ་ན་ཟག་སོང་ངམ།
དམར་མདོག་རི་བོའི་མཁའ་ནས་ལྡིང་སོང་ངམ།
རྫ་ཆུ་བསིལ་མའི་ལྷན་དུ་བཞུར་སོང་ངམ།
ངས་ཀྱང་དཔོག་མ་སོང་་་་་་།