2016/11/12

རི་བོ་རྩེ་དྲུག

རི་བོ་རྩེ་དྲུག







— ཁྱུང་ཨོ་རིག་འཛིན།

ཁྱུང་པོའི་རི་བོ་རྩེ་དྲུག་འདི།།
རིག་འཛིན་བརྒྱད་ཅུའི་ཕོ་བྲང་ཟེར།།
ཕྲན་ཆུང་ང་ཡི་མདུན་རི་ཡིན།།
ང་ཆུང་ཆུང་ཨ་མའི་པང་ཐོག་ནས།།
རི་བོ་འདི་ཡི་ཕར་ནང་ན།།
ནམ་མཁའ་རྐྱང་རྐྱང་ཡིན་ནམ་བསམས།།
འཇིག་རྟེན་དེ་ཙམ་ཡིན་ན་བསམས།།
ང་དེ་རྗེས་བེའུ་རྫི་འགྲོ་བའི་ཚེ།།
རི་བོ་འདི་ཡི་རྩེ་མོ་ལ།།
དར་དང་ཟ་འོག་མདོག་འདྲ་ཞིང་།།
ཤེལ་དང་གློག་གི་འོད་སྣང་བའི།།
དགོང་ཀའི་མཚམས་སྤྲིན་ཆགས་པ་ན།།
ལྷ་དང་སྲུང་མའི་ཚོགས་དེ་དག།
འདི་འདྲ་ཞིག་ཏུ་བཞུཌ་སམ་བསམས།།
གུ་རུ་ཡེ་ཤེས་མཚོ་རྒྱལ་གཉིས།།
འདི་ཤེད་ཅིག་ནས་མཇལ་འོངས་སྙམ།།
རྗེ་བཙུན་སྒྲོལ་མའི་དར་གོས་དག།
ཁ་དོག་འདི་དང་ཨེ་འདྲ་བསམས།།
ང་དེ་རྗེས་ནོར་རྫིར་འགྲོ་བའི་དུས།།
རྒྱ་གར་བྱ་རྒོད་སྤུང་རི་དང་།།
དབུས་ཀྱི་ཉི་མ་ལྷ་ས་སོགས།།
རི་འདི་བརྒལ་ན་ཡོད་པར་གོ།
ཆུ་ཆེན་རྒྱ་མོ་རྔུལ་ཆུ་ཡང་།།
རི་འདིའི་རྒྱབ་ནས་བཞུར་བར་ཤེས།།
ང་དེ་རྗེས་དར་བ་བབ་པའི་ཚེ།།
རི་བོ་འདི་ཡི་རྒྱལ་ལོགས་ནས།།
ཨ་རིའི་རྡུལ་ཕྲན་མཚོན་ཆ་ཞིག།
འཇར་པན་ཡུལ་དུ་འཕངས་པ་གོ།
རི་བོ་འདི་ཡི་སྟེང་ཤེད་ནས།།
དེང་གི་འཇིག་རྟེན་འཕུར་གྲུ་དེ།།
ཟླ་བའི་སྟེང་དུ་བབས་པ་གོ།
རི་འདིའི་རྒྱབ་ཀྱི་རྒྱབ་ཅིག་ན།།
མགོ་སེར་འཇིག་རྟེན་ཡོད་པར་གོ།
མི་ནག་ཡུལ་ཁམས་ཡོད་པར་གོ།
སྲིད་པའི་ངོ་མཚར་ཇི་སྙེད་ཅིག།
རི་འདི་བརྒལ་ན་ཡོད་པར་རྟོགས།།

སེམས།

སེམས་ནི་སྟོན་ཀའི་ལོ་མ་ཞིག།
སེམས་ནི་དགུན་ཁའི་བུ་ཡུག་ཅིག།
སེམས་ནི་དཔྱིད་ཀའི་རླུང་བུ་ཞིག།
སེམས་ནི་དབྱར་གྱི་མེ་ཏོག་ཅིག།
སེམས་ནི་རྒྱ་མཚོའི་རྦ་རླབས་ཤིག།
སེམས་ནི་ནམ་མཁའི་སྤྲིན་པ་ཞིག།
སེམས་ནི་དགོང་ཀའི་མཚམས་སྤྲིན་ཞིག།
སེམས་ནི་གྱང་གི་ལྡེབས་བྲིས་ཤིག།
སེམས་ནི་ན་བུན་རབ་རིབ་ཅིག།
སེམས་ནི་རྒྱང་གི་སྨིག་སྒྱུ་ཞིག།
སེམས་ནི་དགུན་གྱི་ལྷགས་རླུང་ཞིག།
སེམས་ནི་འཇག་མའི་ཤུ་གླུ་ཞིག།
སེམས་ནི་བྱེ་ཐང་རྔ་མོང་ཞིག།
སེམས་ནི་བཤས་རའི་གཡག་གུ་ཞིག།
སེམས་ནི་སྤྲེའུའི་གར་སྟབས་ཤིག།
སེམས་ནི་བྱིས་པའི་རྩེ་ར་ཤིག།
སེམས་ནི་ས་ཐོག་གྲོག་མ་ཞིག།
སེམས་ནི་གཡོ་ཅན་ཝ་མོ་ཞིག།
སེམས་ནི་ཧམ་ཆེན་ཇག་པ་ཞིག།
སེམས་ནི་དཀར་པོ་གངས་རི་ཞིག།
སེམས་ནི་ནག་པོ་སོལ་བ་ཞིག།
སེམས་ནི་རྟག་པ་ཐེར་ཟུག་ཅིག།
སེམས་ནི་ཅང་མེད་སྟོང་པ་ཞིག།
སེམས་ནི་བསམ་བརྗོད་བྲལ་བ་ཞིག།
སེམས་ནི་ཀླད་པའི་འགུལ་སྐྱོད་ཅིག། (function)

2016/07/25

ནུ་བོ་ཐ་ཆུང་།


kunsang
ནུ་བོ་ཐ་ཆུང།
ཁྱོད་རང་ཐོག་མར་འཇིག་རྟེན་འདི་ན་འོངས་པའི་དུས་ཚོད་གསལ་པོ་མི་དྲན། ཨ་མས་གསུངས་ན་ཁྱོད་རང་རྒས་བུ་མགོ་འགྱ་རེད་ཟེར། (མགོ་ཆེ་བའི་དོན)
གང་ལྟར་ཨ་འཕེལ་ཁྱེད་གཉིས་སྤུན་མཆེདགཞན་ལས་ལུས་སྟོབས་ཆེ་བས། བཙའ་སྐབས་ཨ་མ་ལ་དཀའ་ཚེགས་མི་ཉུང་བ་ཞིག་འཕྲད་ཡོད་ལ། ལྷག་པར་ཨ་འཕེལ་སྐྱེ་སྐབས་ཨ་ཕ་ཡང་མེད་ལ་ཨ་མ་བང་ཁྲག་བཞུར་ཚད་མང་དྲགས་རྐྱེན་ཏོག་ཙམ་མིན་ན་མེད་པ་ཆགས་གྲབས་ཡིན། དཀོན་ཅོག་མཁྱེན།

2016/07/23

སྡུག་གྱོང་གྱིས།

པ་ཀི་སྠན་ཡུལ་ནས་མེར་བསྲེགས་པའི་བུ་མོ།
མི་རི་ཡ་་ས་ད་ཁ་ཊ་(Maria Sadaqat)
ཀྱེ་མ་ཀྱེ་ཧུད་འཇིག་རྟེན་འདི་ན། །
ཆོས་ལུགས་འདི་ཚོ་ཅི་ཞིག་ཡིན་ན། །
ཆོས་ལུགས་འདི་ཚོས་ཅི་ཞིག་སྒྲུབ་ཀི །
ཆོས་ལུཌ་བསྒྲུབས་ནས་ཅི་ཞིག་འགྲུབ་ཐལ། །

རླབས་ཆེན་ཁ་ཆེའི་ཆོས་དཔོན་ཞིག་གིས། །
རང་གི་བུ་ཆུང་དམར་མཆོད་ཕུལ་མྱོང་། །
མཐོང་རྒྱུ་མེད་པའི་དཀོན་ཅོག་དེ་ལ། །
རྒྱགས་རྒྱུ་ངོམ་རྒྱུ་གཏན་ནས་མེད་ཟིག །

2016/07/13

དྷར་མ་པ་ལ།

ནང་པའི་དགེ་བསྙེན་ཨ་ན་གཱ་རི་ཀ་དྷརྨ་པ་ལ་ (Sinhalese: අනගාරික ධර්මපාල; 17/09/1864 –29/4/1933) ནི་ཤྲཱི་ལངྐའི་ནང་བསྟན་བསྐྱར་གསོ་གནང་མཁན་དང་། རྩོམ་པ་པོ། སིངྷ་ལའི་ནང་པའི་འཚེ་བ་མེད་པའི་རིང་ལུགས་དང་ནང་བསྟན་ལ་མཐུན་འགྱུར་གྱི་རྨང་འཛུགས་མཁན། དུས་རབས་འགའི་རིང་ལ་དོན་དངོས་སུ་མིང་གི་ལྷག་མ་ཙམ་དུ་གནས་པའི་རྒྱ་གར་ཡུལ་གྱི་ནང་བསྟན་བསྐྱར་གསོའི་བྱ་གཞག་གསར་གཏོད་གནང་མཁན། ཨེ་ཤི་ཡ་དང་། ནུབ་ཨ་རི། ཡོ་རོབ་གླིང་བཅས་གླིང་ཆེན་གསུམ་ལ་ནང་ཆོས་འཆད་ཁྲིད་གནང་མཁན་ཐོག་མ། དེ་བཞིན་ཁོང་དང་ཧེན་རས་སི་ཊལ་་ཨོ་ཁོཊ་ (Henry Steel Olcott) དང་ཧེ་ལེ་ན་་བྷུ་ལ་་ཝཊ་སི་ཀས་ (Helena Blavatsky) བཅས་ནི་ལྷ་ལམ་ཚོགས་པ་ (Theosophical Society) གསར་གཏོད་གནང་མཁན་ཡིན་པ་དང་། སེས་ལོན་ནི་སི་སྟེ་ཤྲཱི་ལངྐའི་ (Ceylonese) ནང་བསྟན་བསྐྱར་གསོ་དང་ལེགས་བཅོས་གནང་མཁན་གཙོ་བོ་དང་། ནུབ་ཕྱོགས་སུ་ནང་བསྟན་བརྒྱུད་སྤེལ་གྱི་རྣམ་པ་གལ་ཆེན་ཞིག་ཀྱང་ཐོན་ཡོད། མཁས་དབང་ཨམ་བྷེཌ་ཀར་ལས་དུས་རབས་ཕྱེད་ཀྱི་སྔོན་ལ་ཁོང་གིས་ཏ་མིལ་དུ་ (Tamil Nadu) ནང་བསྟན་དར་བར་བགྱིས་པ་ཚུད་པའི་རྒྱ་གར་ལྷོ་ཕྱོགས་ཌ་ལིཊ་ (Dalits) ཡི་ལས་འགུལ་ལ་སྐུལ་སློང་ཤུགས་ཆེན་ཐེབས་ཡོད། སྐུ་ཚེའི་སྨད་ལ་ནང་པའི་བསྟན་ལ་རབ་ཏུ་བྱུང་ཞིང་མཚན་བཀུར་འོས་ཤྲཱི་དེ་ཝ་མིཏྟ་དྷརྨ་པ་ལ་ཞེས་གསོལ།

ས་བཅད།

1 སྐུ་ཚེའི་སྟོད།
2 སློབ་གཉེར།
3 ནང་བསྟན་བསྐྱར་གསོ།
4 ཆོས་ལུགས་ཞབས་ཞུ།
5 དྷརྨ་པ་ལ་དང་། ཚན་རིག་དང་། བདེ་དོན་རྩོན་ལེན་གྱི་ནང་བསྟན། (Protestant Buddhism)
6 དཔྱད་རྩོམ་རིགས།
   A ནང་བསྟན་ལ་འཛམ་གླིང་གི་བུན་ལོན་ཟུག་པ། (1893)
   B རེ་བཟང་ཕུགས་བཅོལ་ནང་ཆོས་ཀྱི་དགེ་མཚན། (1915)
  C སྟོན་པའི་འཕྲིན། (1925)
  D ནང་བསྟན་གྱི་ལྟ་བའི་འཕེལ་རིམ། (1926)
7 སིངྷ་ལའི་ནང་པའི་མི་རིགས་ལ་མཐུན་སྦྱོར་གནང་སྦྱིན།
8 རྗེས་དྲན།
1. སྐུ་ཚེའི་སྟོད།

dharmapala 29 years
ཤྲཱི་མ་ཐ་ཨ་ན་གཱ་རི་ཀ་དྷརྨ་པ་ལ་དགུང་
ལོ་29 (1893)ཐོག་གི་པར། 
ཁོང་ནི་སྤྱི་ལོ་1864 ཟླ་བ་ 9 པའི་ཚེས་ 17 ཉིན་རྒྱལ་ས་ཁོ་ལོན་བྷོའི་(Colombo) སེས་ལོན་ (Ceylon) ས་གནས་སུ་ཡབ་ཌོན་ཁར་རོ་ལེ་སི་་ཧེ་ཝ་ཝི་་ཐ་ར་ན་ (Don Carolis Hewavitharana) དང་ཡུམ་མལླི་ཀ་་དྷརྨ་་གུ་ཎ་་ཝརྡྷ་ན་ (ཨནྡི་རྀཥ་པེ་རེ་ར་་དྷརྨ་གུ་ཎ་་ཝརྡྷ་ནའི་བུ་མོ) གཉིས་ཀྱི་སྲས་སུ་འཁྲུངས། སྐབས་དེར་ཁོང་གཉིས་སེས་ལོན་གྱི་ཚོང་བདག་ཕྱུག་ཤོས་གྲས་ཡིན། ཁོང་གི་མཚན་ལ་ཌོན་ ཌེ་ཝིཌ་ ཧེ་ཝ་ཝི་ ཐ་ར་ནེ་ (Don David Hewavitharane) ཞེས་གསོལ། ཁོང་ལ་སྤུན་ཆུང་བ་མཁས་དབང་ ཆར་ལེ་སི་ ཨལ་ཝི་སི་་ཧེ་ཝ་་ཝི་་ཐ་ར་ན་ (Dr. Charles Alwis Hewavitharana) དང་ཨེཌ་མུནྜ་ ཧེ་ཝ་ཝི་ ཏརྣེ་ (Edmund Hewavitarne) གཉིས་ཡོད།

2. ཁོང་གི་ཤེས་ཡོན་སློབ་གཉེར།

སེས་ལོན་ནི་ཤྲཱི་ལངྐའི་དབྱིན་ཇིའི་གྲོང་སྡེ་ཞིག་(ད་ལྟ་ཤྲཱི་ལངྐའི་ཡིན་)ཡིན་པས་ཧེ་ཝ་་ཝི་ཏརྣེའི་[གོང་དུ་"ཏརྣེ་"སྤུན་ཆུང་བ་གཅིག་གི་མིང་དང་ཁོང་གི་མཚན་ལ་ཐ་ར་ནེ་ཡིན་ཚུལ་གོང་དུ་བཤད་འདུག་མོད་གཤམ་དུ་ཡང་ཁོང་ལ་ཏརྣེ་ཞེས་འཁོད་འདུག་པས་དཔྱད་གཞིར་འདུག]རྩ་བའི་ཤེས་ཡོན་ནི་དབྱིན་སྐད་དང་འབྲེལ་བ་ཡིན། ཁོང་ཡེ་ཤུའི་མཐོ་སློབ་ (Christian College) དང་། ཁོཊ་ཊེ་ (Kotte) བྷེན་ནེ་་ཌིཀ་ཊིའི་་མཐོ་སློབ་དང་།(St Benedict's College), ཁོ་ཏ་་ཧེ་ན། (Kotahena) ཐོ་མ་སིའི་མཐོ་སློབ། (S.Thomas' College) མུཊྺལ།( Mutwal) དེ་བཞིན་ཁོ་ལོམ་བྷོའི་གཙུག་ལག་སློབ་གཉེར་ཁང་ (རྒྱལ་པོའི་མཐོ་སློབ) བཅས་སུ་ཞུགས་ཏེ་སློབ་གཉེར་གནང་ཡོད།

3. ནང་བསྟན་བསྐྱར་གསོ།

dharmapala at mahabodi society at calcutta
ཀལ་ཀུཏ་ཏ་རུ་བྱང་ཆུབ་ཆེན་པོའི་ཚོགས་པའི་སྤྱི་ཁྱབ་
ལས་ཁུངས་ནང་བླངས་བའི་པར། དཀྱིལ་འདུག་
སྟེགས་ཐོག་བཞུགས་མཁན་དེ་ཁོང་ཡིན
ཨ་ན་ག་རི་ཀ་དྷརྨ་་པ་ལ་་ནི་རྒྱ་གར་ཀལ་ཀུཊ་ཊར་(Calcutta)ཡོད་པའི་མ་ཧཱ་བོ་དྷིའམ་བྱང་ཆུབ་ཆེན་པོའི་ཚོགས་པའི་དབུས་སྤྱི་ཁྱབ་ལས་ཁུངས་ཀྱི་འགན་འཛིན་ཡིན་ལ། སྐབས་དེ་ནི་ནང་བསྟན་བསྐྱར་གསོའི་གནང་དུས་ཡིན། སྤྱི་ལོ་1875 ལོར་ཨ་རིའི་ནེའུ་ཡུག་ཏུ་ཁོང་དང་། ལྕམ་སྐུ་་བྷུ་ལ་་ཝཊ་་སུ་ཀས་ (Madame Blavatsky) དང་། མདའ་དཔོན་ཨོལ་ཁོཊྚ་ (Colonel Olcott) བཅས་ཀྱིས་ (ལྷ་ལམ་ཚོགས་པ་ Theosophical Society) གསར་དུ་བཙུགས། ཕྱི་རྒྱལ་བ་དེ་གཉིས་ཀས་ནང་ཆོས་ཀྱི་ཁྱད་ཆོས་དང་གནས་བབ་གང་ཡིན་པ་ཤེས་རྟོགས་བྱུང་སྟེ་སེམས་ཁུར་དང་དོ་སྣང་བྱུང་སྟབས། སྤྱི་ལོ་ 1880 ལོར་སེས་ལོན་དུ་འབྱོར་ནས་ཁོང་གཉིས་ནང་པ་བྱེད་རྒྱུར་ཁྱབ་སྒྲག་བྱས་ཤིང་སིངྷ་ལའི་དགེ་སློང་ (Sinhalese bhikkhu) ཚད་ལྡན་ཞིག་ལས་སྐྱབས་འགྲོ་དང་སྡོམ་པ་ཞུས། མདའ་དཔོན་ཨོལ་ཁོཊ་ཊས་སེམས་ཐག་གཙང་གཅོད་ཀྱིས་ནང་པའི་ཤེས་ཡོན་གྱི་ཆེད་དུ་སླར་ཡང་ཤྲཱི་ལངྐར་ལོག་སྟེ་ནང་པའི་སློབ་གྲྭ་ཁག་སུམ་བརྒྱ་ལྷག་བཙུགས་ཡོད་པ་ལས་ཁག་གཅིག་ད་ལྟ་ཡང་གནས་ཡོད། སྐབས་དེའི་མཚམས་སུ་་ཧེ་ཝ་་ཝི་ཏརྣེས་་རང་གི་མིང་ཨ་ན་ག་རི་ཀ་དྷརྨ་པ་ལ་ཞེས་བརྗེས་གནང་ཡོད་ལ་དྷརྨ་པ་ལ་ཞེས་པ་ནི་“ཆོས་སྐྱོང་ངམ་ཆོས་སྲུང་”དང་། ཨ་ན་ག་རི་ཀ་ནི་“ཁྱིམ་སྤངས་པ་”ཞེས་པའི་དོན་ཡིན། སྤྱིར་དགེ་བསྙེན་ནི་རབ་ཏུ་བྱུང་བ་དང་ཁྱིམ་པའི་བར་གནས་སུ་ཡོད་པའི་བསླབ་སྡོམ་ [སྤྱིར་ན་འདི་ཁྱིམ་པའི་ཁོངས་སུ་གཏོགས་ཀྱང་འདིར་ཁྱིམ་པ་ཞེས་པ་ནི་ནང་ཆོས་ཀྱི་བསླབ་སྡོམ་གཏན་ནས་མི་ལེན་མཁན་ཞི་ལ་གོ་དགོས་པ་འདྲ།] ཞིག་ཡིན། ཁོང་གིས་བསྙེན་གནས་ཡན་ལག་བརྒྱད་ཀྱི་སྡོམ་པ་ཇི་སྲིད་འཚོའི་བར་བསྲུངས་བར་མཛད། [གོ་མའི་དགེ་བསྙེན་ཟེར་བ་དེ་ཡིན་པ་འདྲ།] ཡན་ལག་བརྒྱད་ནི་སྲོག་གཅོད་པ་དང་། རྐུ་བ། འཁྲིག་སྤྱོད། རྫུན། མྱོས་འགྱུར་གྱི་བཏུང་བ་དང་རྫས། ཕྱི་དྲོའི་ཁ་ཟས། སྤྲོ་སྐྱིད་རྒྱན་སྤྲོས། མལ་ཆེ་མཐོ་བཅས་ཡིན། སྤྱིར་བཏང་བསྙེན་གནས་ཡན་ལག་བརྒྱད་ནི་སེས་ལོན་ཁྱིམ་པ་བ་རྣམས་ཀྱིས་ཉི་མ་ལྔ་རེ་ལེན་སྲོལ་ཡོད་ཀྱང་མི་ཚེ་གང་པོར་ལེན་པ་ནི་ཚད་མཐོ་བ་དང་ཐུན་མོང་མ་ཡིན་པ་ཞིག་ཡིན། དྷརྨ་པ་ལས་ཁྱིམ་སྤངས་པ་དེ་ཐོག་མ་ཡིན་ལ་ཚངས་པར་སྤྱད་ན་དུས་ཚོད་ཡོད་ཚད་ནང་ཆོས་ཐོག་གཏོང་ཐུབ་ཀྱི་ཡོད། ཁོང་ཕལ་ཆེར་དགུང་ལོ་བརྒྱད་ནས་བཟུང་ཚངས་སྤྱོད་སྡོམ་པ་བླངས་ཏེ་སྐུ་ཚེ་གང་པོར་སྡོམ་པ་ཡང་དག་པར་བསྲུངས་བར་མཛད། ཁོང་གིས་རྒྱུན་དུ་ན་བཟའ་སེར་པོ་ཞིག་མནབ་སྲོལ་ཡོད་ཀྱང་དེ་སྲོལ་རྒྱུན་དགེ་སློང་གི་ན་བཟའ་མིན་ལ་དབུ་སྐྲ་ཡང་བཞར་བར་མི་མཛད། གང་ཡིན་ཟེར་ན་འཛམ་གླིང་གར་སར་འཕུར་སྐྱོད་བྱེད་པ་སོགས་ལས་ཀའི་དབང་གིས་ཉན་ཐོས་སྡེ་པའི་ (vinaya) འདུལ་ཁྲིམས་ལ་དོ་ཕོག་འབྱུང་བའི་སེམས་ཚོར་ཡོད། ཁོང་གི་བྱ་གཞག་དེ་དག་ནི་མཚན་མཐོང་གི་ཆེད་མི་ལ་དབང་འཛིན་སྙན་གྲགས་སོགས་ཀྱི་ཆེད་དུ་དེ་བས་མིན། དེས་ན་ཁོང་གི་མཛད་སྤྱོད་ནི་དེང་རབས་ནང་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། མདོར་ན་ཁོང་ནི་ཤྲཱི་ལངྐའི་ཡུལ་དུ་ཕེབས་པའི་བྱང་ཆུབ་སེམས་དཔའ་ཞིག་ཏུ་ངོས་འཛིན་བྱེད་ཆོག

ཁོང་སྤྱི་ལོ་ 1885 ལོར་གནས་མཆོག་རྡོ་རྗེ་གདན་ལ་གནས་སྐོར་ལ་ཕེབས་ཤིང་དེར་ཡོང་རྒྱུའི་སེམས་འགུལ་ནི་ཨེ་ཤི་ཡིའི་འོད་སྣང་ (TheLight of Asia) རྩོམ་པ་པོ་སྐུ་ཞབས་་ཨེཌ་ཝིན་་ཨར་ནོལཌ་ (Sir Edwin Arnold) ལགས་ཀྱིས་ནང་པའི་གནས་རྣམས་ནང་པར་ཕྱིར་སློག་སྟེ་བདག་སྲུང་ཆོག་པའི་ཁྲིམས་བསྐྱར་བཅོས་དགོས་པའི་ཞུ་གཏུགས་ཀྱི་ལས་འགུལ་འགོ་ཚུགས་ཡོད་པའི་དབང་གིས་བྱུང་བ་ཡིན། སྐུ་ཞབས་ཨེཌ་ཝིན་་ཨར་ནོལ་ཌ་མཆོག་ལ་ཝེ་ལི་་ག་མ་་ཤྲཱི་་སུ་མངྒ་ལ་ (Weligama Sri Sumangala) ཐེ་ར་མཆོག་ནས་ཐད་ཀར་བཀོད་བྱུས་གནང་གི་ཡོད།

སྤྱི་ལོ་ 1896 ལོར་སྐུ་ཞབས་ཕཱུལ་ཁེ་རུ་སུས་(Paul Carus) གདན་ཞུས་འབྱོར་བ་ལྟར་ཨ་རིར་སླར་ཡང་ཕེབས་པ་དང་། སྤྱི་ལོ་ 1902-04 བར་ཡང་བསྐྱར་ཕེགས་ཤིང་གང་དུ་ཕེབས་པའི་ཕྱོགས་སུ་སློབ་སྟོན་ཀྱང་རྒྱ་ཆེར་གནང་།
དྷརྨ་པ་ལ་མཆོག་སྐུ་ཞབས་ཨོལ་ཁོཊ་ཊ་དང་ལྷ་ལམ་ཚོགས་མི་རྣམས་དང་མཐའ་མཇུག་འབྲེལ་ཐག་བཅད། རྒྱུ་མཚན་ཨོལ་ཁོཊ་ཊའི་ལངས་ཕྱོགས་ནི་ཡོངས་ཁྱབ་ཆོས་ལུགས་སམ་གཅིག་གྱུར་བྱ་འདོད་པའི་དབང་གིས་ཏེ། ཡིག་ཆ་ཞིག་ཏུ། “ཁོང་གིས་ལྷ་ལམ་ཚོགས་པ་ཁས་ལེན་མི་བྱེད་པའི་རྒྱུ་མཚན་གཙོ་བོ་གཅིག་ནི་ཡོངས་ཁྱབ་ཆོས་ལུགས་གཙོར་འཛིན་པའི་དབང་གིས་ཡིན། རིང་ཐང་ལྡན་པའི་ནང་ཆོས་དང་ནང་ཆོས་མིན་པ་ལྷན་དུ་བསྲེས་ཏེ་མཐར་ཐུག་གི་བདེན་པའི་དཔེ་མཚོན་ཞིག་བྱུང་བ་དེ་ཁོང་ལ་མཚོན་ན་མཐོ་དྲགས་པ་འདྲ།” ཟེར་བཤད། དྷརྨ་པ་ལ་རང་གིས་ལྷ་ལམ་ཚོགས་པར་གསུངས་དོན་“ཁྱབ་འཇུག་གསོལ་མཆོད་ལ་ཆིག་སྒྲིལ་བྱས་པ་ཁོ་ན་རེད།” ཅེས་གསུངས་མྱོང་བ་དང་། ཡང་། “ཆོས་ལུགས་ཚང་མ་དོན་དུ་གཅིག་ཀྱང་ཆོས་བཤད་མཁན་ཁོ་ནས་མ་འགྲིག་པའི་བཟོ་ལྟ་སྟོན་གི་རེད། དོན་དངོས་ཆོས་བླ་ན་མེད་པ་གཅིག་པུ་དེ་ནང་པར་ཡོད།” ཅེས་གསུངས། མཐའ་དོན་སྤྱི་ལོ་1933 ཁོང་དགེ་སློང་གི་སྡོམ་པ་བཞེས་ནས་ལོ་དེའི་ཟླ་བ་བཅུ་གཉིས་པར་མྱ་ངན་འདས་ཤིང་སྐབས་དེར་དགུང་ལོ་68 ཡིན།

4. ཆོས་ལུགས་ཞབས་ཞུ།

ཤྲཱི་མ་ཐ་ཨ་ན་ག་རི་ཀ་དྷརྨ་པ་ལ་
དགུང་ལོ་30 དཀྱིལ་ཙམ་གྱི་པར
དྷརྨ་པ་ལ་ན་གཞོན་སྐབས་མདའ་དཔོན་ཨོལ་ཁོཊ་ཊའི་ལས་ཀར་ཞབས་ཞུ་དང་ལྷག་པར་དུ་ཁོང་གི་སྐད་སྒྱུར་གྱི་བྱ་བ་བསྒྲུབས། ཡང་ཁོང་ལྕམ་བྷུ་ལ་་ཝཊ་་སུ་ཀས་ (Madame Blavatsky) དང་འབྲེལ་ལམ་གང་འཚམ་ཉེ་བར་གྱུར་ཅིང་མོས་ཁོང་ལ་པཱ་ལི (Pāli) སློབ་སྦྱོང་བྱ་རྒྱུ་དང་མིའི་རིགས་ཀྱི་བཟང་སྤྱོད་ལ་བྱ་བཞག་སྒྲུབ་དགོས་ཅེས་བསླབ་བྱ་གནང་བ་ལྟར་ཁོང་གིས་ཀྱང་དེ་ལྟར་བསྒྲུབས། སྐབས་དེར་ཁོང་གི་མཚན་ཡང་དྷརྨ་པ་ལ་སྟེ་ཆོས་སྐྱོང་ (Guardian of the Dharma) ཞེས་བསྒྱུར་བར་མཛད།
སྤྱི་ལོ་1891ལོར་ཨ་ན་་ག་རི་ཀ་་དྷརྨ་པ་ལ་མཆོག་དེང་སང་ཉམས་གསོ་གྲུབ་པའི་བྱང་ཆུབ་ཆེན་པོའི་ལྷ་ཁང་ (Mahabodhi Temple) ག་ལ་བ་གཽ་ཏམ་རྒྱལ་བུ་དོན་གྲུབ་མངོན་པར་སངས་རྒྱས་པའི་གནས་མཆོག་རྒྱ་གར་རྡོ་རྗེ་གདན་དུ་གནས་སྐོར་ལ་ཕེབས། སྐབས་དེར་རྡོ་རྗེ་གདན་གྱི་ལྷ་ཁང་ཧིན་དྷུ་བའི་བླ་མའི་ (Saivite priest) ཕྱག་ཏུ་བཟུང་ཞིང་སྟོན་པའི་སྣང་བརྙན་ཧིན་དྷུའི་འདྲ་གཟུགས་སུ་བསྒྱུར་བ། ནང་པའི་ཆོས་ཀྱི་བྱེད་སྒོ་བཀག་པ་སོགས་ཧང་སང་བའི་གནས་སུ་གྱར་བའི་མྱོང་ཚོར་བྱུང་ཞིང་། དེའི་དབང་གིས་ཁོང་ལ་རྩོད་ལེན་གྱི་ལས་འགུལ་སྤེལ་བའི་སེམས་ནུས་ཤིག་རང་ཤུགས་ཀྱིས་བྱུང་།
letter of dharmapala
འཕྲིན་ཡིག་འདི་ 1902/06/23ཉིན་
དྷརྨ་པ་ལས་འཇར་པན་ཡུལ་ནས་ཧྥ་
རན་སིར་སྤྲིངས་བ་ཞིག་ཡི
ན།
ཤྲཱི་ལངྐའི་རྒྱལ་ས་ཁོ་ལོམ་བྷོ་ལ་ཡོད་པའི་བྱང་ཆུབ་ཆེན་པོའི་ཚོགས་པ་དེ་ཉིད་སྤྱི་ལོ་1891ལོར་བཙུགས་ཀྱང་མི་རིང་བའི་ལོ་རྗེས་མ་སྤྱི་ལོ་1892 ལོར་རྒྱ་གར་ཀལ་ཀུཊ་ཊ་ལ་སྤོས། རྩ་བའི་དམིགས་ཡུལ་གཙོ་བོ་གཅིག་ནི་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་ལྷ་ཁང་དང་། ནང་པའི་གནའ་བོའི་གནས་ཆེན་གཙོ་བོ་བཞི་ནང་པའི་འཛིན་སྐྱོང་གི་བདག་དབང་སླར་གསོ་ཡོང་བའི་ཆེད་ཡིན། ལས་དོན་སྒྲུབ་པར་དྷརྨ་པ་ལས་ནང་པའི་གནས་རྣམས་དུས་རབས་མང་པོ་རིང་བདག་བཟུང་བྱེད་མཁན་གྱི་བྲམ་ཟེའི་བླ་མ་རྣམས་ལ་ཁྲིམས་གཏུགས་ཀྱི་ལས་འགོ་བཙུགས། ཡུན་རིང་འབད་པ་བྱས་མཐར་རྒྱ་གར་རང་བཙན་ཐོབ་(1947) ནས་ལོ་བདུན་དང་དྷརྨ་པ་ལ་སྐུ་གཤེགས་(1933)ནས་ལོ་བཅུ་དྲུག་སོང་བའི་རྗེས་སུ་གཞི་ནས་གཞི་ནས་གྱོད་དོན་ལམ་ལྷོངས་བྱུང་། གནས་ཆེན་ཁག་གི་ཆ་ཤས་བདག་དབང་སླར་གསོ་བྱུང་བ་རྣམས་སྤྱི་ལོ་1949 ལོར་བྱང་ཆུབ་ཆེན་པོའི་ཚོགས་པའི་བཀོད་བྱུས་འོག་ཏུ་བཞག་ཅིང་། རྡོར་གདན་བྱང་ཆུབ་མཆོད་རྟེན་དེ་ཉིད་ནང་པ་དང་ཧིནྡྷུའི་ཚོགས་མིའི་འབོར་འདྲ་མཉམ་ལས་གྲུབ་པའི་ཚོགས་པ་ཞིག་གིས་འཛིན་སྐྱོང་དགོས་པར་བཟོས།
རྒྱ་གར་གྱི་གྲོང་ཁྱེར་ཁག་མང་པོ་ཞིག་ལ་དབུས་བྱང་ཆུབ་ཆེན་པོའི་ཚོགས་པ་བཙུགས་ཤིང་དེས་རྒྱ་གར་བའི་སེམས་ལ་ནང་ཆོས་ཀྱི་བསམ་བློ་མཐོར་འདེགས་འོང་བར་ཤུགས་རྐྱེན་ཐེབས་ཡོད། དེ་དག་ལས་མང་ཆེ་ཤོས་ཤེས་ཡོན་གྱིས་འགྱུར་ལྡོག་བཏང་ཡོད་ཀྱང་རྒྱ་གར་ལྷོ་ཕྱོགས་ཀྱི་རིགས་རུས་དམན་པའི་རིགས་ཀྱང་ཁ་ཤས་བྱུང་ཡོད།
ཡང་ཐད་ཀར་དྷརྨ་པ་ལའི་འབད་བརྩོན་ལ་བརྟེན་ཏེ་ཐེངས་ཤིག་སྟོན་པ་མྱ་ངན་འདས་པའི་གནས་རྩྭ་མཆོག་དྲུང་ངམ་ཀུ་ཤི་ན་གར་དེ་ཉིད་ནང་པ་རྣམས་ཀྱི་དོ་སྣང་བྱ་ཡུལ་གཙོ་བོར་གྱུར་ཡོད་པ་དང་དེ་ནི་དེ་སྔོན་དུས་རབས་མང་པོའི་རིང་བྱུང་བའི་གནད་དོན་ཞིག་ཡིན། བྱང་ཆུབ་ཆེན་པོའི་ཚོགས་པས་ལོ་རབས་དགུ་བཅུའི་(1890)ནང་རྒྱ་གར་དུ་ཁ་ཆེའི་ལམ་ལུགས་ཀྱིས་དབང་བསྒྱུར་འོག་ནང་ཆོས་ཉམས་རྒུད་བཏང་བ་ལ་འཐབ་རྩོད་གནང་ཡོད་པ་སྟེ། ཨ་ན་ག་རི་ཀ་དྷརྨ་པ་ལས་ཐེ་ཚོམ་མེད་པར་ཁ་ཆེ་མཁྲེག་འཛིན་རིང་ལུགས་ཀྱི་འགག་སྒོ་ནས་ནང་ཆོས་མི་ཐར་བའི་ཚུལ་ལ་སྐྱོན་བརྗོད་ཤུགས་ཆེར་གནང་ཡོད།
སྤྱི་ལོ་1893 ལོར་དྷརྨ་པ་ལ་མཆོག་ཨ་རིའི་ཆི་ཁ་གོ་ (Chicago) ལ་ཚུགས་པའི་རྒྱལ་སྤྱིའི་འཛམ་གླིང་ཆོས་ལུགས་ཀྱི་གྲོས་ཚོགས་ (Parliament of Religions) ཚོགས་འདུའི་སྐབས་"ལྷོ་རྒྱུད་ནང་བསྟན་"སྐུ་ཚབ་ཀྱི་མཚན་ཐོག་ནས་གདན་ཞུས་གནང་། སྐབས་དེར་ཐེ་ར་ཝ་ད་ (Theravada) ལ་ལྷོ་རྒྱུད་ནང་བསྟན་ཞེས་འབོད་པའི་སྐབས་ཡིན། དེ་སྐབས་ཁོང་སེ་ཝམ་མི་་ཝི་ཝེཀ་་ཨ་ནན་ད་(Swami Vivekananda) དང་ངོ་མཇལ་བྱུང་ཞིང་བྱ་བ་ལེགས་གྲུབ་བྱུང་། དེ་ནི་སེ་ཝམ་མི་་ཝི་ཝེཀ་་ཨ་ནན་ད་ནི་གྲོས་ཚོགས་ནང་སྙན་གྲགས་དང་ཆེ་མཐོང་ཐོབ་པའི་སྒང་ཡིན་པས་རྒྱུད་ལམ་ཁག་ནས་ཀྱང་དོ་སྣང་གང་འཚམ་བྱུང་ཡོད། དྷརྨ་པ་ལ་དགུང་ལོ་སུམ་ཅུའི་ནང་ནས་བཟུང་འཛམ་གླིང་གི་མིག་རྒྱན་དུ་གྱུར་ཟིན་ཅིང་མུ་མཐུད་ནས་ཡུལ་ཕྱོགས་གར་སར་ཕེབས་ཏེ་བཀའ་སློབ་ལམ་སྟོན་གནང་བ་དང་། དེའི་རྗེས་མ་དགུང་ལོ་བཞི་བཅུའི་ནང་འཛམ་གླིང་གི་ཡུལ་གྲུ་གང་སར་གཙུག་ལག་ཁང་ (viharas) བཞེངས་བའི་མཛད་པ་སོགས་བསྐྱངས་པ་དང་ཕྱོགས་མཚུངས། སེས་ལོན་དུ་སྨན་ཁང་དང་སློབ་གྲྭ་འཛུགས་སྐྲུན་གནང་བ་དང་རྒྱ་གར་དུ་ལྷ་ཁང་བཞེངས་རྒྱུ་སོགས་ལ་ཐུགས་བརྩོན་ཧ་ཅང་གནང་། དེ་དག་ལས་གང་དུ་སྟོན་པས་ཆོས་འཁོར་ཐོག་མར་བསྐོར་བའི་གནས་ [ཝཱ་རཱ་ཎ་སཱིའི་] ས་ར་ཎ་ཐའམ་དྲང་སྲོང་ལྷུང་བ་རི་དྭགས་ནགས་སུ་གཙུག་ལག་ཁང་བཞེངས་པ་དེ་གལ་ཆེ་ཤོས་ཤིག་ཆགས་ཡོད། སྐབས་ཤིག་ཁོང་ཧ་ཝི་ཡིའི་ (Hawaii) བརྒྱུད་དེ་རྒྱ་གར་དུ་ཕྱིར་ཕེབས་སྐབས་རྒྱལ་པོ་ཀ་མེ་ཧ་མེ་ཧ་ (Kamehameha) ཡི་རྒྱལ་རྒྱུད་ལྕམ་མེར་རས་་ཨི་་ཧྥོ་སེ་ཊར་ (Mary E. Foster) དང་ཐུག་འཕྲད་བྱུང་ཞིང་བུད་མེད་དེ་སེམས་ཚོར་གྱི་དཀའ་ངལ་ཡོད་པ་ཞིག་ཡིན་པས་དྷརྨ་པ་ལས་ནང་ཆོས་ཀྱི་ཐབས་ལམ་དང་བསྟུན་ནས་སེམས་གསོ་ལེགས་པར་གནང་། དེའི་སྐུ་དྲིན་གསབ་ཆེད་མོས་གཏོང་ཕོད་ཆེན་པོས་ཧིན་སྒོར་ས་གཅིག་ལྷག་གིས་འབུལ་བ་ཕུལ། སྤྱི་ལོ་ 2010 ལོར་བརྩིས་ན་ཨ་སྒོར་ས་ཡ་གཉིས་དང་འབུམ་བདུན་ལྷག་ཡོད། ཡིན་ནའང་རྒྱ་གར་ནང་དུ་ཨར་ལས་པར་ལས་གླ་དམའ་བས་སྤྱོད་སྒོ་ཆེ་བ་བྱུང་ཡོད། སྤྱི་ལོ་1897 ཁོང་གིས་ལོར་སེས་ལོན་དུ་སློབ་གྲྭ་འཛུགས་པར་ཕེབས་པའི་མི་རན་ཌ་ཌེ་་སཽ་ཛ་་ཁ་ན་ཝར་རོ་ (Miranda de Souza Canavarro) ལ་སངྒྷ་མིཏྟ་ཞེས་པའི་མཚན་བསྟོད་བྱས་ཤིང་ནང་ནང་པར་ཞུགས། དྷརྨ་པ་ལའི་ཉིན་ཐོ་འབོར་ཆེན་ཞིག་དཔེ་སྐྲུན་ཞུས་པ་དང་ཁོང་གིས་དྲན་ཐོ་ཁ་ཤས་ཀྱང་བྲིས་གནང་ཡོད། གོང་གསལ་འདི་དག་དུས་རབས་ཉི་ཤུ་པའི་ནང་པ་སྐད་གྲགས་ཅན་སངྒྷ་རཀྵི་ཏ་ (Sangharakshita) རླུང་རྟ་དཔེ་སྐྲུན་ཁང་ (Windhorse Publications) 1996 ནས་བཀའ་འཁྲོལ་དང་བསྟུན་ནས་བསྒྲིགས།

5. དྷརྨ་པ་ལ་དང་། ཚན་རིག་དང་། བདེན་དོན་རྩོད་ལེན་གྱི་ནང་པ།

དྷརྨ་པ་ལའི་ནང་ཆོས་ཀྱི་རྣམ་པ་ལ་མཁས་དབང་ག་ན་ན་ཐ་་ཨོ་བེ་ཡེ་ཤེ་ཀེ་རེ་ཡིས་ (scholar Gananath Obeyeseker) {བདེན་དོན་རྩོད་ལེན་གྱི་ནང་པ་} [ཡེ་ཤུ་གསར་མ་ལ་དཔེར་བྱས་ཏེ་བརྗོད་པ་ཞིག་ཡིན་པ་འདྲ།]ཞེས་བརྡ་ཆད་བཏགས་གནང་བ་དེ་ཡང་ཡང་སྤྱད་མྱོང་། འདིའི་བདེན་དོན་རྩོན་ལེན་གྱི་རྣམ་པ་གཉིས་ཏེ། དང་པོ་ནང་ཆོས་སློབ་གཉེར་བྱས་ཏེ་རང་དབང་གི་དཔེ་མཚོན་རྩོད་ལེན་གྱི་རྣམ་པའི་ཤུགས་རྐྱེན་ཡོད་པ་དང་། བསམ་མནོའི་རང་དབང་། ནང་དུ་ཉམས་མྱོང་བྱུང་བ་དེ་དག་རེ་རེ་བཞིན་དོ་སྣང་བྱེད་བ་བཅས་པ་ཡིན་ལ། གཉིས་པ་ཡེ་ཤུ་བས་རང་ལྟ་མཆོག་འཛིན་དང་། མི་སེར་སྤེལ་ཡུལ་བྱེད་པ། ཡེ་ཤུའི་ཆོས་སྤེལ་མཁན་གྱིས་ནང་ཆོས་ཉམས་རྒུད་གཏོང་བའི་བྱ་སྤྱོད་བཅས་ལ་རང་འགུལ་གྱིས་ངོ་རྒོལ་བྱས་པས་ཡིན། "དམངས་ཕལ་པ་དང་འབྲེལ་བར་ལས་དོན་སྒྲུབ་པ་ལ་ཁུ་སིམ་པའི་སྤྱོད་ཚུལ་དེ་གལ་ཆེ་ཤོས་ཡིན།"སོགས་གསུངས།
ནང་ཆོས་པ་ལ་{བདེན་དོན་རྩོད་ལེན་གྱི་ནང་པ}ཞེས་པའི་ཐ་སྙད་ཀྱིས་འགྲེལ་བཤད་བྱས་ན་དེང་སང་འོས་འཚམས་ཡིན་པ་སྟེ། སྤྱིར་ཁོང་གིས་ནང་ཆོས་གནང་ཕྱོགས་ཐད་ནུབ་ཕྱོགས་པའི་བསམ་བློའི་ཤུགས་རྐྱེན་ཡོད་པ་དང་། ཨེ་ཤི་ཡེའི་ནང་པས་ཡེ་ཤུ་རང་ལྟ་མཆོག་འཛིན་རིང་ལུགས་པར་ཁ་གཏད་གཅོག་པའི་ཐབས་ཡང་ཡང་གནང་བ་བཅས་ཡིན། དེང་གི་ནང་པས་ནང་ཆོས་སྲོལ་རྒྱུན་ལྟར་དོ་ནན་གནང་སྟེ་ཕྱོགས་གཞན་དག་ལ་དོ་ནན་གནང་རྒྱུ་ལྷོད་གཡེང་ཤོར་བ་དང་། ཡང་དེང་རབས་ཀྱི་ནང་པ་རིགས་ཁག་གཅིག་གིས་སྐྱ་བོ་དང་དགེ་འདུན་ལྡོག་ཕྱོགས་སུ་འཛིན་པ་སྟེ་དངོས་ཡོད་རྒྱུ་མཚན་གལ་ཆེར་འཛིན་པ་ལས་དངོས་པོའི་རང་བཞིན་ལས་འདས་པའི་ལྷ་སྒྲུང་ལ་ཡིད་རྟོན་མི་བྱེད། དེང་གི་ཚན་རིག་དང་མ་འགལ་བ། དངོས་པོའི་ཆོས་ཉིད་ལ་ཡིད་རྟོན་བྱེད་པ། གསར་གཏོད། དཔྱོད་ཤེས། མང་གཙོ། ཕྱོགས་ཞེན་འགོག་སྡོམ། ཆོས་ལུགས་སུ་ཞུགས་ནས་ཉམས་ལེན་གནང་བ། དུས་ཆེན་སྲུང་བརྩི་ཞུ་བ་སོགས་ཡིན་འདུག
དྷརྨ་པ་ལ་ནི་དེང་དུས་ཨེ་ཤི་ཡའི་ནང་པའི་དཔེ་མཚོན་བླ་མ་མེད་པ་ཞིག་དང་ཕལ་ཆེར་ནང་ཆོས་གསར་པ་སྟེ་བདེན་དོན་རྩོད་ལེན་གྱི་ནང་པའི་དཔེ་མཚོན་མཆོག་ཏུ་གྱུར་པ་ཞིག་ཀྱང་ཡིན། དམིགས་བསལ་དུ་ཁོང་གིས་ནང་ཆོས་ཚན་རིག་དང་མཐུན་པའི་སྒོ་ནས་ཁྱབ་སྤེལ་བྱེད་རྒྱུར་དོ་སྣང་གནང་བ་དང་ལྟ་གྲུབ་འཕེལ་རིམ་ཡང་དམིགས་བསལ་བ་ཡིན་པ་རེད།

6. དཔྱད་རྩོམ་རིགས།

དྲང་བདེན་ལམ་ལ་ཕྱིར་ཞུགས་ (Return to Righteousness) ཞེས་པའི་དྷརྨ་པ་ལའི་མཛད་རྗེས་ཕྱོགས་བསྡུས་ནང་། བཀའ་སློབ་ཕྱོགས་བསྡུས། རྩོམ་ཡིག་ཕྱོགས་བསྡུས། ཨ་ན་ག་རི་ཀ་དྷརྨ་པ་ལའི་འཕྲིན་ཡིག (ཨ་ནན་ད་་གུ་རུས་རྩོམ་སྒྲིག་བྱས། ས་གནས་ཁོ་ལོམ་བོ། པར་སྐྲུན་མཁན། ཤེས་ཡོན་དང་རིག་གཞུང་གི་བློན་ཆེན། དུས་ཚོད། 1966)

6.1. འཛམ་གླིང་གིས་ནང་པར་བུ་ལོན་ཟུག་པ། (1893)

ཨ་ན་ག་རི་ཀ་དྷརྨ་པ་ལ་མཆོག་རྒྱལ་སྤྱིའི་ཆོས་ལུགས་གྲོས་ཚོགས་ (Parliament of World Religions) ཐོག་ཕེབས་པ།
གཡོན་ནས་གཡས་ལ་བརྩིས་པའི་དང་པོ་ཝིརཅནྡ་གནྡྷི་
(Virchand Gandhi)དང་། ཨ་ན་ག་རི་ཀ་དྷརྨ་པ་ལ།
སུ་་ཝ་མི་ཝི་ཝེཀ་ཨ་ནན་ད་(Swami Vivekananda)
 བྷོ་ནེཊ་་མཱུ་རས་(G. Bonet Maury)
ཡིག་ཆ་འདི་སྤྱི་ལོ་ 1892 ལོའི་ཟླ་བཅུ་གཉིས་ཚེས་བརྒྱད་ལ་ཨ་རིའི་ཆི་ཁ་གྷོ་ (Chicago) ལ་འཛམ་གླིང་རྒྱལ་སྤྱིའི་ཆོས་ལུགས་གྲོས་ཚོགས་འཚོགས་སར་སྒྲོག་སྦྱང་གནང་ཡོད་པ་རེད་ལ་སྐབས་དེ་ཚོགས་མིའི་འབོར་ཧ་ཅང་མང་། དྷརྨ་པ་ལ་ཁོང་ཉིད་སྐུ་ཚེའི་སྔ་སྟོད་ནས་ནུབ་ཕྱོགས་པའི་མི་རྣམས་ལ་ནང་ཆོས་ངོ་སྤྲོད་བྱ་རྒྱུའི་སེམས་འདུན་ཤུགས་ཆེར་ལྡན་བཞིན་པ་རེད། སྐབས་དེར་གཏན་བཤད་ནང་ཁོང་གིས་ཚན་རིགས་དང་། ནུབ་ཕྱོགས་པའི་ཤེས་རིག ཡེ་ཤུའི་ཆོས་ལུགས་སོགས་ཀྱི་ལུང་འདྲེན་གྱིས་གང་བར་བྱས་ཏེ་ཡིད་འགུལ་ཐེབ་པ་བཟོས་ཡོད་ལ། དེས་ནུབ་ཕྱོགས་པའི་རིག་པའི་གཞུང་ལུགས་གང་དག་ལས་ཁྱད་པར་དུ་འཕགས་པ་ཡིན་པའི་བརྡ་ལན་ཞིག་སྤྲད་ཡོད། ལྷག་དོན་དུ་ཁོང་རང་ཉིད་ཀྱི་སྐུ་ཚེ་སྐྱེལ་སྟངས་དེ་ནི་ཆོས་རྒྱལ་ཨ་ཤོ་ཀ་དང་སྟོན་པའི་འཁོར་ཁྱིམ་པ་བའི་འདུལ་ཁྲིམས་ལྟར་ཉམས་སུ་བླངས་བ་ཞིག་ཡིན་པར་བརྗོད་ཡོད།

6.2 རེ་བཟང་ཕུགས་བཅོལ། (1915)

སྐབས་དེར་ནུབ་ཕྱོགས་པའི་སྤྱི་ཚོགས་སུ་ནང་ཆོས་ལ་དོན་དངོས་དང་མི་མཐུན་པའི་བཤད་ཚུལ་སྣ་ཚོགས་ཡོད་ལ། ཁྱད་པར་དུ་ཡེ་ཤུའི་ཆོས་སྤེལ་མཁན་ཚོས་ནང་ཆོས་ནི་ཡིད་ཆད་རིང་ལུགས། ཆད་ལྟ་བ། སྒྱིད་ལུག་རིང་ལུགས་ཡིན་པ་སོགས་ལོག་འགྲེལ་སྣ་ཚོགས་བྱེད་ཀྱིན་་ཡོད། རྒྱུ་མཚན་དེ་ལ་གཙོ་བོར་དམིགས་ཏེ་དྷརྨ་པ་ལས་བརྒལ་ལན་གནང་ཡོད་ཅིང་ཆེད་རྩོམ་འདིར་དམིགས་གསལ་གྱི་ཁུངས་ལུང་རྒྱུ་མཚན་ཡང་བཀོད་གནང་ཡོད།

6.3 སྟོན་པའི་འཕྲིན། (1925)

དྷརྨ་པ་ལའི་སྐུ་ཚེའི་སྨད་ཀྱི་རླབས་ཆེན་གྱི་མཛད་རྗེས་སྐབས། ཁོང་གིས་ཡེ་ཤུས་ཆོས་སྤེལ་རིང་ལུངས་ལ་འགོག་རྒོལ་བ་མཛད་པའི་གསུང་གི་ང་རོ་ལ་རྒྱུ་མཚན་ལྷག་ཏུ་ལྡན་པ་ཡོད་པ་སྟེ། སྐབས་དེར་དབྱིན་ཇི་བས་སེས་ལོན་མི་སེར་སྤེལ་བའི་བྱ་འགུལ་དང་དེར་ཡེ་ཤུའི་ཆོས་སྤེལ་མཁན་ཚོས་བྱ་སྤྱོད་སོགས་གནད་དོན་མང་པོ་ཞིག་ཁོང་གིས་ཁོང་དུ་ཆུད་ཡོད་པས་རེད། འདི་ནི་བདེན་དོན་རྩོད་ལེན་གྱི་ནང་དཔེ་མཚོན་གསལ་པོ་ཞིག་ཡིན།

6.4 ནང་བསྟན་གྱི་ལྟ་བའི་འཕེལ་རིམ། 

(1926) དྷརྨ་པ་ལའི་སྐུ་ཚེའི་ནང་ཚན་རིག་སྨྲ་བ་ཆེན་པོ་ཌར་ཝིན་ (Darwin) ལྟ་གྲུབ་ཀྱིས་ཤུགས་རྐྱེན་ཐེབ་ཡོད་པས། ཁོང་གིས་ནང་ཆོས་འདི་ཉིད་དེང་དུས་ཚན་རིག་དང་མཐུན་པར་ངོ་སྤྲོད་གནང་ཐབས་བྱ་རྒྱུ་དེ་ཁོང་གི་མཛད་པའི་ཆ་ཤས་ཤིག་ཆགས་ཡོད།

7. སེངྷ་ལའི་ནང་པའི་མི་རིགས་ལ་སྨན་པའི་མཛད་ཕྲིན་བསྐྱངས་ཚུལ།

དྷརྨ་པ་ལ་ནི་དུས་རབས་བཅུ་དགུ་པའི་ནང་བསྟན་བསྐྱར་གསོའི་མཛད་རྗེས་ཆེ་ཤོས་ཡིན་པ་སྟེ། སྐབས་དེའི་ཡེ་ཤུའི་ཆོས་སྤེལ་མཁན་ཚོའི་ཤེས་ཡོན་ཁྱབ་སྤེལ་ (སློབ་གྲྭ ཁག་དང་ YMBA) དང་འགྲན་ཐུབ་པའི་ནང་པའི་ཤེས་ཡོན་ལྟེ་གནས་ཁག་འཛུགས་སྐྲུན་གནང་ཡོད་ལ། དེ་རྗེས་དུས་རབས་ཉི་ཤུ་པའི་སྐབས་སུའང་མཛད་ཕྲིན་བསྐྱངས་ཡོད། ཌེ་ཝོཊ་ཊས་ [De Votta ཞེས་པ་སུ་ཡིན་མ་ཤེས་] དོན་ལ་གནས་པའི་རྩ་བའི་དོན་ཚན་བཞི་ཞེས་ཆེད་བརྗོད་གནང་ཡོད་པ་སྟེ། “དང་པོ། ནང་ཆོས་དང་སེངྷ་ལའི་རིག་གཞུང་ལ་བསྟོད་པ། གཉིས་པ། དབྱིན་ཇིའི་སྲིད་དབང་གཅིག་བསྡུས་རིང་ལུགས་ལ་སྐྱོན་བརྗོད། གསུམ་པ། ཤྲཱི་ལངྐའི་ནང་པ་རྩ་སྟོང་འགྲོ་ཉེན་ལ་དོ་སྣང་། ལྔ་པ། སེངྷ་ལའི་ནང་པའི་རིག་གནས་གསོན་ཤུགས་རྒྱས་པའི་རེ་བ་”བཅས་ཡིན། ཁོང་གིས་དོན་ཚན་དང་པོ་གསུམ་དཔེ་རིས་ཀྱི་ལམ་ནས་མི་དམངས་ལ་འགྲེལ་བཤད་ཀྱང་གནང་ཡོད་པ་སྟེ། "དྭངས་གཙང་གི་མཛེས་པའི་མཚོ་གླིང་འདི་ནི་ཀླ་ཀློས་གཏོར་བརླགས་མ་བྱས་པའི་སྔོན་དུ་ཨཱརྱན་ [འཕགས་པ་] སེངྷ་ལའི་མི་རིགས་ཀྱིས་བསྐྲུན་པའི་ཞིང་ཁམས་ཤིག་ཡིན། བྱ་སྤྱོད་འདི་དག་ཆོས་དང་མི་མཐུན་པ་མི་རྣམས་ཀྱིས་ཤེས་ཀྱིན་མེད་་ [ཚེག་ཐུང་གསུམ་འཐེན་པ་ནི་འདི་ནས་འདིའི་བར་བསྡུས་ཟེར་བའི་རྟགས་ཡིན] ཡེ་ཤུ་དང་ལྷ་མང་བསྟེན་རིང་ལུགས་ (ཧིནྡྷུ་རིང་ལུགས་) པས་ཕྱུགས་ཟོག་གསོད་པ་དང་། རྐུ་བ། གཞང་འཚོང་བ། ཁྲིམས་ལུགས་ལ་མི་བརྩི་བ། རྫུན་བཤད་པ། ཆང་གིས་བཟི་བ་ [་་་] གནའ་རབས་དང་། ལོ་རྒྱུས། སྤྱི་ཚོགས་གསར་པའི་མི། ལྷ་གསོལ་འདྲེ་གསོལ་གྱི་ཀླ་ཀློའི་ལོག་ཆོས་རྣམས་དབྱིན་གཞུང་གིས་ཁྱབ་སྤེལ་བྱས་པ་ཞིག་ཡིན། ད་ལྟ་དེ་དག་རིམ་བཞིན་འགོག་བཞིན་པ་ཡིན་སོགས་གསུངས།
སྐབས་ཤིག་ཁོང་གིས་རྒྱ་གར་ཏ་མིལ་ཝ་དྱ་ [vadai: གྲོ་གོར་སྣུམ་བསྲེགས་ཤིག] འཚོང་མཁན་དཀྱུས་མ་ཞིག་ལ་སེམས་ཤུགས་འཕེལ་ཆེད་བསྟོད་བསྔགས་དང་། སེངྷ་ལའི་མི་མང་གི་ལེ་ལོ་སྒྱིད་ལུག་འགོག་པ་དང་། མི་མང་ཡར་སྐུལ་གཏོང་ཕྱིར་སྐྱོན་བརྗོད་གནང་ཡོད། ཕྱོགས་གཞན་ནས་ཕྱུགས་ཟོག་བསད་དེ་བ་གླང་གི་ཤ་ཟ་བར་ངོ་རྒོལ་ཤུགས་ཆེན་གནང་ཡོད། མདོ་དོན་ཁོང་གིས་དབྱིན་ཇིའི་དབང་ཆ་གཅིག་བསྡུས་རིང་ལུགས་ལ་ངོ་རྒོལ་བྱེད་པའི་རྒྱུ་མཚན་དེ་ཆབ་སྲིད་དང་དཔལ་འབྱོར་ལ་དམིགས་པ་མིན་པར་དེ་ནི་ཆོས་ལུགས་ཀྱི་ཕྱིར་ཏེ། གོང་གསལ་བཞིན་སེངྷ་ལའི་རྒྱལ་ཁམས་འདི་ལོ་རྒྱུས་ཀྱི་ཐོག་ནས་ནང་པ་རང་སྐྱོང་རང་བདག་ཡིན་པའི་རྒྱུ་མཚན་གྱི་རེད།
ཡང་སྤྱི་ལོ་ 1915 ནང་ཧ་ཅང་བཟོད་ཐབས་མེད་པའི་སེས་ལོན་ཁ་ཆེ་བ་ཁ་ཤས་ཀྱི་བྱ་སྤྱོད་ལ་ཁ་གཏད་བཀྱག་གནང་ཡོད་པ་སྟེ། སྐབས་དེར་ཁ་ཆེ་སིལ་ཚོང་བ་དག་གིས་འགྲན་ཟླ་སེངྷ་ལ་དམིགས་འབེན་དུ་བཟུང་བའི་བྱ་བ་ལམ་དུ་སོང་ཡོད། སྤྱི་ལོ་ 1912 ལོར་དྷརྨ་པ་ལས། “མུ་ཧམ་མེ་དམ་སྟེ་ཡུལ་གྱར་བའི་མི་མང་ [་་་] ཡ་ང་མེད་པའི་བུན་བདག་གི་གཡོ་ཐབས་འཇུའུ་བའི་ཤེས་རིག་ལྟར་ཡར་རྒྱས་གོང་འཕེལ་དུ་སོང་། ས་སྐྱེས་རྡོ་སྐྱེས་ཀྱི་སེངྷ་ལའི་མི་བུ་དག་གིས་ཡུལ་གྱར་བས་འདོད་ལྟར་འཛུལ་བྱེད་པ་ལས་སྲུང་སྐྱོབས་བྱེད་པར་ཕ་མྱེས་ཀྱི་ལོ་ངོ་ 2358 རིང་གི་ཟུང་ཁྲག་གི་བཞུར་རྒྱུན་འགྲོ་གྲོན་བཏང་ཡོད། [་་་] མིག་སྔའི་ཡུལ་གྱར་དབྱིན་ཇི་བ་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་ཡུལ་གྱར་བ་མུ་ཧམ་མེ་དམ་སེས་ལོན་ལ་ཡོང་ནས་ཚོང་འབྲེལ་གྱི་ཉམས་མྱོང་མེད་ཀྱང་ཡུལ་མི་ཚོར་སྣང་ཆུང་གཏོང་། [་་་] མཇུག་འབྲས་སུ་ཁོང་ཚོར་ཁེ་བཟང་ཐོབ་ཅིང་ས་སྐྱེས་རྡོ་སྐྱེས་ཀྱི་སེས་ལོན་པ་གྱང་ལ་བརྡབས།” ཅེས་བྲིས་ཡོད། མདོར་ན་དྷརྨ་པ་ལ་དང་ཁོང་གི་ཚོགས་པས་མི་མང་ལ་བློ་སྤོབས་སྤེལ་བ་དང་གལ་ཆེ་བའི་མི་རིགས་ཀྱི་རྩ་དོན་ཞེས་པ་དེར་ལེགས་སྐྱེལ་ཤུགས་ཆེན་ཕུལ་ཡོད་པ་རེད།
སྐབས་རེར་དྷརྨ་པ་ལས་མི་རིགས་དབྱེ་འབྱེད་ཀྱི་ཐ་སྙད་ཀྱང་བེད་སྤྱོད་བྱས་མྱོང་བ་དངོས་འབྲེལ་ཡིན་པ་སྟེ། འདིར་མཚོན་བྱེད་ཙམ་དུ་དཔེ་གཉིས་ཙམ་བཀོད་ན། ཁོང་གིས་“ཕྱེད་ཀླ་ཀློ་དང་ཕྱེད་དུད་འགྲོའི་ཨ་ཧྥི་རི་ཁ་བ” ཞེས་དང་། “དེ་ཚོ་ཚང་མས་ (ཡེ་ཤུའི་ཆོས་སྤེལ་མཁན་) བཤད་ཐུབ་པ་ནི་ཁ་ནཱན་དང་གྷ་ལི་ལཻའི་གནའ་སྒྲུང་སྟེ། དོན་དངོས་ཨ་རབ་བྷིའི་བཤད་རྒྱུན་ལས་བྱུང་བ་རེད།” ཅེས་བཤད་མྱོང་ཡོད་འདུག སྤྱིར་དྷརྨ་པ་ལས་སེངྷ་ལའི་མི་རིགས་ནི་ཨརྱན་ (Āryan) ཏེ་འཕགས་པའི་རིགས་རྒྱུད་གཙང་མ་ཡིན་པར་ཡིན་ཆེས་གནང་ཞིང་། ཁོང་གིས་སེངྷ་ལའི་བུད་མེད་རྣམས་ཡུལ་གྱི་གྲངས་ཉུང་མི་རིགས་གཞན་དང་རིགས་རྒྱུད་མ་འདྲེ་བར་ (Mischling) ངེས་པར་དུ་འཛེམ་ཟོན་དགོས་སྐོར་ནན་བརྗོད་གནང་ཡོད་འདུག

8. རྗེས་དྲན། (Legacy) 

[ས་བཅད་འདི་དབྱིན་ཡིག་ལྟར་ན་འདས་པོའི་ཁ་ཆེམས་ནང་གསལ་བའི་ནོར་སྐལ་གྱི་ཐོབ་བྱ་ལ་གོ་བར་འདུག་ཀྱང་དོན་གྱི་བབ་ལ་བལྟས་ན་མཛད་རྗེས་དྲན་གསོ་ལྟ་བུ་ཞིག་འདུག་པས་གནས་སྐབས་རིང་རྗེས་དྲན་ཟེར་བཞག] སྤྱི་ལོ་ 2014 ལོར་རྒྱ་གར་དང་ཤྲཱི་ལངྐས་དྷརྨ་པ་ལ་གཤེགས་ནས་ལོ་གྲངས་ 150 ལོན་པའི་མྱ་ངན་རྗེས་མཚོན་དོན་དུ་གཞུང་གི་སྦྲག་ཐམ་ལ་གཤེགས་ཚེས་བཀོད་དེ་འགྲེལ་སྤེལ་གནང་ཡོད། ཆེ་བཀུར་མཚོན་པའི་ཆེད་ཁོ་ལོམ་བྷོའི་ (Colombo) སྲང་ལམ་ཞིག་ལ་“ཨ་ན་ག་རི་ཀ་དྷརྨ་པ་ལ་་མ་ཝ་ཐ”སྟེ། ཨ་ནག་ག་རི་ཀ་དྷརྨ་པ་ལའི་སྲང་ལམ་(Angarika Dharmapala Street) ཞེས་བཏགས་ཡོད།
ཕྲན་ནས་རྣམ་ཐར་འདི་ཝི་ཀི་རིག་མཛོད་ནང་ལྟར་བསྒྱུར་ཡོད། དགོངས་འཆར་ཡོད་ན་གསུངས།

2016/07/01

གྲོགས་པོ།

ལོ་ཤས་སྔོན་ངས་གྲོགས་པོར་བརྩི་བའི་མི་ཞིག་གི་ཟེར་ན། “ཁྱེད་ཀྱི་སྔོན་མའི་གྲོགས་པོ་ལ་དེང་སང་ཁྱེད་རང་མཁོ་དགོས་མེད་པས་ནམ་ཡང་འབྲེལ་འདྲིས་མ་བྱས་ན་བཟང་” ཟེར་བཤད་བྱུང་ལ་ངས་ཀྱང་བདེན་པ་ལྟ་བུར་སྣང་སྟེ། ལོ་གསུམ་རིང་ཁ་པར་མ་བཏང་ལ་སྐད་ཆ་ཡང་མ་དྲིས། 

རྟ་མཆོག་དང་། མཛངས་མ། མཆོད་རྟེན།

སྤྲིན་ནག་ནི་སྲིད་པའི་ཁ་རླངས་པ། །
བྱ་ཚོགས་རྣམས་མཁའ་ཡི་འཕུར་གྲུ། །
རྟ་མཆོག་དག་ས་ཡི་གླག་རྒོད། །
ལྗོངས་བཀོད་འདི་ཡིད་ཀྱི་ཞིང་ཁམས། །

འདི་ནི་ལྷ་ཡི་མེ་ཏོག་གམ། ། 
ཡང་ན་མཁའ་ཡི་འཇའ་ཞིག ། 
གཞན་དུ་དབྱངས་ཅན་རོལ་མོའམ། ། 
ཡང་ན་དྲི་ཟའི་གླིང་བུ་ཞིག །

ཕྱག་སྐོར་བ་རྣམས་ཁྱིམ་དུ་ལོག །
བྱེའུའི་ཚོགས་དག་མལ་དུ་སོང་། །
མཚམས་སྤྲིན་ཁ་དོག་རིམ་བཞིན་ཡལ། །
མཆོད་རྟེན་ངེད་གཉིས་ཤུལ་དུ་ལུས། །


2016/06/29

མིང་གི་རྒྱབ་རྟེན།

འདིར་ངས་བཤད་འདོད་པ་ནི། ཡུལ་གཞན་གྱི་ས་གནས་དང་། ཐོན་དངོས། གང་ཟག་སོགས་ཀྱི་མིང་བོད་ཡིག་རྐྱང་པའི་ཐོག་འབྲི་བ་ཙམ་མིན་པར་ཐ་སྙད་དེའི་ཁུངས་ངོ་མའི་སྐད་ཡིག་གང་ཡིན་པ་དེའི་ཡིག་གཟུགས་དངོས་སུ་མཆན་དུ་འགོད་དགོས།❶ སྐད་ཆ་འདི་ཁ་ཤས་ཞིག་གི་བློ་ལ་མི་འཐད་པ་འབྱུང་སྲིད་ཀྱང་གལ་ཏེ་རྒྱབ་རྟེན་མེད་པར་བོད་ཡིག་རྐྱང་པས་བྲིས་ན། རྗེས་སོར་ཀློག་པ་པོས་ངོས་བཟུང་བར་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ངེས་ལ་ཐ་ན་གཏན་ནས་མི་རྙེད་པའང་འགྱུར་སྲིད། ཁྱད་པར་དེང་དུས་དྲྭ་བའི་ལམ་ནས་འཚོལ་དགོས་ན་དེ་བས་ཀྱང་དཀའ་ཚེགས་ཆེ་རུ་འགྲོ་བར་བཤད་ཅི་དགོས།
དེས་ན་ང་ཚོས་མཁྱེན་དགོས་པ་ནི་སྐད་རིགས་གཞན་གྱི་ཐ་སྙད་དེ་དོན་བསྒྱུར་བྱས་ནའང་རེད། ལྷ་རབ་བྱུང་ན་ཐ་སྙད་དེ་སྒྲ་སྒྱུར་བྱས་རྗེས་ཟུར་དེར་“ཤད་གུག་” (bracket)  ནང་ངམ། ཡང་ན་“རྐང་མཆན་” (footnote) སོགས་སུ་ཕུགས་ཀྱི་སྐད་ཡིག་གང་ཡིན་པ་དེའི་བརྡ་དག་མ་ནོར་བར་འབྲི་དགོས་པ་སྟེ། དཔེར་ན་སྒྱུ་རྩལ་བ་གྲགས་ཅན་“མིག་ཁཱལ་ཇེག་སོན་”ལགས་ཀྱི་མཚན་འབྲི་དགོས་ན་རྒྱ་ནག་གིས་ཅི་ཟེར་དང་། གཞན་དག་གིས་གང་ཟེར་མི་ལྟ་བར་གཙོ་བོ་ཨིན་སྐད་དུ་ཅི་ཟེར་ལ་ཉན་དགོས་པས་“མིག་ཁཱལ་ཇེག་སོན་” (Michael Jackson) ཟེར་འབྲི་དགོས་པ་ལས་རྒྱ་སྐད་ལྟར་“རྨེ་ཁི་་ཇེ་ཁི་ཤི་”ལྟ་བུར་བྲིས་ན་དོན་དངོས་ལས་རྒྱང་རིང་དུ་སོང་ཡོད། དེ་བཞིན་ཐ་སྙད་དེའི་ཁུངས་རྒྱ་ནག་ཡིན་ན་རྒྱ་སྐད་ལྟར་འབྲི་དགོས་པ་སྨོས་མེད་རེད། མདོ་དོན་བརྡ་ཆད་དེ་འབྱུང་སའི་སྐད་ཡིག་ཁུངས་མའི་ཡིག་གཟུགས་དེ་མཆན་དུ་འདེབས་རྒྱུ་བརྗེད་མི་རུང་། གལ་ཏེ་འབྲི་བར་དཀའ་ངལ་ཡོད་ན་ཨིན་ཇིའི་ (English) ཚིག་མཛོད་ཚད་ལྡན་དུ་ཐ་སྙད་དེ་གཏན་ལ་ཕབ་ཡོད་ན་དེས་ཆོག་པར་སེམས་ཏེ། གོ་ལ་ཟླུམ་པོ་འདིའི་སྒང་དུ་སྐད་ཡིག་གཞི་རྐང་བརླིང་ཞིང་འཚོལ་རྙེད་སླ་ཤོས་དེ་ཨིན་ཇི་ཡིན་པས་ཕན་ཐོག་ཆེན་པོ་ཡོང་བར་ངེས།


དེ་མིན་གོང་ཞུས་ལྟར་བོད་ཡིག་ཁོ་ནས་བྲིས་ན་འབྲི་བ་པོ་ཕལ་མོ་ཆེས་རང་ཉིད་ཀྱི་ཀློག་གདངས་ལྟར་འབྲི་ཞིང་བོད་མདོ་དབུས་ཁམས་གསུམ་གྱི་ཀློག་གདངས་ནི་མི་འདྲ་བའི་དབང་གིས་གཅིག་གྱུར་འོང་ཐབས་མེད། གལ་ཏེ་གཅིག་གྱུར་བྱུང་བའི་དབང་དུ་བཏང་རུང་གོ་དེ་ཙམ་མི་འཕེར་ཏེ་ཐ་སྙད་དེའི་ཁུངས་སྐད་ཡིག་གཞན་ལ་ཡོད་པས་སྒྲ་སྒྱུར་ཙམ་པོ་བ་དེས་མ་ངོ་བུ་ངོ་འཕྲོད་པར་དཀའ་ལ། གལ་ཏེ་དུས་རབས་ཁ་ཤས་སོང་ན་ནི་དེ་ལས་ཀྱང་ཁག་ཏུ་འགྲོ་བར་གདོན་མི་ཟ་བ་ཉིད་དོ། །
མ་གཞི་སྐད་ཆ་འདི་དེང་སང་གསར་པ་ཞིག་གཏན་ནས་མིན་ཏེ་སྔར་གྱི་ཡིག་རྙིང་«སྒྲ་སྦྱོར་བམ་གཉིས་»  ལས། “ཡུལ་དང་སེམས་ཅན་དང་། མེ་ཏོག་དང་། རྩི་ཤིང་ལ་སོགས་པའི་མིང་བསྒྱུར་ན་ཡིད་གོལ་ཞིང་ཚིག་མི་བདེ་བ་དང་། འོལ་སྤྱིར་བསྒྱུར་དུ་རུང་ཡང་དོན་དུ་དེ་ལྟར་ཡིན་ནམ་མ་ཡིན་གཏོལ་མེད་པ་རྣམས་ལ། མགོ་ལ་ཡུལ་ཞེའམ། མེ་ཏོག་ཅེས་པ་ལ་སོགས་པ་གང་ལ་བྱ་བའི་མིང་གཅིག་བླ་ཐབས་སུ་སྣོལ་ལ་རྒྱ་གར་སྐད་སོ་ན་ཞོག་ཅིག” ཅེས་ཐ་སྙད་དེའི་རིགས་སྐད་སོ་ན་འཇོག་དགོས་པ་དང་། མ་བཞག་པར་དོན་སྒྱུར་བྱས་ན་དོན་གོལ་ཞིང་ངོས་མི་ཟིན་པར་འགྱུར་བའི་སྐྱོན་ཡོད་ཚུལ་གསུངས་ཡོད། མང་པོ་བཤད་མི་དགོས་ཏེ་རྒྱུ་མཚན་དེའི་དབང་གིས་བོད་པའི་བཀའ་བསྟན་གྱི་མཚན་ཕལ་མོ་ཆེ་སྐད་གཉིས་ཤན་སྦྱར་བྱས་ཏེ་ཡོད་པ་མ་ཡིན་ནམ།
འོན་ཀྱང་སྔར་དུས་སུའང་ལག་ལེན་ཚུལ་བཞིན་མ་འཁྱོལ་པ་གང་འཚམ་བྱུང་ཡོད་པ་སྟེ་གསུང་རབ་ཁྲོད་དུ་ཝཻ་ཤཱ་ལཱི་(वैशाली/vaiśālī) དང་། ཀུ་ཤཱི་ན་གཱར་ (कुशीनगर/kushinaga) རཱ་ཇ་གཱིར་ (राजगीर/rājgīr) སོགས་རང་སོར་མ་བཞག་པར་ཡངས་པ་ཅན་དང་། རྩ་མཆོག་གྲོང་། རྒྱལ་པོའི་ཁབ་སོགས་སུ་བསྒྱུར་ཡོད། དེ་དག་སྟགས་ལེགས་ཏེ་ད་ལྟ་ངོས་བཟུང་ཐུབ་ཙམ་བྱུང་འདུག་པ་ནི་མིང་དེ་ཚོའི་ཁྱད་ཆོས་མང་པོ་བཤད་པའི་ཆོས་གཞུང་དུ་མ་ཡོད་པ་དང་། དགེ་བསྙེན་དྷར་མ་པ་ལཱས་ (dharma palā) ནང་པའི་གནས་ཆེན་ཁག་ངོས་འཛིན་གསལ་པོར་གནང་ཟིན་པ་སོགས་ལ་བརྟེན་ཏེ་བྱུང་བ་ཀུན་ལ་གསལ། དེ་མིན་འགའ་ཞིག་ནི་དེང་སྐབས་གཏན་ནས་ངོས་མི་ཟིན་པར་གྱུར་ཡོད།
དེང་སྐབས་དྲྭ་བ་ག་གེ་མོ་ཞིག་ཏུ་«བོད་ཀྱི་ལོང་ཡིག་གསར་གཏོད་མཁན་བུ་མོ་ས་པུ་རུས་ཡ»ཞེས་འགོ་བརྗོད་བཀོད་དེ་རྩོམ་གཞུང་དུ་“སཱ་པུ་རུས་ཡ”ཞེས་བྲིས་འདུག གལ་ཏེ་རྩོམ་ཐུང་འདི་ལྟ་བུ་ཞིག་གི་ནང་འབྲི་བ་པོ་གཅིག་གིས་བརྡ་དག་མི་འདྲ་བ་གཉིས་བྲིས་འདུག་པས་གང་ཟག་ཐ་དད་པས་བྲིས་ན་ཇི་ལྟར་འགྱུར་བཤད་ཅི་དགོས། གལ་ཏེ་བུ་མོ་དེའི་ལོ་རྒྱུས་དྲྭ་ལམ་ནས་འཚོལ་ཞིབ་དགོས་ན་མིང་འདིས་གོ་ཧ་ལམ་མི་ཆོད། གལ་ཏེ་ཡིད་མི་ཆེས་ན་ལྟ་ཚོད་གྱིས་དང་ཤེས།
ཡང་བདེན་མིན་ཇི་ལྟར་དྲྭ་རྩོམ་གཞན་ཞིག་ཏུ་སུ་པན་ (Spain) ཡུལ་དུ་རྐང་འཁོར་རྒྱུག་འགྲན་སྐབས་“ཨེ་སི་ཐུ་ཝན་”ཐ་མའི་རྒྱལ་ཐིག་མཚམས་སུ་སླེབས་ལ་ཉེ་སྐབས་སྟབས་མ་ལེགས་པར་རྐང་འཁོར་གྱི་འཁོར་ལོ་བརྡོལ། ཁོས་རྐང་འཁོར་ཕྲག་ཏུ་ཁུར་ནས་མུ་མཐུད་དེ་རྒྱུག་བཞིན་པར་འགྲན་ཡ་“ན་ཝ་ལོ་”ཁོའི་རྗེས་ཟིན་ཡང་སྔོན་དུ་མ་རྒྱུག་པར་ཁོའི་རྗེས་ནས་དལ་མོར་འོངས་བས། ཨང་དང་པོའི་གཟེངས་རྟགས་“ཨེ་སི་ཐུ་ཝན་”ལ་ཐོབ་དུས་ཁོང་གིས་“ན་ཝ་ལོ་”ཕུལ། “ན་ཝ་ལོ་”ཡིས་གཟེངས་རྟགས་དེ་མ་བླངས་པར་“ཨེ་སི་ཐུ་ཝན་”ལ་ཕྱིར་ཕུལ་ཏེ་“འཁོར་ལོ་ཐེད་པའི་རྒྱུག་ཡ་ལས་རྒྱལ་ཁ་བླངས་ན་འོས་འཚམས་མ་རེད་ཅེས་བཤད་པར་གྲགས།” རྩོམ་འདིའི་ནང་གི་མི་སྣ་གཉིས་པོའི་མིང་བོད་ཡིག་རྐྱང་པའི་ཐོག་བྲིས་ཙང་གནས་ཚུལ་འདི་བདེན་མིན་བརྟག་ཕྱིར་དྲྭ་ཐོག་ནས་ཇི་ལྟར་བཙལ་ཀྱང་རག་མ་སོང་།
གལ་ཏེ་གནས་ཚུལ་འདི་བདེན་པའི་དབང་དུ་བཏང་ན་ཁོང་གཉིས་པོས་རྩེ་འགྲན་བྱེད་སྟངས་དང་། ང་ཚོའི་“ཇོ་རུ་”དང་། “གདོང་བཙན་སྣང་ངུ་ཨ་དཔལ་”གཉིས་ཀྱིས་རྩེ་འགྲན་བྱེད་ཚུལ་ལས་དཔགས་ཏེ། བོད་པ་དང་མི་རིགས་གཞན་དག་བར་གྱི་འགྲན་རྩོད་བྱེད་ཕྱོགས་དང་དེའི་སྐོར་ལ་འདུ་ཤེས་འཛིན་སྟངས་ཇི་ལྟར་ཡིན་མིན་དཔོག་ཐུབ་པར་བསམ། རྐང་འཁོར་རྩེ་འགྲན་པ་འདི་གཉིས་ལས་དང་པོའི་སེམས་སུ་“ངའི་རྐང་འཁོར་གྱིས་མ་འཕེར་བས་རྟགས་མ་ནི་རྒྱབ་ནས་ཡོང་མཁན་ཁོང་ལ་འབུལ་བར་འོས་”བསམ་ཏེ་སྤྲད་པ་དང་། གཞན་པ་དེས་“གལ་ཏེ་ཁོའི་འཁོར་ལོ་བརྡོལ་མེད་ན་ངས་ཁོའི་རྗེས་མི་ཟིན་པས་རྟགས་མ་ཁོ་རང་རང་ལ་དབང་”བར་སེམས་ཏེ་ཕྱིར་ཕུལ་བ་རེད།
ཇོ་རུ་དང་གདོང་བཙན་གཉིས་ལས། ཇོ་རུས་རྩེ་འགྲན་ལ་དོ་སྣང་མེད་པར་རྒུ་རུ་དང་ཁྲོ་ཐུང་སོགས་དང་ལབ་རྡོལ་སྨྲ་བཞིན་དུས་ཚོད་ཤོར། ཐ་མའི་རྒྱལ་ཁ་གདོང་བཙན་ལ་ཐོབ་ངེས་དུས་ཇོ་རུས་གཡོ་སྒྱུ་ཁྲམ་གསུམ་བྱས་ཏེ་གདོང་བཙན་གྱི་རྟ་བསྒྱེལ་ནས་རང་ཉིད་ཁྲི་ཐོག་ཏུ་བུད། ད་རུང་ངོ་ཚ་མེད་པར་མི་མང་ལ་“འགག་མེད་ཁྲོམ་ཆེན་ཟིལ་གནོན་”ཡིན་ན་གཅིག་ཟེར་བའི་གླུ་ཞིག་བླངས་རབས་འདུག ཇོ་རུས་རྟ་རྒྱུག་རྒྱལ་ཁ་བླངས་ཚུལ་དེ་ཁྲིམས་མཐུན་མིན་པ་གྲོགས་པོ་ཞིག་གིས་ཀྱང་གླེང་མྱོང་།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
 མཆན་བུ་གཞུང་དུ་གུག་རྟགས་( )ནང་བཀོད་ཆོག་ལ། གཤམ་དུ་རྐང་མཆན་(footnote)དང་མཇུག་མཆན་(endnote)དུ་བཀོད་ཀྱང་འཐུས།
❷ ཕྲན་རྒྱ་སྐད་ལ་རྒྱུས་མངའ་མེད་པས་དྲྭ་བའི་སྐད་སྒྱུར་ལ་ཉན་ནས་བསྒྱུར།
❸ A = པེ་ཀིན་(Peking)བསྟན་འགྱུར། ཨང-5833 ངོ་མཚར་བསྟན་བཅོས་པོད་ [ངོ] ཤོག་ལྷེ་ 1-38a3; སྡེ་དགེ་བསྟན་འགྱུར་[ཅོ]ཨང་4347 སྣ་ཚོགས་པོད་[ཅོ] ཤོག་ལྷེ-131b1-160a7.

2016/06/22

བག་ཆགས།


----------------------རིག་འཛིན་ཁྱུངཿ
རི་ལམ་རབ་རིབ་འཐེན་པའི་སྤང་ལྗོངས་ཤིག་ནས།།
རྒོད་མ་སྨུ་གུ་མ་དེར་ཐུར་སྐྱ་ཕབ་ཏེ།།
དུད་ཚང་ཆུང་ཆུང་ཞིག་ལ་གནས་ཚང་གཡར་དུས།།
ང་ཡི་གཏམ་རྒྱུད་ཐོག་མ་འདི་ནས་བརྩམས་ཡིན།།

འཛུམ་ཆུང་ངོ་ཚར་སྨིན་པའི་བུ་མོ་ཞིག་གིས།།
ཕར་ཁའི་ཐབ་ཀྱི་རྒྱབ་ན་གབ་ཀྱིན་མངོན་བཞིན།།
སྐྲ་ལོ་སིལ་མ་ཤམ་པའི་གསང་དང་གསེང་ནས།།
མིག་ཟུང་འཁྱུག་གིན་འབྲོས་ཀྱིན་རྩེ་བ་མཐོང་སོང་།།

མདུན་གྱི་ཤ་མར་རྩམ་པའི་རོ་དང་བྲོ་བ།།
མེ་ཐབ་དྲོད་མོའི་རྒྱབ་ལ་ཐིམ་ནས་ཞུ་སོང་།།
ཟུར་གྱི་ཨ་མ་རྒན་མོ་གཏམ་དང་འདྲི་བ།།
རྣ་བའི་གྱང་ལ་བརྡབས་ཏེ་ཐང་དུ་འཐོར་སོང་།།

དགོང་ཟས་ཕལ་ཆེར་ཆོ་ལེའི་བཏུང་བ་ཡིན་བསམ།།
དགོང་འདོན་སྒྲོལ་མ་འུར་གྱིས་བཞེངས་པའི་རྗེས་སུ།།
དགོང་མོའི་མཚན་ལྗོངས་ཡག་ཅེས་སྒོ་རུ་འོངས་དུས།།
དགོང་ཁའི་ཟླ་བཀྲག་དཀར་པོ་ས་ལ་འཁྱིལ་འདུག།

ཟླ་འོད་དྭངས་མའི་ངོགས་སུ་སྒེག་པས་འཇོ་ཞིང་།།
སྐྲ་ལོ་རླུང་གིས་བསྐྱོད་པའི་ཁོང་མོའི་རྒྱབ་གཟུགས།།
སེམས་ཀྱི་གཏིང་ན་བཞེངས་པའི་ལྷ་སྐུ་ཞིག་སྟེ།།
སྲིད་པའི་མུན་ནག་འཁྲིགས་ཀྱང་གསལ་འགྲིབ་མི་འདུག།

བཛྲ་དབྱངས་ལ་བསྐྱོན་པའི་ངག་རྟ་ཞིག་གིས།།
ཡར་གའི་བྲག་ཆའི་ལྷ་མོའི་ཏིང་འཛིན་དཀྲོགས་ཏེ།།
ལྷ་དང་མི་མོའི་དབྱངས་རྟ་རོ་གཅིག་བསྲེས་པས།།
འཇིག་རྟེན་དབྱངས་ཀྱི་རྒྱ་མཚོའི་ཀློང་དུ་བསྐྱོམས་སོང་།།

བལ་རྩག་ཐུ་བ་བསྣོལ་བའི་དྲོད་ཁོལ་འོག་ཏུ།།
རྨི་ལམ་དཀར་པོའི་ཞལ་ཁ་ངང་གིས་བརྡོལ་དུས།།
བཛྲ་དབྱངས་རྟ་སྙན་མོ་རྒྱང་ནས་གྲགས་ཅིང་།།
ཁོང་མོའི་འཛུམ་ཞལ་དྭངས་མོ་འཁྲིས་ནས་བཞད་སོང་།།

ཕྱི་ཉིན་ཡོབ་ལ་རྡོག་པ་འཇོག་ཁ་མ་དེར།།
ཕྱི་མིག་ལན་ཅིག་ཤོར་བའི་བྱས་ཉེས་ཤིག་གིས།།
ཁོང་མོའི་འཁྲེང་བའི་མིག་མདངས་ས་ལ་ལྷུང་བས།།
ངོ་གནོང་ཚབ་ཚུབ་ངང་དེར་ཁྱིམ་དུ་བྲོས་སོང་།།

ངག་སྒོའི་མདུད་པ་བཀྲོལ་བའི་མན་ངག་མེད་ཀྱང་།།
མིག་གིས་མིག་ལ་བྲིས་པའི་གསང་སྔགས་ཟབ་མོ།།
སེམས་ཀྱིས་སེམས་ལ་བཅིངས་པའི་གླེགས་བམ་འདི་ཀོ།
བླ་སྲོག་བར་དུ་སྦས་པའི་ཟབ་གཏེར་ཡིན་སོང་།།

2016/04/19

སོག་པོའི་འབྲོག་པ།

འབྲོག་པ་ཡོད་ཚད་འབྲི་གཡག་གི །
འབྲོག་པར་མ་བསམས་བོད་རྒན་ལགས། །
ཤ་བས་ཕྱུག་པའི་སོག་འབྲོག་འདི། །
འབྲོག་པ་མིན་ན་ཅིག་ཞིག་རེད། །

རྟ་མཆོག་གྱེན་དུ་འཕུར་བའི་སྟེང། །
གླག་རྒོད་སྦར་གྱིས་འཛིན་ཐུབ་པའི། །
སོག་པོའི་ཕོ་རྒོད་འདི་འདྲ་བ། །
ས་ཕྱོགས་གཞན་དུ་ཨེ་ཡོད་ན། །

དེང་གི་ལས་རྙོག་གཞར་མེད་ཅིང། །
སློབ་གྲྭའི་དཀའ་ཁག་ཡེ་མེད་པ། །
ཤ་བའི་སྦོ་ལ་བསྔས་འདུག་པའི། །
སོག་ཕྲུག་ཆུང་ཆུང་ཨེ་སྐྱིད་ན། །

ཆར་སྤྲིན་སྨུག་ནག་ཁྲོས་པའི་འོག །
གཙང་ཆུ་ཆལ་ཆིལ་འཁྱིལ་ས་ན། །
ཤེའུ་ཕྲུག་པང་བའི་སོག་ཕྲུག་མ། །
ཀླུ་མོ་ཞིག་དང་ཨེ་འདྲ་ན། །

ཁ་བ་དགུན་གྱི་ནམ་དུས་སུ། །
ཤ་བ་སླས་རར་སྐོར་ནུས་ཞིང་། །
རི་སྤྱང་སྒོ་ཁྱིར་གསོས་འདུག་པའི། །
སོག་པོའི་འབྲོག་པ་ཨེ་མཚར་ན། །

རྟ་ཞོ་འཐུང་ཞིང་རྟ་ཤ་ཟ། །
རྟ་མཆོག་ཞོན་ཞིང་རྟ་རྩལ་བདེ། །
རྐྱང་རྒོད་འདྲ་བའི་སོག་མོ་ཚོ། །
ཕོ་རྒོད་པོ་མེད་ན་ཆུན་ཐབས་མེད། །

ཡུར་ཊི་(སོག་གུར)དུ་བ་འཚུབ་སེ་འཚུབ་སེ། །
མ་མོའི་འབའ་སྐད་འུར་རུ་རུ། །
ལུག་ཤའི་རླངས་པ་ཐུ་ལུ་ལུ། །
སོག་འབྲོག་འཚོ་བ་ཨེ་སྐྱིད་ན། །

རྩྭ་ཐང་གནམ་དང་འདྲེས་མཚམས་ན། །
སོག་པོའི་རྒྱང་གླུ་ཇེ་ཉེར་སོང་། །
སྤྱང་ཐུལ་དཀྲིས་པའི་ཕོ་རྒོད་ཅིག །
རྟ་མཆོག་སྟེང་ནས་བབ་བཞིན་མཆིས། །

འཛུམས་དཀར་མེད་པའི་སོག་མོ་དེས། །
རྟ་སྒ་བླངས་ནས་ཁྱིམ་དུ་སོང་། །
ཟུར་ཕུད་གཅིག་པའི་བྱིས་པ་དེས། །
ཨ་ཕ་ཟེར་ནས་འགྲམ་དུ་བཅར། །

ཨ་ལན་མེད་པའི་ཨ་ཕ་དེས། །
ལག་པས་མགོ་བོར་བྱིལ་ཙམ་བྱས། །
ཕོ་རྒོད་ཁྱིམ་དུ་ག་ལེར་ཐལ་སོང་། །
ངག་སྒོ་ད་རུང་འབྱེད་རྒྱུ་འདྲ། །

དུ་བ་འཁྲིགས་པའི་ཡུར་ཊི་ནང་། །
སྒྲོན་མེའི་འོད་ནི་མག་ཅིང་མོག །
ལུག་ཤ་ཟ་བའི་ཆོབ་སྒྲ་ལས། །
བཟའ་མིའི་ངག་སྒོ་སིམ་ཞིང་འཇག །

སྒྲོན་མེ་གཟིམས་རྗེས་སྔུར་པ་འཐབས། །
སྔུར་པའི་གསེང་དུ་འཁུན་སྒྲ་འབྱིན། །
པགས་ཙག་ནང་གི་གསང་བ་དག །
ཁྱིམ་མི་ཡོངས་ཀྱིས་གོ་ཞིང་ཐོས། །

རྩྭ་ཐང་སྣེ་ནས་ཉི་འོད་འཕགས། །
ཨ་མྱེས་སྤྱང་ཀིར་གསོལ་བ་འདེབས། །
རྨོ་མོས་མ་ཎིའམ་ཅི་ཞིག་འདོན། །
ཨ་ཕས་རྟ་ལ་ཞགས་པ་འཕེན། །

དབྱར་གྱི་རླུང་བུའང་ཧ་ཅང་རྣོ། །
བྱིས་པའི་ངོ་ལ་དམར་ཚག་འབྱིན། །
ཁྲ་རྭ་རྒྱས་པའི་ཤ་ཕོ་དག །
སླས་རའི་ནང་དུ་ལྡད་ལ་རོལ། །

གྲོང་པའི་ཨ་ཕྱིས་ལུང་བསྟན་དུ། །
ཡུལ་ལྷ་དམར་གྱིས་མཆོད་པར་བབས། །
མ་ཤི་གསོན་སྙིང་དགོས་པས་ན། །
“ར་ཐོང་བཤའ་བདེ་”འདི་ལ་བབས། །

དེ་རྗེས་རིང་པོ་མ་ལོན་པར། །
ཞྭ་སེར་མནབས་པའི་བླ་མ་ཞིག །
ཐག་རིང་ཞིག་ཕེབས་པས་ཟེར། །
ཆོས་ཀྱི་བྱེད་སྒོ་ཡོད་པ་འདྲ། །

དཔའ་བོའི་རྨུ་ཐག་གཅོད་པ་ལ། །
དམ་པའི་ཆོས་ལས་རྣོ་བ་མེད། །
སུམ་གཉིས་ས་ལ་དབང་བསྒྱུར་པའི། །
ལས་སྐལ་འདི་ནས་རྫོགས་པ་འདྲ། །

Baigalmaa Norjmaa


2016/04/17

དགོང་ཀའི་སྙན་ངག

ལྗོན་པའི་ཐོག་ནས་ཕྱི་མིག་བཅས།།
ཉི་མ་མལ་དུ་ཆས་པར་རྩོམ།།
མཚམས་སྤྲིན་གདོང་གི་འོད་དམར་སེར།།
སྣང་བའི་ངོགས་ལ་ལྷག་ཏུ་འཚེར།།

མིག་རྩ་ཤེལ་དཀར་ཕྲེང་བ་དེ།།
འོད་ཀྱི་ངོས་སུ་འབྲོས་ཤིང་སྒུག།
རྒྱང་རིང་དྲིན་ཅན་ཨ་མའི་ཞལ།།
སྣང་བའི་ཀློང་དུ་གསལ་ཞིང་འགྲིབ།།

མཛེས་བཟོ་སྤྲས་པའི་ལྗོན་ཤིང་དག།
བགྲོད་ལམ་ཟུར་ནས་རུ་ཆེན་བསྟར།།
མགྲིན་དབྱངས་སྙན་པའི་བྱེའུའི་ཚོགས།།
ཤིང་ལོའི་སྟེང་ན་ལྡིང་ཞིང་རྩེ།།

དྲྭ་བ་བཟུང་བའི་ཁྱེའུ་དག།
བྱ་སྒྲོ་པོ་ལོ་རྩེ་ཞིང་འདེད།།
ཟུར་ནས་གཟིགས་པའི་ཕ་མ་གཉིས།།
ངོ་མཚར་ལྟད་མོའི་ཆོ་ག་རྫོགས།།

ར་བའི་རྒྱབ་ཀྱི་མཆོད་རྟེན་ནས།།
ལེགས་སྦྱར་འདོན་དབྱངས་དལ་གྱིས་འཕུར།།
བསིལ་ལྷམ་ལྷས་མའི་གསང་གསེང་ནས།།
དུག་གི་སྦྲང་མས་མཆུ་གཙག་བྱེད།།

2016/02/03

རྡོར་གདན་གནས་སྐོར།

—ཁྱུང་རིག་འཛིན།

སྟོན་པ་མཆོག་དེས་བདུད་རྩི་བརྙེས་པའི་ཡུལ།།
རྡོ་ཡི་མཆོད་རྟེན་བརྗིད་ཀྱིས་འགྱིངས་བའི་ས།།
བྱང་ཆུབ་ལྗོན་པ་འཕྲེད་ལ་གྱེས་པའི་གནས།།
བྷོ་དྷི་གྷ་ཡའི་གནས་སུ་ད་ལོ་འབྱོར།།

གྲྭ་ཆུང་གི་ལས་དབང་།

——ཁྱུང་རིག་འཛིན།

རི་དྭཌ་གཟན་ལ་གཡེངས་བའི་རི་ཁུག་རེར།།
ཤ་ཁྱི་རོལ་དུ་ཁྲིད་པའི་རྔོན་པ་རེ།།
མིག་ཟུང་དད་པས་ཟུམ་པའི་སྤྱི་ཚོཌ་རེར།།
ཆོས་གཟུགས་སྣ་ཚོཌ་སྟོན་པའི་བླ་མ་རེ།།

འདི་ཡང་འཇིག་རྟེན་འཁོར་བའི་ཆོས་ཉིད་དེ།།
བླ་མ་མེད་ན་སྦྱིན་བདག་འོངས་དོན་མེད།།
སྦྱིན་བདག་མེད་ན་དགོན་པ་བཞེངས་དོན་མེད།།
དགོན་པ་མེད་ན་གྲྭ་ཆུང་བསྡུ་དོན་དོན་མེད།།