རི་བོ་གྲུ་འཛིན་གྱི་མཚོ་ངོགས་སུ་ཁུ་སིམ་པའི་ཤིང་ལོའི་སྤྱིལ་བུ་ཞིག་ཏུ། སྤྱན་སྟོང་སྦར་མཐིལ་དུ་བཙུམས། ཕྱག་སྟོང་པང་ཐོག་ཏུ་ཕབ་སྟེ། མཉམ་གཞག་གི་མཆོད་ཆང་ལ་རོལ་བཞིན་བཞུགས་ཡོད་པའི་སྤྱན་རས་གཟིགས་ལགས། ཁྱོད་རང་སྤྲ་མོ་གདོང་དམར་མའི་མག་པར་བྱོན་དུས་ཡབ་ཆེན་སྤེའུ་མཇུག་རིང་ལགས། འཛམ་གླིང་རྩེ་མོའི་ཡང་རྩེ་བསིལ་ལྡན་ར་བ་དཀར་པོའི་ཁྱོན་ན་མངལ་དབང་མཛད་སྐབས་སྟོབས་ཀྱི་མི་རྗེ་མེས་སྲོང་བཙན་སྒམ་པོ་ལགས། ཆེ་བཙན་ཇིན་གིར་ཚང་གི་མཆོད་གནས་སུ་ཕེབས་ཚེ་རྒྱལ་དབང་ཏཱ་ལའི་བླ་མ་ལགས། འཛམ་གླིང་གོ་ལ་ཟླུམ་པོའི་ཁྱོན་ན་ཆེ་བའི་གཟེངས་རྟགས་མཁའ་རུ་བཏེགས་རྗེས་འཛམ་གླིང་ཞི་བདེའི་དེད་དཔོན་དམ་པ་ལགས། དེང་སང་ཞབས་ཀྱི་པད་མོ་གང་ཞིག་ཏུ་བཀོད་ཅིང་ཞལ་གྱི་དགྱེས་འཛུམ་གྲོལ་བཞིན་ཡོད། ཞི་བདེའི་རོལ་དབྱངས་ཇི་ལྟ་བུ་ཞིག་འཁྲོལ་བཞིན་ཡོད།
2011/11/29
2011/11/28
དེ་རིང་།
ད་ལྟ་ངས་མངར་ཇ་དང་ཧེམ་བག་ཟ་བཞིན་ཡོད། ཚན་རིག་ནས་བཤད་ན་ཧེམ་བག་གིས་གཟུགས་ཁམས་ལ་ཧ་ཅང་གནོད་ཚབས་ཆེ་རབས་ཟེར་ཡང་ལེ་ལོ་ཅན་བདག་ལྟ་བུ་དག་ལ་སྟབས་བདེ་བའི་ཟ་མ་ཞིག་ཡིན་རྐྱེན་ངས་ཡང་སེ་ཟ་གི་ཡོད། ད་རུང་གསེར་མདོག་གི་ཉི་འོད་སེར་པོས་སྒེའུ་ཁུང་རྡུང་གིན་འདུག ངོ་མ་ཉི་འོད་ནི་ཅི་འདྲའི་མཛེས་ཤིང་སྡུག གལ་ཏེ་ཉི་འོད་མེད་ན་འཇིག་རྟེན་འདི་རིལ་པོ་མུན་ཁུང་གི་འཁྱམས་ཀླུང་སྡོག་པོ་ཞིག་ཡིན་ཁོ་ཐག གླེན་གཏམ་འདྲ་ཞིག་ཨེ་རེད། གཅིག་དེ་དགུན་གྱི་ནམ་ཟླར་ཉི་མ་མཁོ་ཆེ་སོང་བ་ཡང་ལོས་ཡིན་ཨ། འོ་རེད། ངའི་གྲོགས་པོ་ལྡི་ལི་ནས་སློབ་གྲྭའི་ཉེར་མཁོ་འགའ་ཞིག་བསྣམས་ཏེ་ད་ནང་ནམ་ལངས་མ་ཐག་ཐོན་སོང་། ཁོང་གི་ཁང་པའི་ལྡེ་མིག་ངའི་སར་ཡོད་སྟབས་ངའི་སྡོད་ཤག་ཏུ་འཛུལ། སྐབས་དེར་ཏག་ཏག་ང་ཁྲུས་ཁང་དུ་ངོ་འཁྲུད་ཀྱིན་ཡོད། ཁོང་གིས་དྲི་བ་ཞིག་དྲིས་བྱུང་བ་ནི་“ཁྱོད་ད་རུང་ཉལ་མེད་དམ་ཟེར།” ཧ་ཧ་ཧ་ཧ་ཧ། ངས་“མིན། ང་ལངས་བ་ཡིན”ཞེས་ལན་བཏབས་ཀྱང་ལན་དེ་ཁ་ནས་འདོན་བདེ་མོ་ཁྱོན་ནས་མ་རེད། །
ཉོབ་ཤོས།
མགོ་མེ་ཡིས་ཚིག་ཀྱང་འཕུར་ལོང་མི་འདུག
ཉིན་གང་ལ་རྩིས་འཕྲུལ་དང་འཐབ་འཐབ་ཀྱི་ཐ་མ་ང་ཕམ་སོང་། བཙལ་བཙལ་གྱིས་ཐ་མ་རྙེད་ཚར་བའི་བརྙན་ཕབ་གལ་ཆེན་ཞིག་སླར་ཡང་བོར་ཏེ་ཚུ་ཚོད་གཉིས་ཀྱི་རིང་ལ་རག་མ་སོང་། ངས་བརྙན་འཁོར་བཟོ་སྤྱད་མོ་ཝེ་ལའི་ཧྥི་མེག་ཀར་ནང་སྒྲིག་གིན་སྒྲིག་གིན་འཇལ་བཞིན་ཡལ་སོང་གདོན་དེ།
གདོན་གྱིས་ཁྱེར་སོང་བ་ཨེ་ཡིན་ན། C སྒམ་དང་ D ཌེ་སྒམ་གཉིས་ཀའི་ནང་དུ་མི་འདུག མཐའ་མ་དེར་འུ་ཐུག་སྟེ་ལོག་ནས་འོངས། དེ་རིང་གི་གཟའ་ཉི་མ་དེ་ཉོབ་ཤོས་ཤིག་ཆགས་སོང་། མ་གཞི་དེང་སང་ང་ལ་ཕྱག་སྟོང་སྤྱན་སྟོང་གི་སྤྲུལ་པ་ཞིག་ཡོད་ན་ནའང་ལས་ཉོག་ཚར་ས་མ་རེད། ལས་ཉོག་དེ་དག་རྣམ་པ་ཚོར་ཞུ་རྒྱུར། དོན་སྙིང་ལྡན་པའི་བྱ་བ་ཞིག་མ་རེད། ཙག་ཙིག་རང་རེད། ཡ། ཡ།མགྱོགས་ཐུག་ཤོག་ཁུག་ཅིག་སྦངས་ནས་དོ་དགོང་ནམ་བསྐྱལ་དགོས་པ་འདྲ། །

2011/11/23
ལྷག་དཀར།
དེ་རིང་ནི་ལྷག་པ་དཀར་པོ་རེད།
རྩིས་ཡིག་རུལ་ཟད་ནས་བཤད་ན་ལྷག་པ་ནི་སྐྱེ་འགྲོའི་བླ་ལ་དབང་བའི་ལྷ་ཡིད་འོང་ཞིག་ཡིན་དང་འདྲེ་སྟོབས་ལྡན་ཞིག་ཀྱང་རེད། ཁོ་པས་གནམ་རིམ་པ་དགུ་ཡི་ཡང་སྟེང་ནས་སྐྱེ་འགྲོ་དག་ལ་དངོས་གྲུབ་ཆར་དུ་བསྙིལ་ཞིང་བར་ཆད་ཐོག་ལྟར་འབེབས་ཀྱིན་ཡོད་ཟེར། འོན་ཀྱང་མིང་ལ་ཨ་ལ་དང་གྷོ་ཌི་གཏན་ནས་མི་ཟེར།
དབུ་སེར་ནག་གི་འགྲེང་མི་ཐུན་མོང་གི་སྙམ་ལམ་དུ། ལྷག་པ་ནི་ཕ་མཐའ་བྲལ་བའི་སྒྱུ་སྐར་གྱི་སྐོར་ལམ་རིང་མོ་ན། གོམ་འགྲོས་གཅིག་གིས་བཞུད་ཀྱིན་པའི་གོ་ལ་རིལ་རིལ་ཞིག་གི་གོམ་སྒྲ་རེད། གོམ་སྟབས་སུམ་བརྒྱ་དྲུག་ཅུའི་རྡོག་སྒྲ་རེད། རྡོག་སྒྲ་བདུན་ཕྲག་གཅིག་གི་གསུམ་པ་དེ་རེད་ལ། གཟའ་ཆེན་ལྷག་པས་རིགས་ཞེན་གྱིས་ལྭ་བ་དཀར་པོ་བཀླུབས་པའི་ཉིན་མོ་རེད།
ཡང་གཅིག་ལྷག་པ་དཀར་པོ་ནི། གཞིས་ན་སྐྱེས་ཤིང་བྱེས་སུ་འབྱོར་བའི་གསར་འགྱུར་བ་ཞིག་རེད་ལ། བྱེས་སུ་སྐྱེས་ཤིང་ནུབ་ཏུ་ཕྱིན་པའི་ཡང་འབྱོར་བ་ཞིག་ཀྱང་རེད། ལྷག་དཀར་ནི་མ་གི་བོད་ཀྱི་ཁྲོམ་སྲང་དུ་འཁྱར་བའི་སྤྲང་སློང་རེད་ལ། ཡར་གི་བླ་དཔོན་བཞུགས་གྲལ་ན་འཁོད་པའི་མི་དཔོན་རེད། ལྷག་དཀར་ནི་ཤོད་ཀྱི་ཁྲོམ་ས་ན་འཚོ་བའི་ཚོང་དཔོན་རེད་ལ། ཕུ་ཡི་རི་ལུང་ནས་བཞུགས་པའི་ཕྱུགས་རྫི་རེད། ལྷག་དཀར་ནི་ལྷ་དཀར་པོ་སྤྱན་རས་གཟིགས་ཀྱི་སྙིང་ཡིན་ཞིང་། སྔོན་པོ་ཕྱག་ན་རྡོ་རྗེའི་ནུས་མཐུ་རེད། ལྷག་དཀར་ནི་བཞུ་མི་ཐུབ་པའི་ལྷག་བསམ་ཀྱི་ཁ་བ་ཡིན་ལ། འཐོར་མི་སྲིད་པའི་ཆིག་སྒྲིལ་གྱི་ལག་རྡང་རིང་མོ་ཡིན། ད་རུང་ལྷག་དཀར་ནི་བྱང་འབྲོག་གི་འབྲོང་ཡིན་ཞིང་། རྩ་ཐང་གི་ནོར་ཡིན། ཕུག་གི་རྟེན་ཡིན་ལ་སྒོ་ཁའི་ཟོག་ཡིན། སྦྲང་དཀར་རྩམ་པ་ཡིན་ལ་འབྲུ་ཆང་སེར་མོ་ཡིན། འབྲི་མར་སེར་པོ་ཡིན་ལ་འབྲི་འོ་དཀར་མོ་ཡིན།
མདོར་ན་ལྷག་དཀར་ནི་ནམ་ཡང་དྲི་མས་མ་གོས་མི་གོས་གོས་པར་མི་འགྱུར་བའི་སྲིད་ན་རིང་བའི་ལྷ་རྫས་ཁ་བཏགས་དཀར་པོ་ཉག་གཅིག་ཡིན།
2011/11/21
བསྟན་པར་དགྲ་ལན་གསུམ་བྱུང་ཚུལ།
བསྟན་པར་དགྲ་ལན་གསུམ་བྱུང་ཚུལ།
དང་པོ།
དང་པོ།
སྟོན་པ་མྱ་ངན་ལས་འདས་ནས་ནང་པའི་གྲུབ་མཐའ་མང་པོ་ཞིག་བྱུང་སྟེ་དེ་དག་ཕན་ཚུན་མ་མཐུན་པར་གྱུར་ནས་བརྩད་པའི་དབང་གིས་སོ་སོར་གྱེས་ནས་ཡོད་ཐོག། བྲམ་ཟེ་རྒྱལ་གཤེས་ཀྱིས་རྒྱལསྲིད་འཛིན་སྐབས་ཁོའི་གཉེན་ཚན་རྒན་མོ་ཞིག་གིས་ནང་པའི་གཙུགས་ལག་ཁང་གི་གྷནྜི་བརྡུངས་བའི་སྒྲ་ཕཊ་ཊཱ་ཡ་སྟེ་མུ་སྟེགས་པའི་ཀླད་པ་འགེམས་ཞེས་པའི་དོན་དུ་གོ་བར་བསྙད་དེ་ནང་པའི་ཐོག་ཏུ་དམག་དྲངས། ཡུལ་དབུས་ནས་ཛ་ལན་དྷ་རའི་བར་གྱི་གཙུག་ལག་ཁང་མང་པོ་བསྲེགས་པ་དང་ཆབས་གཅིག་དགེ་སློང་རྣམས་བསད་པ་དང་ཡུལ་གཞན་དུ་བྲོས་དགོས་པ་བྱུང་ཡོད། དེ་རྗེས་བྷངྒ་ལའི་རྒྱལ་པོ་འཕེལ་བྱེད་ཀྱིས་ཆོས་གཞིས་ཉམས་གསོ་བྱས་པ་དང་གནས་བརྟན་བསམ་རྫོགས་ཀྱིས་མངྒ་དྷར་ཆོས་གཞི་དྲུག་བཅུ་བཙུགས་ཏེ་བསྟན་པ་སླར་གསོས་ཡོད། དེའི་ཚེ་རྒྱ་གར་ནུབ་ཕྱོགས་མོ་ཏཱ་ནའི་གྲོང་ཁྱེར་བཱ་ག་ད་ཟེར་བར་ཀླ་ཀློའི་ཆོས་ལ་དད་པའི་རྒྱལ་པོ་ཧལ་ལུ་ཞེས་པ་ཞིག་བྱུང་བ་ནི་རྒྱ་གར་དབུས་སུ་ཀླ་ཀློ་བྱུང་བའི་ཐོག་མ་ཡིན།
གཉིས་པ།
རྒྱ་གར་དབུས་ཀྱི་རྒྱལ་པོ་དྷརྨ་ཙནྡྲ་དང་ཏ་ཟིག་གི་རྒྱལ་པོ་ཁུ་ནུ་མམ་པ་ཏ་གཉིས་མཚམས་རེ་མཐུན་ལ་སྐབས་རེ་འཁྲུག། སྐབས་ཤིག་རྒྱལ་པོ་དྷརྨ་མ་ཙནྡྲས་གོས་སྲུབ་མེད་པ་ཞིག་ཆེད་མདངས་ཏ་ཟིག་རྒྱལ་པོར་ཕུལ་བ་ན། ལྟས་དབང་གིས་གོས་དེའི་བྲང་ཐད་དུ་འཐག་རིས་ལ་རྐང་རྗེས་འདྲ་བ་ཞིག་བྱུང་བས་ངན་སྔགས་བྱས་པའི་ཐེ་ཚོམ་སྐྱེས། དེ་རྗེས་སླར་ཡང་ཤིང་ཏོག་མང་པོ་ཞིག་སྐྱེས་སུ་བསྐུར་སྐབས་སྟབས་མ་ལེགས་པར་བྲམ་ཟེའི་སྔགས་འཁོར་འཛུལ་བའི་ཤིང་འབྲས་ངང་ལག་ཞིག་སྐྱེས་ཀྱི་ནང་དུ་སོང་བ་ཏ་ཟིག་གི་རྒྱལ་པོས་མཐོང་ནས་ངན་སྔགས་བྱས་པར་སྙམ་ཏེ། དུ་རུ་ཀའི་དམག་དྲངས་ནས་མ་ག་ངྷའི་ཡུལ་བཅོམ་ཞིང་གཙུགས་ལག་ཁང་བཤིག ནཱ་ལེནྡྲ་ལ་ཡང་གནོན་སྐྱོན་ཚབས་ཆེན་བཏང་ངོ་། དེ་རྗེས་ཝཱ་རཱ་ཎ་སཱིའི་རྒྱལ་པོ་སངས་རྒྱས་ཕྱོགས་ཀྱིས་རྒྱལ་པོ་གཞན་དང་མཐུན་ཐབས་ཀྱིས་གྲོགས་སུ་བཀུག་སྟེ་དུ་རུ་ཀའི་དམག་ཕམ་པར་བྱས་རྗེས་ནང་ཆོས་ཉམས་གསོ་བྱས་སོ། །
གསུམ་པ།
གསུམ་པ།
ནཱ་ལེནྡྲའི་ལྷ་ཁང་དུས་སྟོན་ཞིག་གི་སྐབས་སུ་དགེ་ཚུལ་ཐ་ཤལ་བ་འགས་ཕྱི་རོལ་པའི་སྤྲང་པོ་གཉིས་ལ་ཁྲུས་ཁུ་གཏོར། སྒོ་གླེགས་ཀྱི་དབར་དུ་བཙིར། ཁྱི་རྦད་དེ་རྨུག་བཅུག་པར་དེ་གཉིས་རབ་ཏུ་ཁྲོས་ཏེ་ཉི་མ་བསྒྲུབས་ཏེ་ནང་ཆོས་རྩ་མེད་བཟོ་བར་ཐག་བཅད། གཅིག་གིས་འཚོ་བ་སྦྱར་ཏེ་གཞན་དེས་ཉི་མ་ལོ་བཅུ་གཉིས་ལ་འགྲུབ་སྟེ་ནཱ་ལེནྡྲ་སོགས་ནང་པའི་གཙུགས་ལག་ཁང་ ༨༤ པོ་ཐབས་ཅད་བསྲེགས་སོ། དེའི་རྐྱེན་པས་དེང་སང་ཐེག་ཆེན་གྱི་སྡེ་སྣོད་ཆ་བཅོ་ལྔ་ལས་གཅིག་ཙམ་ལས་མེད་པར་གྲགས། །
2011/11/19
ལྷ་ཡི་འཁྲུངས་ས།
རིན་པོ་ཆེ།
ལྷ་ཡུལ་ཡོ་རོབ་གླིང་ན། །
ལྷ་ལས་ལྷ་ཁང་གཡར་ཏེ། །
ལྷ་མོ་ཞིག་དང་ལྷན་དུ། །
ལྷ་ཁྱེད་འཁྲུངས་ས་བསྐྱོན་འདུག །
ལྷ་རྒྱན་རིག་ལྔས་མཛེས་པའི། །
ལྷ་མོ་སྒེག་ལྡན་ཟུང་གིས། །
ལྷ་མཆོག་ཡབ་ཡུམ་གཉིས་ལ། །
ལྷ་ཡི་བསྙེན་བཀུར་ཞུས་འདུག །
ལྷ་རོལ་རྔ་གླིང་ཁྲོད་དུ། །
ལྷ་དར་སྐུ་ལ་གསོལ་བཞིན། །
ལྷ་མིན་མི་ལས་འདས་པའི། །
ལྷ་ཡི་གཉེན་སྟོན་བྱས་འདུག །
ལྷ་ཆེན་ཡིན་དབང་འགུག་པའི། །
ལྷ་མོ་སྒྲོལ་མ་དཀར་མོ། །
ལྷ་ཁྱོས་ཁབ་ཏུ་བཞེས་དུས། །
ལྷ་མཆོག་སྟོན་པ་དགྱེས་སོང་། །
སྤྲུལ་སྐུ་ཨོ་རྒྱན་ཉི་མས་ཨིན་ཇི་རྒྱལ་ཁམས་སུ་འཁྲུངས་ས་བསྐྱོན་སྐབས་ཕུལ།
སྤྲུལ་སྐུ་ཨོ་རྒྱན་ཉི་མས་ཨིན་ཇི་རྒྱལ་ཁམས་སུ་འཁྲུངས་ས་བསྐྱོན་སྐབས་ཕུལ།
2011/11/17
ལོ་ན་རྒན་ཤོས་ཀྱི་མི།
ཨན་ཊི་ས་ཁཝིག་ཆ་ན་{Antisa Khvichava}ནི་རྗོར་རྗི་ཡའི་ནུབ་ཊབྷི་ལི་སི་ནས་སྤྱི་ལེ་༣༧༠ ཐམ་པའི་བར་ཐག་ཆོད་པའི་ས་ཆི་ནོ་ཞེས་པའི་གྲོང་གསེབ་ནས་ཡིན། ཁོང་མོ་༢༠༡༠ ལོར་མི་ལོ་ཧྲིལ་པོ་༡༣༠ ཐམ་པ་འཁོར་བའི་དགའ་སྤྲོའི་བཙས་སྟོན་མལ་ཁྲི་དྲོན་མོའི་སྟེང་དུ་ཞུས་ཡོད། ཨ་ཕྱི་ལགས་ཁོང་ནི་སའི་གོ་ལ་འདིའི་སྟེང་གི་འགྲོ་བ་མི་རིགས་ཀྱི་ལོ་ན་རྒན་ཤོས་དེ་ཡིན་འདུག་ཀྱང་། བར་ལམ་སྐྱེས་ཚེས་ལག་འཁྱེར་བོར་སྟོར་ཤོར་སྟབས་ལོ་ངོ་བཅུ་དྲུག་གི་རིང་ལ་ཁོང་མོའི་
སྐྱེས་ལོ་༡༨༨༠ ཡན་མན་ཡིན་པ་ཁ་གསལ་བྱུང་མེད། འོན་
ཀྱང་སོ་ཝེ་ཊིའི་(ར་ཤི་ཡིའི་དམར་པོའི་སྐབས་ཁྲིམས་བཟོ་ལྷན་ཚོགས་ཁག་)དུས་སྐབས་ཀྱི་ཡིག་ཆ་རྙིང་པའི་ཁྲོད་ནས་ཁོང་མོ་དུས་རབས་བཅུ་དགུ་པའི་ཕྱེད་ཕྱི་མའི་ནང་སྐྱེས་ཡོད་པ་ར་སྤྲོད་བྱུང་ཡོད། རྒྱུན་ལྡན་མ་ཡིན་པ་ཞིག་ལ་ད་ལྟ་ལོ་ན་༧༠ ལ་སོན་པའི་ཁོང་མོའི་བུ་རྒན་པ་དེ་སྐྱེ་སྐབས་མོ་རང་ལོ་ན་དྲུག་ཅུ་ཡོངས་སུ་ཟིན་ཚར་དགོས།
གང་ལྟར་ད་སྐབས་ཨ་ཕྱི་ཨན་ཊི་ས་ཁཝིག་ཆ་ན་ལ་ཁྱིམ་ཚང་ཆེན་པོ་ཞིག་ཆགས་ཡོད་པ་སྟེ་བུ་དང་། ཚ་བོ་༡༠། ཡང་ཚ་༡༢། ཡང་ཚའི་བུ་ཕྲུག་༦ བཅས་ཡོད་འདུག
མདོ་དོན་ཨ་ཕྱི་ཨན་ཊི་ས་ཁཝིག་ཆ་ན་ལགས་ནི་སྤྱི་ལོ་༡༨༨༠། ཟླ་བ་༧། ཚེས་༨ ལ་སྐྱེས་ཤིང་ཨ་ཕྱིས་གསུངས་ན་ཁོང་མོའི་མི་ཚེ་གང་པོ་བདེ་ཐང་ངང་བསྐྱལ་རྒྱུ་བྱུང་བ་དང་། མོ་རང་ལོ་ངོ་༨༥ མ་ཟིན་བར་ཨ་ཤོམ་གཏོག་སར་ལས་ཀ་བྱས་པ་ཡིན་གསུངས་ཡོད།
ཡིན་ནའང་དེང་སྐབས་རྒན་ཆོས་རིག་པའི་ལྷན་ཚོགས་{The Gerontology Research Group }ཀྱིས་ལོ་ན་༡༡༤ ལོན་པའི་ཧྥརན་སིའི་ཨ་ཕྱི་ཨཱུ་རྗེན་ནཱས་བྷུ་ལེན་ཆར་ཌི་{Eugenie Blanchard}ལགས་ནི་ས་སྟེང་འདིའི་ལོ་ན་རྒན་ཤོས་དེ་ཡིན་པ་ངོས་འཛིན་བྱེད་ཀྱིན་ཡོད་འདུག །

སྒོ་ང་ཉོས་པ།
སྒོ་ང་ཉོས་པ། བདག་མོས་རང་གི་ཁྱོ་བོར། “ཁྱེད་རང་ཁྲོམ་དུ་ཕེབས་ནས་ང་ལ་འོ་མ་སྒམ་གཅིག་ཉོ་རོགས། གལ་ཏེ་ཁོང་ཚོར་སྒོ་ང་ཡོད་ན་དྲུག་བསྣམས་ཕེབས་དང་།” ཞེས་མངགས། ཁྱོ་བོས་ཡུན་རིང་མ་འགོར་བར་འོ་མ་སྒམ་དྲུག་ཁྱེར་ནས་ནང་དུ་སླེབས། ཆུང་མས། “ཨ། དཀོན་མཆོག་མཁྱེན། ག་རེ་བྱས་ནས་འོ་མ་སྒམ་དྲུག་ཉོས་ནས་ཡོང་བ་ཡིན།” ཞེས་དྲིས་པར། ཁྱོ་བོས། “ཁོང་ཚོ་ལ་སྒོ་ང་འདུག་གདའ།” ཞེས་ལན་བཏབ།
སྤྲུལ་སྐུ་ཁྲི་འདོན།
དགོན་པའི་ལས་བྱེད་མ་འབྱོར་བའི་སྔོན་དེར། ཨ་མས་བུ་བསྟན་འཛིན་ལ། “ཞྭ་མོ་སེར་མོ་དྲེག་པ་ཅན་དེ་ངའི་ཡིན་ལོབ་ཨ། ཤུག་ཏོག་གི་ཕྲེང་བ་ངའི་ཡིན་ལོབ། ད་རུང་ལྟོས་གདའ། ང་མེད་ཤུལ་རིང་དགོན་པ་བདེ་འཚམས་ཡིན་པེ་དྲིས་ཨ། ཨ་མའི།” ཞེས་ཡང་ནས་ཡང་དུ་གདམས། ཅུང་མ་འགོར་བར་དགོན་པའི་ལས་སྣེ་བ་དག་ཕེབས་ཏེ་སྐུ་གོང་མའི་སྐུ་ཆས་འདྲ་མིན་སྣ་ཚོགས་སྤྲུལ་སྐུ་བསྟན་འཛིན་འཕགས་པའི་མདུན་དེར་བཀྲམ་བཞིན་པའི་སྐབས་སྤྲུལ་སྐུས་རང་འགུལ་གྱིས། “ཨ་མས་ཞྭ་མོ་སེར་མོ་དྲེག་པ་ཅན་དེ་མོ་རང་གི་ཡིན་ལབ་སོང་། ཤུག་ཏོག་གི་ཕྲེང་བ་དེ་ཡང་མོ་རང་གི་ཡིན་ལབ་སོང་། ད་རུང་མོ་རང་མེད་ཤུལ་རིང་དགོན་པ་བདེ་འཚམས་ཡིན་་པེ་ཟེར་ལབ་རོགས་གྱིས་གསུངས་སོང་”ཞེས་ངག་སྐྱོར་མ་ཎི་བཏོན་པ་བཞིན་བྱས།

2011/11/16
ལྷ་བབས་དུས་ཆེན།
ཧོར་ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་མོ་ནི། ཡུམ་སྒྱུ་མ་ལྷ་མཛེས་མ་ལྷ་ཡུལ་དུ་ལྷའི་བུ་མོ་ཞིག་ཏུ་སྐྱེ་བ་བཞེས་ཡོད་པ་དེར་དྲིན་ལན་གསབ་སླད་སྟོན་པ་ལྷ་གནས་སུ་ཕེབས་ཏེ་ཆོས་གསུང་བཞིན་དབྱར་གནས་ཀྱང་མཛད། སྐབས་དེར་མི་ཡུལ་ནས་རྒྱལ་པོ་གསལ་རྒྱལ་སྟོན་པ་མཆོག་མཇལ་བར་རིངས་ཏེ་མཽ་གལ་བུ་བརྒྱུད་དེ་རྒྱལ་བ་མི་ཡུལ་དུ་ཕྱིར་འབྱོན་པར་གསོལ་འདེབས་ནན་ཏན་ཞུས་དོན་བཞིན། རྒྱལ་བ་ལྷ་ལས་མི་ཡུལ་དུ་བབས་གནང་བའི་དུས་ཚེས་ཁྱད་པར་ཡིན་སྟབས་མཆོག་གསུམ་བླ་རུ་བཀུར་བའི་ནང་པའི་སྐྱེ་བོ་དག་གིས་ཉིན་འདིར་"ལྷ་བབས་དུས་ཆེན་"སྲུང་བརྩི་ཞུ་བཞིན་ཡོད། ང་ཚོ་བོད་མི་རིགས་ཀྱི་སྤྱི་ཚོགས་ལ་མཚོན་ན་དུས་རབས་བདུན་པ་བརྒྱད་པ་ནས་བཟུང་ནང་པའི་ཡུལ་གྲུ་ཞིག་ཏུ་ཆགས་ཟིན་ཡོད་གཤིས། ད་བར་སྤྱི་སྒེར་ཚང་མས་རང་རང་གི་འཁོས་ཀ་ལ་ལྟོས་པའི་དུས་ཆེན་སྲུང་བརྩི་མ་ཉམ་པར་ཞུ་བཞིན་ཡོད།
2011/11/15
སྤུན་ཆུང་གྲགས་པའི་རྩོམ།
ལོ་མང་མི་ཡུལ་འགྲིམ་པའི་ཉམས་མྱོང་དེ་མ་བསགས། །
གནས་སྐབས་ཤེས་རིག་སྦྱོང་བའི་དུས་བཟང་དེ་མ་རག །
དགོས་ངེས་ཕ་མར་བྱམས་པའི་བརྩེ་བ་ཡང་མ་ཤེས། །
ངོ་མ་མི་ཡུལ་འགྲིམ་པའི་དོན་གོ་འདི་ཆུང་སོང་། །
ཡ་རབས་བོད་པའི་རིག་གཞུང་མི་གཙང་བཞིན་སྤངས་ནས། །
མཁོ་མེད་ཆང་རག་དུ་བ་བདུན་རྩི་བཞིན་ལེན་པ། །
དེང་སང་ཡིན་མདོག་ཅན་གྱི་ན་གཞོན་དག་མཐོང་དུས། །
དབང་མེད་སེམས་པའི་རི་མོ་ན་བུན་བཞིན་ཡལ་སོང་། །
ཡོན་ཏན་གྱི་གླེང་གཞིའི་ས་བོན་མེད་ཀྱང་དངོས་མཐོང་གི་གནས་ཚུལ་ཤོག་དཀར་ལ་ཕབ་དགོས།
གངས་འཛིན་པ་་་་ཡོན་ཏན་ཉི་མ་ནས། །
ཐོག་མ།
བོད་ཀྱི་ཞིང་ས་ཐོག་མ། ཟོ་དང་རིང་མོ།
རྒྱལ་པོ་ཐོག་མ། གཉའ་ཁྲི་བཙན་པོ།
སྐུ་མཁར་དང་པོ། ཡུན་བུ་བརླ་མཁར།
གྲོང་ཚོ་དང་པོ། འཕྱིང་དབར་སྟག་རྩེ།
ལོ་ཙཱ་བ་ཐོག་མ། ཐོན་མི་སྃ་བྷོ་ཊ།
ཆོས་དཔེ་དང་པོ། སྤང་སྐོང་ཕྱག་རྒྱ་པ།
ལྷ་ཁང་དང་པོ། ཁྲ་འབྲུག་ལྷ་ཁང་།
རྫོང་ཐོག་མ། སྣེའུ་གདོང་རྫོང་།
དགོན་པ་དང་པོ། བསམ་ཡས་དགོན་པ།
རབས་བྱུང་གི་ཐོག་མ། སད་མི་མི་བདུན།
དཀར་ཡོལ་དང་པོ། དར་ཚེ་ཡིན།
ཡོན་ཏན་ཉི་མས་བཏུས།
2011/11/14
བྱིས་པའི་ཉིན་མོ་ངོ་སྤྲོད།
དུས་ཆེན་ངོ་སྤྲོད།
བྱིས་པའི་དུས་ཆེན་ནི་ན་གཞོན་བྱིས་པ་དག་ལ་དགའ་སྟོན་རྟེན་འབྲེལ་ཞུ་བའི་མཛད་སྒོའི་ཉིན་མོ་ཞིག་ཡིན།
དང་པོ། རྒྱལ་སྤྱིའི་བྱིས་པའི་ཉིན་མོ།
༡༩༢༥ ཟླ་༦། ཚེས་༡ ཉིན་མོར་འཛམ་གླིང་བྱིས་པའི་བདེ་འཇག་ལྷན་ཚོགས་ཀྱི་ཚོགས་འདུ་ཞིག་སུ་ཝེ་རྫར་ལན་ཌིའི་རྗེ་ནི་ཝར་ཚོགས་ཏེ། ཚོགས་དུས་དེ་དང་བསྟུན་ཏེ་ཟླ་བ་དྲུག་པའི་ཚེས་གཅིག་ཉིན་མོ་བྱིས་པའི་དུས་ཆེན་གཏན་འབེབས་གནང་ཡོད་ཀྱང་རྒྱུ་མཚན་གང་ཞིག་ལ་བརྟེན་ཏེ་གཏན་འབེབས་བྱས་པ་ཁ་གསལ་བྱུང་མེད། དུས་ཆེན་ཉིན་མོར་བྱིས་པའི་ཐོབ་ཐང་དང་འབྲེལ་བའི་གཏམ་བཤད་དང་། བརྙན་འཕྲིན་ལེ་ཚན། གསོལ་སྟོན་སོགས་སྤྱི་འགྲོས་ལྟར་གནང་སྲོལ་ཡོད།
གཉིས་པ། འཛམ་གླིང་བྱིས་པའི་ཉིན་མོ།
ཐོག་མར་༡༩༥༤་ལོར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚོགས་ཆེན་ཐོག་འཛམ་གླིང་བྱིས་པའི་ཉིན་མོ་ནི། ལོ་རེའི་སྤྱི་ཟླ་༡༡་པའི་ཚེས་༢༠་ཉིན་ལ་སྲུང་བརྩི་ཞུ་རྒྱུའི་ཡོངས་ཁྱབ་བསྒྲགས་གནང་ཡོད། ཚོགས་ཐོག་ཏུ་དོན་ཚན་དང་པོ། བྱིས་པའི་ཁྲོད་དུ་བསམ་ཚུལ་བརྗེ་རེས་དང་གོ་རྟོགས་སྤེལ་ཐབས། དོན་ཚན་གཉིས་པ། འཛམ་གླིང་བྱིས་པའི་བདེ་དོན་གོང་འཕེལ་གཏོང་བར་སྨན་པའི་ལས་འགུལ་སྤེལ་རྒྱུ་སོགས་གཏན་འབེབས་བྱས་ཡོད། འཛམ་གླིང་བྱིས་པའི་དུས་ཆེན་ཐེངས་དང་པོ་རྗེ་ནེ་ཝར་རྟེན་གཞི་བྱས་པའི་འཛམ་གླིང་བྱིས་པའི་བདེ་དོན་ལྷན་ཚོགས་ཀྱིས་འགྲོ་གྲོན་བཏང་ནས་༡༩༥༣་ཟླ་བ་༡༠་པའི་ནང་དུ་མཛད་སྒོ་བཙུགས་ཡོད།
གསུམ་པ། རྒྱ་གར་བྱིས་པའི་ཉིན་མོ།
རྒྱ་གར་བྱིས་པའི་ཉིན་མོ་ནི་ལོ་རེའི་ཟླ་བ་༡༡་དང་ཚེས་༡༤་ལ་སྲུང་བརྩི་ཞུ་བཞིན་ཡོད། རྒྱ་གར་གྱིས་ཉིན་འདིར་བྱིས་པའི་དུས་ཆེན་གྱི་དགའ་སྟོན་གནང་དོན་ནི། རྒྱ་གར་རང་བཙན་ཐོབ་རྗེས་སྲིད་བློན་ཐོག་མ་པཎྜིཏ། རྗེ་ཝཧར། ནེཧ་རུའི་འཁྲུངས་སྐར་དང་སྟབས་བསྟུན་ཏེ་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད་ལ། གཅིག་ནས་ཁོང་རྒྱུན་པར་བྱིས་པ་དག་ལ་ཤིན་ཏུ་བརྩེ་བ་སྟེ་”བྱིས་པ་ནི་ལྡུམ་རའི་ནང་གི་ཐེའུ་ཡིན”ཞེས་དང་”མ་འོངས་པའི་རྒྱལ་ཁབ་ནི་བྱིས་པ་དག་གི་ལག་ཏུ་ཡོད་”ཅེས་ཡང་ཡང་གསུངས་ཏེ་བྱམས་སྐྱོང་བླ་ལྷག་ཏུ་གནང་གི་ཡོད།
བྱིས་པ་དག་གིས་ཀྱང་ཁོང་ལ་ཅ་ཅ་ནེ་རུ་སྟེ་ཨ་ཞང་ནེ་རུ་ཞེས་གཅེས་མིང་གིས་འབོད་ཀྱིན་གུས་བརྩི་བླ་མེད་དུ་བྱེད། གཉིས་ཐོག་ནས་ཁོང་རང་ཉིད་རྒྱ་གར་གྱི་ངེས་དོན་གྲུབ་འབྲས་ཐོབ་པའི་རང་བཙན་འཐབ་རྩོད་པ་ཞིག་ཀྱང་ཡིན་རྐྱེས་ཁོང་གི་འཁྲུངས་སྐར་ལ་བྱིས་པའི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད། ཁོང་གིས་༡༩༣༨་ནས་བཟུང་སྟོད་ཐུང་གང་དེར་རྒྱ་སེ་མེ་ཏོག་རྐང་གཅིག་འདོགས་སྲོལ་ཡོད་ཅིང་། ཁ་གཅིག་གིས་ཁོང་གི་ཆུང་མ་ཀ་མ་ལ་དྲན་གསོ་ཡིན་ཚུལ་དང་། ཡང་འགའ་རེས་བྱིས་པ་དག་སྡུམ་རའི་ཐེའུ་རུ་བརྩི་བའི་མཚོན་དོན་ཡིན་པར་འདོད། ཁོང་ཉིད་༡༨༨༩་ལོར་རྒྱ་གར་ཨ་ལ་ཧ་བྷེ་ཌ་ས་གནས་སུ་འཁྲུངས་ཤིང་དབྱིན་ཡུལ་གྱི་ཁམ་བྷི་རེརྗེ་མཐོ་སློབ་སོགས་སུ་སློབ་སྦྱོང་གནང་། ༡༩༡༦་ལོར་ཆུང་མ་ཀ་མ་ལ་དང་འཁྲུངས་ས་བསྐྱོན་ཏེ་བུ་མོ་ཨིན་དྷ་ར་འཁྲུངས། ༡༩༡༩་ལོར་རྒྱ་གར་དམངས་གཙོ་ཡར་ཐོན་ཚོགས་པར་འཛུལ་ཏེ་འཐབ་རྩོད་བྱས་རྐྱེན་བཙོན་དུ་ཡང་ཡང་ཚུད་ཡོད། ༡༩༤༥་ལོར་རྒྱ་གར་རང་བཙན་ཐོབ་རྗེས་༡༩༤༧་ཟླ་༨་ཚེས་༡༥་ལ་རྒྱ་གར་སྲིད་བློན་གྱི་གོ་གནས་ལ་མངལ་གསོལ་ཐོབ་སྟེ་༡༩༦༤་ལོར་སྐུ་མ་གཤེགས་པའི་བར་སྲིད་དབང་ཁུར་དུ་བླངས་ཡོད།
2011/11/13
ཆར་ལཱི་ལོ་རྒྱུས་དང་། ཧི་ནཱ་གཏམ་བརྗོད་ཀྱི་བྱུང་རིམ།
ཆར་ལཱི། རྐང་ཐང་མ།
སྐྱེས་མིང་། ཆར་ལཱི། སཕེན་གསར་་ཆཕིན།
སྐྱེས་ཚེས། ༡༨༨༩། ཟླ་བ་ ༤། ཚེས་༡༦།
སྐྱེ་ཡུལ། དབྱིན་ཡུལ། ལོན་ཌོན། ཝོལ་ཝོ་ཐ།
གཤེགས་ཚེས། དགུང་ལོ་༨༨་དང་༡༩༧༧། ཟླ་བ་༡༢། ཚེས་༢༥་ཉིན་སུཝེ་རྫར་ལན་ཌིར་ཝ་ཝེས་ཀྱི་རང་ཁྱིམ་དུ།
ལས་གནས། བཞད་གད་ཟློས་གར་བ་ཆེས་སྙན་གྲགས་ཅན་ཞིག ༼གློག་བརྙན་འབྲིང་གྲས་དང་། རོལ་དབྱངས། ལད་ཟློས་བཞད་གད་སོགས།༽
ཆབ་འབངས། དབྱིན་ཇི་བ།
བཟའ་ཟླ་དང་པོ། མི་ཌལ་ཌི། གར་རིསཱ། (m. 1918–1921)
༼བྱིས་པ་༡༽
བཟའ་ཟླ་གཉིས་པ། ལི་ཊ། གྷ་རེས། (m. 1924–1927)
༼བྱིས་པ། ༢༽
བཟའ་ཟླ་གསུམ་པ། ཕཱུལ་ལེ་ཊེ། གྷོ་ཌར་ཌི། (m. 1936–1942)
བཟའ་ཟླ་བཞི་པ། ཨཽ་ན། ཨོ་ནེེལ། (m. 1943–1977)
༼བྱིས་པ ༨།༽
༼བྱིས་པ་༡༽
བཟའ་ཟླ་གཉིས་པ། ལི་ཊ། གྷ་རེས། (m. 1924–1927)
༼བྱིས་པ། ༢༽
བཟའ་ཟླ་གསུམ་པ། ཕཱུལ་ལེ་ཊེ། གྷོ་ཌར་ཌི། (m. 1936–1942)
བཟའ་ཟླ་བཞི་པ། ཨཽ་ན། ཨོ་ནེེལ། (m. 1943–1977)
༼བྱིས་པ ༨།༽
འདིའི་སྔོན་གྱི་ཧི་ནཱ་བསྒྱུར་རྩོམ་ལ་རྒྱབ་ལྗོངས་ཁ་གསལ་མ་བྱུས་སྟབས་གྲོགས་པོ་དག་གིས་དྲན་གསོ་གནང་དོན་ལྟར་ཁོ་བོས་ཁ་སྣོན་ཅུང་བགྱི་བར་སྤྲོ་སོང།
༢༩༤༠ ལོར་ཆར་ལཱི། ཆཕིན་གྱིས་འགྲེམ་སྤེལ་བྱས་པའི་དགོད་བྲོའི་གློག་བརྙན༼གཏུམ་དྲག་ཅན་གྱི་སྒེར་གཅོད་པ་༽ཞེས་པ་འདིར་མཚོན་ན། གློག་བརྙན་འདི་ཆ་ཚང་ཆར་ལཱི་ཆཕིན་རང་ཉིད་ཀྱིས་བསྐྲུན་པ་ལྟ་བུ་ཞིག་སྟེ་འཁྲབ་གཞུང་ཁོང་རང་གིས་བརྩམས་ཡོད་ལ། ཇུས་འགོད་དང་། བཟོ་བསྐྲུན་ཡང་ཁོང་གིས་བྱས་པ་ཙམ་མ་ཟད། འཁྲབ་སྟོན་མི་སྣ་གཙོ་བོའི་འགན་ཁུར་ཡང་ཁོང་རང་ཉིད་ཀྱིས་བྱས་ཡོད། སྤྱིར་སྐབས་དེར་ཧོ་ལི་ཝོར་ཌའི་གློག་བརྙན་བཟོ་མཁན་ཞིག་གིས་སྒྲ་མེད་གློག་བརྙན་གྱི་རྐང་པ་སྒྲ་ལྡན་གློག་བརྙན་གྱི་དུས་རབས་ནང་མུ་མཐུད་དེ་འཛུགས་ཐུབ་མཁན་དེ་ཁོང་གཅིག་པུ་ཡིན། འདི་ནི་ཆར་ལཱིས་གློག་བརྙན་ནང་གི་བདེན་དོན་གླེང་བའི་གཏམ་བཤད་ཐོག་མ་དང་ཚོང་ལས་ཁྱབ་བསྒྲགས་ཀྱི་བྱ་བ་ལམ་དུ་སོང་ཤོས། དེ་ལས་ཀྱང་གལ་འགངས་ཆེ་བ་ནི་ན་རྫིའི་རིང་ལུགས་དང་ཨ་ཌོལ་ཧྥ་ཧིཊ་ལར་གྱི་གཏུམ་སྤྱོད་ཀྱི་དུས་རབས་ལ་དམིགས་བཀར་དུ་གཟས་ཏེ་ཟུར་ཟའི་གཏམ་རྒྱུད་འཁྲབ་པ་ཞིག་ཡིན།
གློག་བརྙན་འདི་ཐོག་མར་འགྲེལ་སྤེལ་བྱེད་སྐབས་ཨ་རིའི་རྒྱལ་ཁབ་ཡང་ད་རུང་རྒྱར་མན་ན་རྫི་རིང་ལུགས་པ་དང་ཞི་མཐུན་འོང་ཐབས་བྱེད་ཀྱིན་ཡོད། ཆཕིན་གྱི་གློག་བརྙན་འདིས་གཡོ་འགུལ་ངེས་ཅན་ཞིག་བཏང་ཡོད་པ་སྟེ། ཧིཊ་ལར་གྱི་རྩོད་རྙོག་ཆེ་བའི་ནག་ཉེས་དང་། ཕར་ཤིའི་ལམ་ལུགས། ༼ཨེ་ཊ་ལིའི་ཆབ་སྲིད་ལམ་ལུགས་ཞིག༽འཇུའུ་རིགས་ལ་ཞེ་འཁོན་སྡང་ཟུག་ལམ་ལུགས། ན་རྫིའི་རིང་ལུགས་སོགས་ཀྱི་གདོང་ལྤགས་ཡོད་ཚད་ “འཕྲུལ་འཁོར་གྱི་མི། འཕྲུལ་འཁོར་གྱི་མི་ལ་འཕྲུལ་ཆས་ཀྱི་སེམས་དང་། འཕྲུལ་ཆས་ཀྱི་སྙིང་ཅན།” སོགས་རྣོ་ཞིང་ངར་བའི་ཡིག་འབྲུ་རེ་རེས་ཀྱང་ཐལ་ཚལ་དུ་དབྲལ་ཡོད། །
2011/11/11
ཧེ་ནཱ་ལགས། གཟིགས་དང་།
བརྙན་ལམ།
ཆར་ལི་ཆབ་ལིན་གྱིས་དཔའ་བོ་ཨེ་ཌན་ནཽལ་ཌི་ཧེེན་ཀལ་དང་། སྒེར་སྤྱོད་པ་ཊོ་མ་ནི་ཡའི་གཏམ་བརྗོད་འཁྲབ་པ།
ངས་རེ་བར་་་་་་ངས་དགོངས་དག་ཞུ་གི་ཡིན། ཡིན་ནའང་་་ང་བླ་ན་མེད་པའི་བཙན་པོ་ཞིག་བྱ་འདོད་མེད། བྱ་བ་དེའི་རིགས་ངའི་བྱ་བ་མ་རེད། ངས་སྐྱེ་བོ་སུ་རུང་ལ་དབང་བསྒྱུར་དང་སྟངས་འཛིན་བྱ་འདོད་ཡེ་ནས་མེད། གལ་ཏེ་ངས་ཐུབ་ན་སྐྱེ་བོ་ཚང་མར་རོགས་ཕན་རེ་བྱ་འདོད་ཡོད། འཇུའུ་དང་འཇུའུ་མ་ཡིན་པ། མི་རིགས་དཀར་པོ་དང་ནག་པོ་སུ་ཡིན་ཀྱང་ཆོག ང་ཚོ་ཚང་མས་གཅིག་ཕན་གཅིག་གྲོགས་སུ་བསྟེན་དགོས། འགྲོ་བ་མི་ཟེར་ན་དེ་འདྲ་ཞིག་རེད། ང་ཚོ་ཕན་ཚུན་བདེ་སྐྱིད་ཀྱིས་འཚོ་བ་སྐྱེལ་འདོད་པ་ལས་སྡུག་བསྔལ་གྱིས་མི་ཚེ་སྐྱེལ་འདོད་སུ་ལ་ཡང་མེད་ཚོད་རེད།
ང་ཚོ་གཅིག་གིས་གཅིག་ལ་འཁོན་འཛིན་དང་བརྙས་སྨོད་བྱ་དོན་དེ་བས་མེད། སའི་གོ་ལ་འདི་ང་ཚོ་ཚང་མ་སྡོད་སའི་ཁྱིམ་ཚང་འབྱོར་ལྡན་ཞིག་ཡིན། ཁྱིམ་ཚང་འདིའི་ནང་ནས་ཚང་མར་དགོས་མཁོའི་མཐུན་རྐྱེན་འཐོབ་ཀྱི་ཡོད། རང་དབང་གི་མི་ཚེའི་ལམ་བུ་འདི་ལྟ་བུར་འཚོ་བ་སྐྱེལ་ཐུབ་སོང་ན་ཆེས་མཛེས་སྡུག་ལྡན་པ་ཞིག་རེད།
འོན་ཀྱང་ང་ཚོའི་བགྲོད་ལམ་འདི་བརླག་ཤོར་སོང་།
མིའི་བླ་སེམས་ལ་འདོད་རྔམས་ཀྱི་བཙན་དུག་ཕོག་ཅིང་། འཁོན་སེམས་ཀྱི་འཛིང་རགས་མཐོན་པོ་རེ་བརྩེགས་སོང་སྟབས། གཅིག་རྗེས་གཉིས་མཐུད་ཀྱིས་ཡ་ང་བའི་མི་གསོད་ཁྲག་སྦྱོར་གྱི་སྡུག་བསྔལ་མྱོང་གི་ཡོད། ང་ཚོར་མགྱོགས་ཚད་གོང་འཕེལ་དུ་སོང་སྟེ་འདོད་མོས་ལྟར་འཕྲུལ་འཁོར་གྱིས་བསྐྲུན་པའི་འབེལ་འབེལ་ལྷུག་ལྷུག་གི་ཅ་དངོས་དག་བཞག་ཡོད་མོད། ང་ཚོས་རང་ཉིད་ཀྱི་སྒོ་ཡང་བཀག་ཚར་ཡོད།
ང་ཚོའི་ཤེས་ཡོན་གྱིས་ང་ཚོར་ཡིད་བརྟན་མི་རུང་བར་བཟོས་ཡོད། བརྩེ་སེམས་དང་བྲལ་བའི་སྤྱང་གྲུང་ལ་ཙམ་ལ་དང་དོད་བྱེད། ང་ཚོས་མནོ་བསམ་གཏོང་རྒྱུ་མང་དྲགས་ཀྱང་། ཚོར་ཤེས་ཐུབ་པ་ཧ་ཅང་ཉུང་དྲགས་ཡོད། ང་ཚོར་འཕྲུལ་འཁོར་ལས་མི་གཤིས་དང་། སྤྱང་གྲུང་ལས་མཛའ་བརྩེ་དང་ཡ་རབས་དགོས་གལ་ཆེ། གལ་ཏེ་ཁྱད་ཆོས་འདི་དག་དང་བྲལ་སོང་ན་མི་ཚེ་གནོད་འཚེས་བསྐྱལ་ཏེ་ཐ་མ་རང་གཞན་ཚང་མ་གཏོར་བརླག་ཏུ་འགྲོ་རྒྱུ་རེད།
གནམ་གྲུ་དང་རླུང་འཕྲིན་གྱིས་ང་ཚོ་ཕན་ཚུན་འབྲེལ་ཐག་ཇེ་ཉེ་རུ་བཏང་ཡོད། ཆེས་རང་བྱུང་གསར་བཏོད་ཀྱི་འབོད་སྒྲས་འགྲོ་བ་མི་དག་ཡ་རབས་དགོས་པར་སྐུལ་མ་ཞུ་གི་ཡོད། ང་ཚོ་འཇིག་རྟེན་འདིའི་སྐྱེ་བོ་ཡོངས་རྫོགས་སྤུན་ཟླ་ལྟ་བུའི་མཐུན་སྒྲིལ་དགོས་པར་འབོད་སྐུལ་ཞུ་གི་ཡོད། ཐ་ན་ངའི་གཏམ་བཤད་འདི་ཡང་འཛམ་གླིང་ཁྱོན་ཡོངས་ཀྱི་མི་མང་ས་ཡ་དུ་མའི་རྣ་ལམ་དུ་འབྱོར་གི་རེད། རེ་ཐག་ཆད་པའི་སྐྱེ་བོ་ས་ཡ་དུ་མའི་ནང་གི སྐྱེས་པ་དང་། བུད་མེད། ཕྲུ་གུ། ད་རུང་སྒྲིག་འཛུག་གིས་གནོད་འཚེ་ཕོག་སྟེ། བཙོན་ཁང་དུ་མནར་བཅོད་མྱོང་བཞིན་པའི་ཉེས་མེད་ཀྱི་སྐྱེ་བོ་སུ་འདྲ་ཞིག་གི་སྙན་ལམ་དུ་ངའི་སྐད་ཆ་འདི་གོ་བ་ཡིན་ན་”ཡི་ཐང་མ་ཆད་རོགས་’’ཞུ་ཡ་ཡིན། སྡུག་བསྔལ་འདི་ད་ལྟ་ང་ཚོའི་ཐོག་ཏུ་ཡོད་མོད། ང་ཚོས་འདི་ལས་ཐར་བའི་རེ་འདུན་བཅང་། ཟུག་རྔུ་ཅན་གྱི་སྐྱེ་བོ་གང་དག་མི་མང་ཡར་རྒྱས་འགྲོ་བར་སྐྲག་གི་ཡོད། ཞེ་འཁོན་གྱིས་གཟིར་བའི་དམུ་རྒོད་དག་རྟག་བརྟན་མིན། སྲིད་དབང་སྒེར་འཛིན་པ་དག་གཤེགས་སོང་རྗེས། ཁོང་ཚོས་མི་མང་གི་ལག་ནས་ཕྲོགས་པའི་དབང་ཤུགས་མི་མང་ལ་ཕྱིར་འཐོབ་ངེས་ཡིན། སྐབས་འདི་དག་གི་རིང་རང་དབང་གི་ཆེད་དུ་སྐུ་གཤེགས་པའི་སྐྱེ་བོ་དག་དོན་མེད་དུ་གཏན་ནས་འགྱུར་མི་སྲིད།
དྲག་དམག་རྣམ་པ། ཁྱེད་ཅག་་་་་རང་གིས་རང་རང་ལ་གཏུམ་སྤྱོད་མ་གནོངས། མིས་ཁྱེད་རང་ལ་མཐོང་ཆུང་བྱེད་ཀྱི་ཡོད། བྲན་གཡོག་བཀོལ་གྱི་ཡོད། སུས་ཁྱེད་རང་དམག་དཔུང་ལ་བཀོལ་སོང་། གང་ཞིག་བྱ་དགོས་ལབ་སོང་། ཁྱོད་ལ་བསམ་མནོ་གང་ཞིག་འཁོར་སོང་། ཚོར་སྣང་གང་འདྲ་འདུག སུས་དམག་རྩལ་སྤྲོད་ཀྱི་འདུག སུས་འཚོ་གོས་སྦྱོར་གྱི་འདུག ཁྱེད་ཅག་ལ་དུད་འགྲོ་སྒོ་ཕྱུག་ཞིག་ཏུ་བརྩི་བཞིན་ཡོད། ཁྱེད་ཅག་གཡུལ་སར་རྨས་པའི་ནད་རོ་ཞིག་ཏུ་བརྩི་གི་ཡོད།
ཁྱེད་ཅག་རང་ཉིད་མི་གཤིས་ལས་བརྒལ་བའི་འཕྲུལ་ཆས་ཀྱི་མི་ཞིག་བྱེད་མི་འོས། འཕྲུལ་འཁོར་གྱི་མི་ལ་འཕྲུལ་ཆས་ཀྱི་སྙིང་དང་། འཕྲུལ་ཆས་ཀྱི་བསམ་བློ་ཅན་དག་མ་གནོངས། ཁྱེད་ཚོ་འཕྲུལ་འཁོར་མ་རེད། ཁྱེད་ཅག་དུད་འགྲོ་མ་རེད། ཁྱེད་ཅག་ནི་འགྲོ་བ་མི་རེད། ཁྱེད་ཚོའི་སྙིང་ལ་འགྲོ་བ་མིའི་བརྩེ་སེམས་དྲོད་མོ་ལྡན་ཡོད། ཁྱེད་ཅག་འཁོན་འཛིན་མ་གནོངས། བྱམས་པ་དང་བྲལ་བའི་སྔང་ཟུག་ཁོ་ན་མ་བྱེད། སྙིང་རྗེ་དང་བྲལ་ཞིང་མི་སྤྱོད་ལས་འདའ་བ་ཉག་གཅིག་མ་བྱེད།
དྲག་དམག་རྣམ་པ། བྲན་གཡོག་གི་ཆེད་དུ་འཐབ་རྩོད་མ་གནང་རོགས། རང་དབང་གི་སླད་དུ་འཐབ་འཛིང་གྱིས་དང་། བདག་ཉིད་ཆེན་པོ་ལཱུག་གི་ལེའུ་བཅུ་བདུན་པའི་ནང་དུ། “ལྷ་ཡི་རྒྱལ་པོ་ཡང་འགྲོ་བ་མིའི་ཁོངས་གཏོགས་ཡིན”ལུགས་གསུངས་པའི་མི་དེ་ནི། སྐྱེས་བུ་སྒེར་པ་ཞིག་མིན་ལ། ཚོགས་སྡེ་ཞིག་ཀྱང་མིན། དེ་ནི་ཁྱེད་ཅག་ཡོངས་རྫོགས་ཡིན། འགྲོ་བ་མི་དག་ཡིན། ཁྱེད་ཅག་མི་མང་ལ་སྟོབས་ཤུགས་ལྡན་ཡོད། སྟོབས་ཤུགས་ཀྱིས་འཕྲུལ་ཆས་བསྐྲུན། སྟོབས་ཤུབས་ཀྱིས་བདེ་སྐྱིད་བསྐྲུན་དགོས། ཁྱེད་ཅག་མི་མང་ལ་མངའ་བའི་ནུས་ཤུགས་ཀྱིས་མི་ཚེའི་རང་དབང་ལ་མཛེས་སྡུག་བསྐྲུན་དགོས། མི་ཚེ་འདི་ཆེས་ངོ་མཚར་ཞིང་དོན་སྙིང་ལྡན་པ་ཞིག་བྱ་དགོས། མང་གཙོ་ཞེས་གྲགས་པའི་ལམ་སྲོལ་དེར་ནུས་ཤུགས་བེད་སྤྱོད་གྱིས་དང་། ང་ཚོ་ཚང་མ་མཐུན་སྒྲིལ་གནོངས་དང་། ང་ཚོས་འཇིག་རྟེན་གསར་པ་ཞིག་བསྐྲུན་ཆེད་འཐབ་རྩོད་བྱ། ཚུལ་མཐུན་གཞུང་དྲང་གི་འཇིག་རྟེན་འདིས་འགྲོ་བ་མི་ལ་ལས་གནས་ཀྱི་གོ་སྐབས་ཤིག་ཕུལ་ཡོང་། དེས་ཁྱེད་ཚོར་མ་འོངས་པའི་ལམ་བུར། རྒས་ལོ་ལོན་གྱི་བར་དུ་འགན་སྲུང་ཞིག་གནང་ཡོང་།
ཞོར་དུ་ཞུ་རྒྱུར། བཀའ་སྲོལ་གྱི་དམ་བཅའ་བཙན་པོ་འདི་དག་དབང་ཤུགས་ཀྱིས་བསླངས་བཞག་པ་རེད། ཡིན་ནའང་དེ་དག་སྐྱག་རྫུན་རེད། ཁོང་ཚོས་མཐར་སྐྱེལ་མི་ཐུབ། ནམ་ཡང་མི་ཐུབ་སྲིད། སྲིད་དབང་སྒེར་འཛིན་པ་རང་ཉིད་ལ་རང་དབང་ཡོད་མོད། མི་མང་བྲན་གཡོག་ཏུ་བཀོལ་གྱི་ཡོད། ད་ལྟ་ང་ཚོས་དམ་བཅའ་དེ་འགྲུབ་ཆེད་འཐབ་རྩོད་བྱ། ང་ཚོས་འཇིག་རྟེན་འདི་རང་དབང་ཡོང་ཆེད་འཐབ་རྩོད་བྱ། རྒྱ་མཚམས་ཀྱི་ས་ཐིག་ལས་བརྒལ་ཏེ། འདོད་རྔམས་དང་། འཁོན་སེམས། མི་བཟོད་པའི་དྲི་ངན་དང་བྲལ་བའི་འཐབ་རྩོད་བྱ། འཛམ་གླིང་འདིའི་ཕྱིར་དུ་འཐབ་རྩོད་བྱ། འཇིག་རྟེན་འདིའི་ཚན་རིག་དང་། ཡར་རྒྱས་ཀྱིས་འགྲོ་བ་མི་དག་བདེ་སྐྱིད་ཀྱི་ལམ་སྣེ་འདྲེན་དགོས།
དྲག་དམག་དག མང་གཙོ་ཞེས་གྲགས་པའི་ལམ་སྲོལ་འདི་བརྒྱུད་དེ་མཐུན་སྒྲིག་བྱ།
ཧེ་ནཱ་ལགས། ཁྱེད་ཀྱིས་ངའི་འབོད་སྐད་གསན་སོང་ངམ། ཁྱེད་གང་ཞིག་ཏུ་བཞུགས་ཡོད་ཀྱང་ཆོག ཡར་ལ་གཟིགས་དང་། ཡར་ལ་གཟིགས་དང་། སྤྲིན་པ་ཡར་ལ་བཏེགས་ཏེ་ཉི་མ་བཙན་གྱིས་འཛུལ་སོང་། ང་ཚོ་མུན་ནག་ལས་འོད་སྣང་དུ་འོང་བཞིན་ཡོད། ང་ཚོ་འཇིག་རྟེན་གསར་པ་ཞིག་ཏུ་འོང་བཞིན་ཡོད། ཡ་རབས་ཀྱི་འཇིག་རྟེན་ན་འོང་བཞིན་ཡོད། འདི་ལྟ་བུའི་འཇིག་རྟེན་གསར་པ་འདིར་འོངས་བའི་འགྲོ་བ་མི་དག་གིས་འཁོན་འཛིན་དང་། འདོད་རྔམས། རྩུབ་སྤྱོད་དག་གཙང་སེལ་བྱ་འགྲོ།
ཧེ་ནཱ་ལགས། ཡར་ལ་གཟིགས་དང་།
མིའི་བླ་སྲོག་ལ་སྒྲོ་གཤོག་འབུས་ཏེ་མཐའ་མཇུག་ཏུ་འཕུར་མགོ་རྩོམ་བཞིན་འཆི། ཁོང་འཇའ་ཚོན་གྱི་གུར་ཁང་ཀློང་དུ་ལྡིང་གིན། རེ་བའི་འོད་སྣང་གི་གཏིང་ན་འཕྱོ་བཞིན། འབྱུར་འགྱུར་གྱི་ལམ་བུར་སྐྱོད་ཀྱིན་འཆི། དཔལ་ཡོན་གྱི་མངོན་པར་མཐོ་བའི་མ་འོངས་པ་དེ། ཁྱེད་ཀྱི་རེད་ལ། ངའི་ཀྱང་རེད། ང་ཚོ་ཚང་མར་དག་པའི་དངོས་པོ་རེད།
གཟིགས་དང་། ཧེ་ནཱ་ལགས། གཟིགས་དང་།

2011/11/10
ཅན་ཤིའི་སློབ་མ།
ཀུན་སྤྱོད་ངན་ཞིང་སློབ་སྦྱོང་ལ་ཆེ་མཐོང་མེད་པའི་སློབ་མ།
༢༠༡༡། ཟླ་བ་༡༡། ཚེས་༨་ལ། རྒྱ་ནག་ཤར་ཁུལ་ཅན་ཤི་མངའ་སྡེའི་ཅན་ཤན་རྫོང་སློབ་འབྲིང་གི་སློབ་མ་ཚོ་འཛིན་ཁང་ཕྱིར་ཐོན་ཏེ་སྒོ་ཁྱམས་སུ་ཡིག་རྒྱུགས་གཏོང་གིན་འདུག་པའི་སྣང་ཚུལ་རེད། སྤྱིར་སློབ་མ་དག་སྒོ་ཕྱི་ཐོན་དགོས་དོན་མེད་པ་སྟེ་དེང་སྐབས་ས་གནས་དེ་གར་གནམ་གཤིས་ཚད་བཅུ་གྲངས་ཆག་གཤིས། སློབ་མ་དག་གྲང་འདར་རྒྱག་པའི་སྒང་ཡིན་འདུག །
2011/11/09
2011/11/08
ཞོགས་པ་དང་ཞོགས་ཇ།
གསེར་གྱི་ཉི་གཞོན་རི་རྩེ་ནས་བཞེངས་དུས། །
དགྱེས་པའི་འོད་འཛུམ་སྒེའུ་ཁང་ནས་སྐྱོང་འདུག །
དྲོ་ལ་འཇམ་པའི་ཉི་འོད་ཀྱིས་འཁྱུད་པའི། །
མཛེས་ཤིང་སྡུག་པའི་མི་ཡུལ་འདི་སྐྱིད་པ། །
བསིལ་ཞིང་དྭངས་བའི་མཁའ་དབུགས་རེ་འཐུང་དུས། །
དྲི་འཛིན་རྒྱལ་མོ་དགའ་སྤྲོ་ཡིས་མྱོས་སོང་། །
མ་བཀྲོལ་རང་བྱུང་བྱེའུའི་སྐད་ཀྱི་རོལ་མོས། །
སྒྲ་འཛིན་རྔ་ཆེན་དགའ་འབོད་ཀྱིས་འུར་སོང་། །
མངར་ཇ་དྲོད་མོ་ལྕེ་གཏིང་དུ་སྐྱིལ་དུས། །
ལྷུ་དྲུག་གཟུགས་གཞི་བྲོ་བཅུད་ཀྱིས་བཟི་སོང་། །
སྒོང་ཆུ་བྱུག་པའི་ཧེམ་བག་གི་གསོལ་བ། །
ལྷ་ཡི་ཞལ་ཟས་མ་འབད་ཀྱང་གྲུབ་འདུག །

2011/11/07
དམ་བཅའ་གཉིས་པ།
ངས་དམ་བཅའ་ཕལ་ཆེར་ཁྱེད་ཀྱི་ལྐོག་ན་འཇོག་ཅིང་ངའི་དམ་བཅའ་ཡོད་ཚད་ཁྱེད་ཀྱི་མདུན་དུ་འཇིག་འགྲོ་བ་འདི་རྒྱུན་ལྡན་ཞིག་རེད་ཨང་། ཁ་སང་ས་སྲོད་ཀྱི་བྱང་ཐང་ན་སྡང་བའི་བཙག་སེར་དང་འདྲ་བའི་ཁྱེད་ཀྱི་རྣམ་འགྱུར་རེ་རེ་མཐོང་དུས། ངས་ཡ་ཐོད་ལ་བབས་པའི་གཉེར་སུལ་དང་འགྲམ་རྩ་རུ་བཞད་པའི་སྐྲ་དཀར་ལ་ལེ་བདའ་སྟོང་ཚར་རེས་སྤྱོས་སྟེ་“ངས་ནམ་ཡང་ཁྱེད་སུན་དུ་མི་འཇུག” ཟེར་བའི་བརྗོད་ཚིག་གཅིག་པོ་འདིས་དམ་བཅའ་ཁྲི་ཕྲག་ལ་མཚན་རྟགས་རེ་རེ་བཞིན་བཀོད་ཡོད། འོན་ཀྱང་ད་རུང་ངས་ཁག་ཐེག་བྱ་མི་སྤོབས་པ་ནི། ཞོགས་འཚོགས་ཀྱི་གྲལ་རིམ་གོང་འོག་ནས་མངོན་ཆུང་ཟུར་མིག་གི་ཆོམ་རྐུན་འཇུག་པའི་ལང་ཤོར། བགྲོད་ལམ་གྱི་གར་སྟེགས་ནས་རྒྱབ་གཟུགས་ཀྱི་ཟློས་གར་ལ་ལྟ་རྒྱུའི་ལང་གོམས། ད་རུང་ཁྱེད་ཀྱིས་ཐེམ་སྐས་གོང་མ་ནས་ཕྱི་མིག་རེ་གཟིགས་དུས་ངས་ཏག་ཏག་སྐས་རྟིང་ནས་བསྒུགས་ཏེ་ཡོད་པའི་གོམས་གཤིས་འདི་དག་ངའི་ཀླད་ཆེན་གྱི་མ་དེབ་ནང་དུ་ཡོངས་སུ་བཀོད་ཟིན་སྟབས་གློ་བུར་དུ་མཚམས་ཇི་ལྟར་འཇོག་ཐུབ་བམ། ད་ནང་། ད་རུང་ཉི་འོད་འོད་ལས་འཚེར་བའི་ཁྱེད་ཀྱི་མཛུམ་ཞལ་དྭངས་མ་དེས་ངའི་དམ་བཅའི་བ་མོ་བཞུ་ལ་ཉེ་སོང་། རེ་བ་མེད་པའི་འདུན་པ་ཞིག་སྐྱེ་རུ་འཇུག་སོང་། །
2011/11/04
དགོང་མོ།
སྤྲིན་པ་ནག་པོ་རླུང་བུས་དཀྲུགས་སོང་། །
ལྗོན་ཤིང་སེར་པོའི་ལོ་མ་བྲུལ་སོང་། །
གྲང་རླུང་གཟེར་མོས་ངོ་གདོས་བྲབས་སོང་། །
སེམས་པ་སྐྱ་མོ་མུན་པར་བདས་སོང་། །
ཉི་མ་སེར་པོ་རྒྱང་དུ་བཞུད་རྗེས། །
ལེ་དབར་སྟོང་གི་ཕར་རོལ་ཞིག་ནས། །
མུན་པའི་ཁྲོད་ཀྱི་སྐར་མ་འོད་ཆེམ། །
ཡིད་ཐང་ཆད་པའི་སྐྱོ་རོགས་མིན་འགྲོ །
སྒེའུ་ཁུང་ནང་གི་ཡོལ་བ་ཟད་པོ། །
སྐོར་རླུང་འཚུབ་མའི་འགྲོས་དང་བསྟུན་ཏེ། །
དྲག་ཤུལ་ནུས་པས་རྡེག་ཐེངས་རེ་རེས། །
དྲན་པའི་གཏིང་ནས་ཟུག་གཅིག་བསླངས་སོང་། །
ཉེ་མ་རྒྱང་གི་རི་གྲོང་གསེང་ནས། །
ཁྱི་སྤྱང་ངུས་པའི་འོ་དོད་གཟན་མོས། །
རྣ་བའི་རྔ་ཆེན་ཐོལ་གྱིས་ཕུག་ཏེ། །
དྲན་པའི་ཁྲམ་མཚོ་ཤད་ཀྱི་བསྐྱམས་སོང་། །
2011/11/02
སྒེ་ཁུང་།
ལག་རིང་གནམ་དུ་མ་བསྙབ་དང་། །
དེ་ན་བླང་རྒྱུ་ཅི་ཡང་མེད། །
འཇོན་པོ་མེད་པའི་འཇོན་མདོག་དེ། །
རང་རྒྱུས་མི་ལ་ངོམ་རོགས་རེད། །
སྦ་ཁུང་སྟོང་པའི་བར་འཚང་དུ། །
ཚགས་ཤོག་རྒྱོང་བའི་ཐབས་ལམ་འདི། །
རང་མགོ་རང་གིས་གཡོགས་པ་ལས། །
གཞན་མགོ་སྐོར་བ་རྨི་ལམ་རེད། །
སྲན་མས་བརྡལ་བའི་གར་སྟེགས་སུ། །
རྐང་བྲོ་འགྱོགས་སོང་མ་དགོངས་དང་། །
ཨོང་ཤ་བརྡབས་པའི་བྲོ་བ་ཞིག །
མྱོང་གི་མེད་པ་སུ་ཡིས་ཤེས། །
ཐང་དཀར་ཐུ་ལུའི་བར་གསེང་ན། །
ཁྱེད་ནི་མཁའ་ལྡིང་ཁྱུང་ཆེན་རེད། །
རྒོ་བ་འདྲོགས་པའི་རྗེས་ཤུལ་ན། །
ཁྱེད་རང་ཤ་ཁྱི་དམར་པོ་རེད། །
མི་དཔོན་བླ་མའི་སྐུ་མདུན་དུ། །
ཁྱེད་ནི་ཉམས་ཆུང་ཁྱིའུ་ཞིག །
གཉོད་ཆུང་གྲོགས་ཀྱི་ཁ་སྔུན་ན། །
ཁྱེད་ནི་བརྗིད་པའི་སེང་གེ །
ཐམས་ཅད་འཛོམས་པའི་ཉིན་མོ་རུ། །
ཡོད་ཚད་བརྗེད་པར་འགྱུར་ཡང་སྲིད། །
ཐམས་ཆད་ཤོར་བའི་ཉིན་མོ་དེར། །
ཡོ་ཚད་དྲན་པ་ཁག་ཐེག་ཡིན། །
དེ་ན་བླང་རྒྱུ་ཅི་ཡང་མེད། །
འཇོན་པོ་མེད་པའི་འཇོན་མདོག་དེ། །
རང་རྒྱུས་མི་ལ་ངོམ་རོགས་རེད། །
སྦ་ཁུང་སྟོང་པའི་བར་འཚང་དུ། །
ཚགས་ཤོག་རྒྱོང་བའི་ཐབས་ལམ་འདི། །
རང་མགོ་རང་གིས་གཡོགས་པ་ལས། །
གཞན་མགོ་སྐོར་བ་རྨི་ལམ་རེད། །
སྲན་མས་བརྡལ་བའི་གར་སྟེགས་སུ། །
རྐང་བྲོ་འགྱོགས་སོང་མ་དགོངས་དང་། །
ཨོང་ཤ་བརྡབས་པའི་བྲོ་བ་ཞིག །
མྱོང་གི་མེད་པ་སུ་ཡིས་ཤེས། །
ཐང་དཀར་ཐུ་ལུའི་བར་གསེང་ན། །
ཁྱེད་ནི་མཁའ་ལྡིང་ཁྱུང་ཆེན་རེད། །
རྒོ་བ་འདྲོགས་པའི་རྗེས་ཤུལ་ན། །
ཁྱེད་རང་ཤ་ཁྱི་དམར་པོ་རེད། །
མི་དཔོན་བླ་མའི་སྐུ་མདུན་དུ། །
ཁྱེད་ནི་ཉམས་ཆུང་ཁྱིའུ་ཞིག །
གཉོད་ཆུང་གྲོགས་ཀྱི་ཁ་སྔུན་ན། །
ཁྱེད་ནི་བརྗིད་པའི་སེང་གེ །
ཐམས་ཅད་འཛོམས་པའི་ཉིན་མོ་རུ། །
ཡོད་ཚད་བརྗེད་པར་འགྱུར་ཡང་སྲིད། །
ཐམས་ཆད་ཤོར་བའི་ཉིན་མོ་དེར། །
ཡོ་ཚད་དྲན་པ་ཁག་ཐེག་ཡིན། །
Subscribe to:
Posts (Atom)